སྤྱིའི་འགན་འཛིན་ཤིང་བཟའ་རིན་པོ་ཆེ།

སྨྱུག་མིང་འོད་དཀར་འམ་རྗེ་རིན་པོ་ཆེའི་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་༡༩༨༠ལོའི་ཕྱི་ཟླ་དང་པོའི་ཚེས་༡༥ཉིན་བོད་མདོ་སྨད་མཚོ་སྔོན་པོའི་མཚོ་སྐོར་སྡེ་བརྒྱད་ཀྱི་ཡ་གྱལ་བོང་སྟག་ཅེས་པའི་འབྲོག་སྡེ་ཆེན་པོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་བལྟམས་པ་དང༌། དགུང་ལོ་དྲུག་གི་སྟེང་ཐེམ་ཆེན་རྫོང་སེང་གེ་ཞང་སློབ་ཆུང་དུ་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་སོགས་ཡི་གེ་འབྲི་ཀློག་ལ་སྦྱངས་བརྩོན་གནང་ཞིང་། སློབ་ཆུང་མཐར་ཕྱིན་ཏེ་དགུང་ལོ་བཅུ་བར་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དུ་རྨང་གཞིའི་རིག་གནས་ལ་སྦྱངས་བརྩོན་གནང་། དེ་ནས་དགུང་ལོ་བཅུ་གསུམ་གྱི་སྟེང་ཡུམ་ཤིང་བཟའ་ཨ་ཆོས་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་ངོས་འཛིན་གནང་ཤིང་། མགོ་ལོག་རྭ་རྒྱ་དགོན་པའི་འབྲེལ་ཡོད་མི་སྣ་སྔ་གཞུག་ཐེངས་གསུམ་ལ་གསང་བའི་ངང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་ནས་ཡུམ་ཤིང་བཟའ་ཨ་ཆོས་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་། ཕྱི་ལོ་༡༩༩༣ ལོར་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་དུ་ཁྲི་སར་བཀོད་པ་དང་། ཁྲི་སྟོན་དུ་ཨ་ཀྱཱ་རིན་པོ་ཆེ་དང་གཙང་པཎྟི་སོགས་མདོ་སྨད་གྱི་བླ་ཆེན་ཁག་ཅིག་དང༌། གཞན་མཚོ་སྔོན་ཞིང་ཆེན་དང་ཁུལ་རྫོང་སོགས་ཀྱི་འབྲེལ་ཡོད་དཔོན་རིགས། དེ་མིན་དད་ལྡན་བོད་མི་སྟོང་ཕྲག་མོད་པོ་ལྷན་འཛོམས་བྱས་སར། རྒྱ་ནག་དབུས་གཞུང་དང་ཞིང་ཆེན་ཀྱི་ཆོག་མཆན་ཡིག་ཆའང་གནང་ཡོད་པ་རེད། དེ་ནས་རྭ་རྒྱ་དགོན་པར་དགུང་ལོ་བཅུ་བདུན་བར་ཆོས་ཕྱོགས་ཀྱི་སློབ་གཉེར་དང་འདོན་དབྱངས་རྟ་སོགས་ལ་སྦྱངས། མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་ནང་བསྟན་སློབ་གླིང་གི་མཐར་ཕྱིན་ལག་འཁྱེར་ཐོབ་ཡོད། སྐབས་དེ་དུས་གཙང་པཎྟི་དང་རྒན་ཟླ་གྲགས་ལགས་དང་མཉམ་དུ་མདོ་སྨད་རྭ་རྒྱ་དགོན་པར་འཇང་དགུན་ཆོས་ཆེན་མོ་གསར་དུ་བཙུགས་ཤིང་དེ་ནི་མདོ་སྨན་དུ་འཇང་དགུན་ཆོས་ཆེན་མོ་འཚོགས་པ་ཐོག་མ་དེ་ཡིན།
དེ་ལྟར་བོད་ཀྱི་ཆོས་དང་རིག་གཞུང༌།ལྷག་པར་དུ་བོད་རང་གི་ལོ་རྒྱུས་ལ་རྒྱུས་མངའ་རིམ་གྱིས་ལོན་རྗེས།    ཤིང་བཟའ་ཚང་གི་སྐུ་ཕྲེང་འདི་འཕྲོ་བརླག་ཏུ་མི་གཏོང་རྒྱུ་དང་།བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་གང་ཐུབ་ཅིག་བསྒྲུབ་རྒྱུའི་ཆོད་སེམས་ཐུགས་སུ་ཡུན་རིང་འཇགས་སླད་༧གོང་ས་མཆོག་གི་ཞབས་རྗེས་དེད་ནས་རང་དབང་རྒྱལ་ཁབ་རྒྱ་གར་དུ་ཕྱི་ལོ་༡༩༩༧ལོར་བཙན་བྱོལ་དུ་ཕེབས། བཞུགས་སྒར་དུ་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་བཅར་སྐབས་༧གོང་ས་མཆོག་གིས་ཨ་མདོའི་དཔའ་བོ་ཞེས་བསྟོད་བསྔགས་གནང་།དེ་ནས་༧གོང་ས་མཆོག་གི་བཀའ་དགོང་ལྟར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་ཕེབས་ནས་མུ་མཐུད་སློབ་གཉེར་བྱས་ཏེ་བཞུགས།
