འཇིགས་སྣང་ནི་ལྷན་སྐྱེས་ཀྱི་བསམ་བློ་འགོག་པའི་བཀག་རྡོ་ཡིན།
ཆོས་སྒྲོན་གྱིས་བསྒྱུར།
རྩོམ་པ་པོ། ཁི་རི་ཤི་ན་མུར་ཏི། (རྒྱ་གར)
དང་པོ་རྩོམ་པ་པོའི་མི་ཚེའི་ལོ་རྒྱུས་མདོར་བསྡུས།
ཁི་ རི་ཤེ་ན་མུར་ཏིའི (J Krishnamurti 1895-1986) ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་གསེབ་ཆུང་ངུ་ཞིག་ཏུ་སྐྱེས་ཤིང་། དུས་རབས་ཉི་ཤུ་པའི་ནང་གི་སེམས་གཙོ་སྨྲ་བའི་དབུ་ཁྲིད་ལྟ་བུར་གྱུར། གཞན་ཡང་ཁོང་ནི་བསམ་བློ་སྨྲ་བའི་མཁས་པ་དང་། མཚན་ཉིད་རིག་པ་བ་ཞིག་ཀྱང་ཡིན། ད་དུང་ཁོང་གིས་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། སེམས་གཙོ་སྨྲ་བ་སོགས་ཀྱི་སྐོར་ལ་གྲགས་ཅན་རྩོམ་ཡིག་མང་པོ་སྤེལ་མྱོང་། ཁོང་གི་མི་ཚེས་བརྒྱུད་རིམ་ནང་ཆོས་ལུགས་བྱེ་བྲག་པ་དང་། སློབ་གྲྭ་བྱེ་བྲག་པ། ཡང་ན་ཆབ་སྲིད་བྱེ་བྲག་པ་དང་། ཚོགས་པ་བྱེ་བྲག་པ་གང་གི་ཁུངས་སུ་ཡང་འཛུལ་ཞུགས་བྱས་མྱོང་མེད་ལ། དེ་ནི་ཁོང་གིས་མི་དང་མིའི་བར་ལ་འགལ་ཟླ་བཟོ་བའི་གཏེ་བོ་ཞིག་ཏུ་ངོས་འཛིན་པས་ རེད། ཁོང་གིས་དུས་རྒྱུན་འགྲོ་བ་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་འཕྲད་བཞིན་ པའི་དཀའ་ངལ་དག་སེལ་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ལ། ཁོང་གི་མི་ཚེ་ཡོངས་རྫོགས་དེའི་ཕྱོགས་ལ་བཏང་ཡོད། དེ་ཡང་ཁོང་གིས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ལྐོག་ཟ་རུལ་སུངས་དང་དྲག་རྩུབ་བྱ་ སྤྱོད་ཀྱི་དཀའ་ངལ་སྐོར་དང་། དེ་བཞིན་གང་ཟག་བྱེ་བྲག་པ་སོ་སོའི་སྤྲོ་སྣང་དང་བདེ་འཇགས་འཚོལ་སྒྲུབ་ཀྱི་ཐབས་ ལམ། འགྲོ་བ་མི་རྣམས་ཁོང་ཁྲོ་དང་འཇིགས་སྣང་། སྡུག་བསྔལ་དང་འཁོན་འཛིན་སོགས་ཀྱི་ཁུར་བོའི་འོག་ནས་ཇི་ལྟར་རྣམ་པར་རྒྱལ་དགོས་ ཚུལ་སོགས་ཀྱི་སྐོར་འཛམ་གླིང་གི་ས་ཕྱོགས་གང་སར་ཆེད་ཕེབས་ཀྱིས་བཀའ་སློབ་སྟོང་ ཕྲག་མང་པོ་གནང་མྱོང་བ་མ་ཟད། <<རྟོགས་དོན་ལས་བྱུང་བའི་རང་དབང་།>> དང་ <<བྱ་ངོས་དེ་དག་གི་ཐོག་ལ་བསམ་གཞིགས་བྱོས།>> <<ཆེས་ཐོག་མ་དང་ཆེས་མཐའ་མའི་རང་དབང་།>>སོགས་འཛམ་གླིང་ན་གྲགས་ ཆེ་བའི་དཔེ་དེབ་ཡང་མང་པོ་ཞིག་པར་དུ་བསྐྲུན་ཡོད།