ཕྱི་ལོ་༡༩༩༧ལོར་ལྷོ་ཕྱོགས་སྦེལ་ཀོབ་ཕྱོགས་ཀྱི་དུས་དེབ་དང་པོ་ʼʼཅང་ཤེས་རྨིག་སྒྲ་ʼʼ གསར་ཏུ་བཙུགས་པ་དང་དེའི་སློབ་སྟོན་པའི་འགན་བཞེས།
ཕྱི་ལོ་༢༠༠༤ ʼʼལྷོ་ཕྱོགས་ཕོ་ཉ་ʼʼ ཚགས་ཤོག་རྒྱ་བསྐྱེད་ཀྱིས་ ʼʼལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ʼʼ གསར་འཛུགས་བྱས་ཤིང་དེ་རུ་ལོ་གསུམ་རིང་སློབ་སྟོན་པའི་འགན་བཞེས།
ཕྱི་ལོ་༢༠༠༦ ལོར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཤེས་ཡོན་བགྲོ་གླེང་ཚོགས་ཆེན་ཐོག་མ་ལྷོ་ཕྱོགས་སྦེལ་ཀོབ་སུ་བསྐོངས། སྐབས་དེར་ཆོས་རིག་བཀའ་བློན་དང་བོད་མི་མང་སྤྱི་འཐུས་བཞི་ཆེད་དུ་ཕེབས།  ལོ་དེར་ཁོང་གི་ཕྱག་རྩོམ་ཕྱོགས་བསྡུས་དཔེ་དེབ་དང་པོ་ ʼʼལས་དབང་དམར་པོ་ʼʼ འགྲེམས་སྤེལ་གནང་།
ཕྱི་ལོ་༢༠༠༨ལོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་བཀོད་སྒྲིག་ལྟར་ ”བོད་བསྐྱོད་ཞི་བའི་གོམ་བགྲོད་” ཀྱི་སྣེ་ཁྲིད་མཛད། ལོ་དེའི་ཕྱི་ཟླ་བརྒྱད་པའི་ནང་བོད་མི་སྐྱ་སེར་༦༠ཙམ་བོད་བསྐྱོད་ཀྱི་གསང་བའི་ལས་འགུལ་ “ཕྱིར་རང་ཡུལ་དུ་ལོག་པ་” ཞེས་པ་སྣེ་ཁྲིད་མཛད། ལོ་འཇུག་སུ་༼འོད་དཀར་དྲ་བ་༽གསར་དུ་སྒོ་འབྱེད་དང་རྩོམ་སྒྲིག་པའི་འགན་བཞེས།
ཕྱི་ལོ་༢༠༠༩ལོའི་ཟླ་༤ པའི་ནང་ “ཕྱིར་རང་ཡུལ་ལོག་པ་” ཞེས་པའི་ལས་འགུལ་ཐེངས་གཉིས་པ་སྤེལ་ནས་བོད་དང་རྒྱ་གར་གྱི་ས་མཚམས་བར་དུ་བསླེབས། ལོ་དེར་ཁོང་གི་ཕྱག་རྩོམ་ཕྱོགས་བསྡུས་དཔེ་དེབ་གཉིས་པ་ ʼʼསྒེར་གཅོད་ʼʼ འགྲེམས་སྤེལ་བྱས།
ཕྱི་ལོ་༢༠༡༠ལོར་ཨེ་ཊ་ལེ་སོགས་རྒྱལ་ཁབ་ཏུ་མར་ཕེབས་ནས་བོད་དོན་དྲིལ་བསྒྲགས་བྱས།  ལོ་དེར་༧གོང་ས་མཆོག་གི་དམིགས་བསལ་དགེ་བཤེས་ཚོགས་རིམ་པའི་མཚན་རྟགས་བསྩལ་བ་ཇི་བཞིན་ཕྱི་ལོ་༢༠༡༡ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་གྲྭ་ཚོགས་སྟོང་ཕྲག་དུ་མིའི་ནང་དངོས་སུ་དགེ་བཤེས་ཚོགས་རམ་པའི་དམ་འཇོག་དང་མཚན་རྟགས་བཞེས།
ཕྱི་ལོ་༢༠༡༡ལོའི་ཟླ་༦པ་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆེས་ཐོག་མའི་ “བོད་ཀྱི་སྙན་ངག་སྒྲོག་སྦྱང་འགྲན་ཚོགས་” གོ་སྒྲིག་གནང༌།
ཕྱི་ལོ་༢༠༡༢ ལོར་ཨ་རིའི་གྲོང་ཆེར་ནེའུ་ཡོཀ་ཏུ་ཟླ་གཅིག་ལ་ཟས་བཅད་ངོ་རྒོལ་དུ་བཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་སྐུ་ཚབ་དང་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གྱི་སྐུ་ཚབ་དངོས་སུ་ཕེབས་ནས་ཟས་བཅད་འཚམས་འཇོག་གནང་སྟེ་འབྲས་བུ་མི་དམན་པ་ཐོབ་ཡོད།
ཁོང་གི་རྩོམ་སྒྲིག་གནང་པའི་དཔེ་དེབ་ནི། ༡༽ལས་དབང་དམར་པོ། ༢༽སྒེར་གཅོད། ༣༽རང་དབང་གསར་འགྱུར་འཇུག་སྒོ།  ༤༽བདག་མོ།  ༥༽འབོལ་རྩོམ་ཕྱོགས་སྒྲིག  ༦༽བོད་རང་ལུགས་སོགས་ཡོད།

ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་འགན་འཛིན་དང་དྲ་ཚིགས་བཟོ་བཀོད་པ་གནང་བཞིན་པ་ཡིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s