༼ ༡ ༽
འཇིགས་སྣང་ནི་ ང་ཚོས་དཀའ་ངལ་ཞིག་ལ་བརྩི་བཞིན་ཡོད། དེ་ཡང་། ང་ཚོ་སྐྲག་སྣང་སྐྱེ་སྐབས་རང་འགུལ་གྱི་བསམ་བློ་ཉམས་འགྲོ་བ་ཡིན་ཏེ། དེས་ཐག་འཁྱུད་མེ་ཏོག་ལྗོན་ཤིང་ལ་འཁྲི་བ་ཇི་བཞིན་ང་ཚོ་མི་གཞན་ལ་བརྟེན་དུ་ འཇུག་གིན་ཡོད་པ་མ་ཟད། ཕ་མ་དང་བུ་ཕྲུག་གཟའ་ཚང་སོགས་མཐའ་ན་རང་ཉིད་དང་འབྲེལ་ཡོད་ཚང་མར་འབྲལ་མི་ཐུབ་ པའི་བསམ་བློ་སྐྲུན་གྱིན་ཡོད་པ་རེད། འདི་ནི་ཕྱི་ཡི་འཇིགས་སྣང་ཡིན་ཞིང་། ནང་གི་འཇིགས་སྣང་ལ་མཚོན་ན། ང་ཚོར་རིན་ཐང་ལྡན་པའི་རྒྱན་གོས་ལ་སོགས་ཅི་འདྲའི་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ རུང་། རང་ཉིད་ཁེར་རྐྱང་དུ་འཚོ་རྒྱུར་ཞེད་སྣང་སྐྱེ་བཞིན་ཡོད་ལ། དེས་ནང་སེམས་ཀྱི་སྟོབས་ཤུགས་ཤིན་ཏུ་ཞན་པོ་ཡོད་པའི་གསལ་བཤད་བྱེད་ཀྱིན་ཡོད། ང་ཚོས་ཕྱིའི་རྒྱུ་ནོར་དང་གོ་ས་ཐོབ་པར་བརྩོན་པའམ། ཡང་ན་གཞན་བརྟེན་གྱི་བསམ་པ་ཇི་ཙམ་ཆེ་བ་དེ་སྲིད་ཀྱིས་རང་འགུལ་གྱི་བསམ་བློ་ཡང་ ཉམས་རྒུད་དུ་འགྲོ་བ་ཡིན།
༼ ༢ ༽
ང་ཚོའི་སེམས་སུ་འཇིགས་སྣང་སྐྱེ་སྐབས་ ཕྱིའི་དངོས་པོ་ཙམ་དུ་མ་ཟད། ནང་སེམས་ཀྱི་ཐོག་ནས་ཀྱང་རིག་གཞུང་སོགས་ལ་སྐྱབས་བཅོལ་བཞིན་ཡོད། དཔེར་ན་ལོ་ན་བགྲེས་པ་རྣམས་དང་། བསམ་བློ་སྨིན་མེད་པའི་མི་དེ་དག་གིས་རིག་པའི་གཞུང་ལུགས་དང་འབྲེལ་བ་དམ་པོར་ འཛིན་གྱིན་ཡོད། ཁྱོད་རང་དང་ཁྱོད་ཀྱི་ཕ་མ། ད་དུང་ཁྱོད་ཀྱི་གྲོགས་པོ་བཅས་ཀྱི་རྒྱུན་ལྡན་གྱི་བྱ་སྤྱོད་ལ་ཁྱོད་རང་དོ་སྣང་ བྱུང་སོང་ངམ། ཁྱོད་རང་གི་སེམས་སུ་འཇིགས་སྣང་བསླེབས་པའི་སྐབས་སུ་ཁྱོད་རང་གིས་གུས་བཀུར་ བྱེད་པའི་རིག་གཞུང་ཞིག་ལ་སྐྱབས་བཅོལ་ཏེ་འཇིགས་སྣང་ཞི་ཐབས་བྱེད་བཞིན་ཡོད་ མོད། འོན་ཀྱང་། དེས་ཁྱོད་ཀྱི་ལྷན་སྐྱེས་ཀྱི་བསམ་བློ་ཉམས་ཆག་ཏུ་གཏོང་གི་ཡོད། རྒྱུ་མཚན་ནི། ཁྱོད་ཀྱིས་རང་ངོས་ནས་ནུས་ཤུགས་གང་ཡང་མ་བཏོན་པར་གཞན་གྱི་རྗེས་སུ་འབྲངས་བས་ ཡིན། མི་དེའི་རིགས་ལ་མཚོན་ན་རིག་གཞུང་ནི་ཤིན་ཏུ་དགོས་མཁོ་ཅན་ཞིག་ཡིན། མི་ཚེ་ལ་སྤྲོ་སྣང་སྦྱིན་མི་ནུས་པའི་རིག་གཞུང་ནི་མི་རབས་ནས་མི་རབས་ལ་བརྒྱུད་ སྤྲོད་བྱེད་བཞིན་པ་ལས་དོན་གྱི་གསར་གཏོད་ཀྱིས་སྟོང་བའི་བསྐྱར་ཟློས་ཙམ་ཡིན།
༼ ༣ ༽
སུ་ ཞིག་འཇིགས་སྣང་གི་ཁྲོད་དུ་ལྷུང་བའི་ཚེ་ན། ཁོ་ལ་རྒྱུན་དུ་གཞན་གྱི་བྱ་བར་ལད་ཟློས་དང་དཔེ་བཤུ་བྱ་བའི་འདོད་སེམས་ཤིག་ སླེབ་བཞིན་ཡོད་པ་ཁྱོད་ཀྱིས་ཤེས་རྟོག་བྱུང་སོང་ངམ། གལ་ཏེ་མི་གཞན་གྱི་བྱ་སྤྱོད་དཔེ་བཤུ་དང་ལད་ཟློས་བྱ་རྒྱུར་འཇིགས་སྣང་སྐྱེས་ ཚེ་ཁོ་ཚོས་རིག་གཞུང་དང་རང་ཉིད་ཀྱི་ཕ་མ། གཟའ་ཟླ་དང་བུ་ཕྲུག་སོགས་ལ་བརྟེན་གྱིན་ཡོད། དཔེ་བཤུ་དང་ལད་ཟློས་ཀྱི་བྱ་བར་སྤྱོད་པ་ནི་རང་ཉིད་ཕུང་ལ་སྦྱོར་བའི་གཞི་ཡིན་ པ་དེ་ཡང་། ཁྱོད་ཀྱིས་ཤེས་གསལ་ལྟར་གལ་ཏེ་ཁྱོད་ཀྱིས་ཤིང་སྡོང་ཞིག་འབྲི་དགོས་ན། ཤིང་སྡོང་ཇི་མ་ཇི་བཞིན་དུ་དཔེ་བཤུ་བརྒྱབ་ཚེ་དེ་ནི་འདྲ་པར་བླངས་པ་དང་གཅིག་ མཚུངས་ཡིན་པའི་དོན་སྙིང་གང་ཡང་མི་ལྡན། རང་དབང་གི་ཐོག་ནས་ཤིང་སྡོང་ངམ་མེ་ཏོག་ཡང་ན་ཉི་འོད་སོགས་གང་ཞིག་འབྲི་བ་ལ་ ངེས་པར་དུ་དཔེ་བཤུས་པ་ཙམ་མ་ཡིན་པར་རང་ངོས་ནས་དེའི་སྣང་ཚུལ་དང་མཚོན་སྟོབས་ གང་ཚོར་བ་དེ་རི་མོའི་ཐོག་ཕབ་ཐུབ་པ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པས། ཁྱོད་ཀྱིས་དེ་ལྟར་སྒྲུབ་ཐུབ་ཚེ་ད་གཟོད་གསར་སྐྲུན་གྱི་ནུས་པ་འགོ་འཛུགས་ཐུབ་ ངེས་ཤིང་དེའི་ཕྱིར་ཁྱོད་ལ་རིག་གཞུང་དང་ལད་ཟློས་ཀྱི་སྤྱོད་པས་མ་སྦག་པའི་རང་ དབང་གི་བསམ་པ་ཞིག་ངེས་པར་ལྡན་དགོས་པ་ཡིན། འོན་ཀྱང། ཁྱོད་ཀྱིས་རང་དང་རང་ཉིད་ཀྱི་གཡས་གཡོན་དུ་ཡོད་པའི་འཚོ་བའི་གནས་རིམ་དག་ལ་ བལྟས་ནས་རིག་གཞུང་གིས་འཆིང་རྒྱ་དམ་ཞིང་རྗེས་ཟློས་རང་བཞིན་གྱི་དྲི་མས་མ་དག་ པའི་འཚོ་གནས་དག་ལ་རྒྱུས་མངའ་ལོན་རྒྱུ་ཡང་གལ་ཆེ་བ་ཡིན།
༼ ༤ ༽
གནད་དོན་ ཁ་ཤས་གཞན་ནས་དཔེ་ལེན་འོས་པའང་ཡོད། དཔེར་ན་ཁྱོད་རང་གིས་གྱོན་པའི་ཆས་གོས་དང་བལྟ་ཀློག་བྱ་རྒྱུའི་དཔེ་དེབ། ཁྱོད་ཀྱིས་སྤྱོད་བཞིན་པའི་སྐད་ཡིག་སོགས་ནི་དཔེ་ལེན་གྱི་རང་བཞིན་དུ་གྲུབ་ ཡོད་མོད། འོན་ཀྱང་། དེ་དག་ནི་སློབ་གྲྭའི་ནང་གི་དགེ་རྒན་ཡིན་རུང་། དམ་ཆོས་གསུངས་པའི་བླ་མ་འམ་བཀུར་བར་འོས་པའི་ཕ་མ་སོགས་སུ་ཞིག་གི་བཀའ་གསུངས་ ཡིན་ཀྱང་ཆོག ཁྱོད་ཀྱིས་དཔེ་བླངས་ཐུབ་པ་ཙམ་ཞིག་མ་ཡིན་པར་གནད་དོན་དེའི་རྒྱབ་ལྗོངས་ལ་རང་ དབང་གི་སྒོ་ནས་བསམ་གཞིགས་བྱ་དགོས། དེ་ལྟར་བྱས་ཚེ་རང་ཉིད་ཀྱི་བསམ་ཚུལ་ཅི་ཡང་མེད་པར་གཞན་གྱི་གང་བཤད་ཁས་ལེན་ བྱེད་པ་ཞིག་ཏུ་གྱུར་མི་སྲིད། རྗེས་ཟློས་ཙམ་མ་ཡིན་པར་གནད་དོན་གང་ལ་ཡང་རང་ངོས་ནས་བསམ་གཞིག་བྱ་རྒྱུ་ནི་ཤིན་ ཏུ་གལ་ཆེ་བ་ཡིན། རྒྱུ་མཚན་ནི་རྗེས་ཟློས་ཀྱིས་འཇིགས་སྣང་མཚོན་པར་བྱེད་ཀྱིན་ཡོད། དེ་འདྲ་ཞིག་མ་ཡིན་ནམ། གལ་ཏེ་ཁྱོད་རང་བསྐྱོད་འདོད་པའི་ལྷ་ཡུལ་འམ་བྱ་འདོད་པའི་ལས་རིགས་གང་རུང་ཞིག་ གཞན་ཞིག་གིས་ཁྱོད་ལ་སྤྲད་ཚེ། ཁྱོད་ལ་དེ་དག་མ་ཐོབ་པའི་འཇིགས་སྣང་ཡོད་པས་ངེས་པར་དང་ལེན་བྱེད་ངེས་ཞིང་། རྗེས་ཟློས་ཀྱང་བྱ་ངེས་ཡིན། དེར་བརྟེན་ཁྱོད་ཀྱིས་ཇི་ཙམ་བར་དུ་དངོས་པོ་གཞན་ཐོབ་འདོད་ཀྱི་འདུན་པ་ཆེ་བ་དེ་ སྲིད་དུ་འཇིགས་སྣང་མང་བ་ཡོད་ལ། སེམས་ཁམས་སུ་འཇིགས་སྣང་ཇི་ཙམ་ལྡན་པ་དེ་ཙམ་གྱིས་བསམ་བློར་རང་དབང་མེད།
༼ ༥ ༽
རང་ དབང་ལྡན་པའི་སེམས་པ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་མིན་ཁྱོད་ཀྱིས་ཤེས་སམ། ཁྱོད་ཀྱི་སེམས་པ་ནི་རྭ་བ་སྐོར་བའི་ཁང་པ་ཇི་བཞིན་རྟག་ཏུ་ཁྱོད་ཀྱི་གྲོགས་པོ་ ཚོས་གང་བཤད་ལ་བལྟས་ནས་ཡོད་པ་རེད། གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ནས་ཁྱོད་ཀྱིས་གསར་གཏོད་ཀྱི་ནུས་ཤུགས་ཅི་ཡང་ འདོན་མི་ཐུབ། གསར་གཏོད་ནི་འཇིགས་སྣང་བྲལ་ཞིང་རང་དབང་ལྡན་པའི་སེམས་ཁམས་ཤིག་གིས་ད་གཟོད་ རྙེད་ཐུབ་པ་ཞིག་ཡིན། འཇིགས་སྣང་གི་འོག་ནས་བསམ་བློའི་རང་དབང་ཐོབ་རྒྱུ་ནི་ཤིན་ཏུ་ནས་དཀའ་བ་ཞིག་ ཡིན། རྒྱུ་མཚན་ནི། དེ་ལྟ་བུའི་རང་དབང་ཞིག་ལྡན་པར་དཔེ་བཤུས་དང་རྗེས་ཟློས་ཀྱི་འདོད་སེམས་ལས་རང་ དབང་ཐོབ་དགོས་ལ་རིག་གཞུང་གི་འཆིང་རྒྱ་ལས་དགྲོལ་དགོས་ཤིང་རྒྱུ་ནོར་ལ་ཆགས་ པའི་སྲེད་པ་ལས་ཀྱང་རྒྱལ་དགོས་ངེས་ཡིན། དེ་དོན་ནི་ཁྱོད་ཀྱིས་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་བ་ཞིག་ག་ལ་ཡིན།
༼ ༦ ༽
བསམ་ བློའི་རང་དབང་ནི་འཇིགས་སྣང་དང་བྲལ་བའི་སེམས་ཁམས་ལས་བྱུང་བ་ཡིན་དུས། གཞན་ལ་ཡོད་ཚད་ངོམ་འདོད་ཀྱི་ཀུན་སློང་དང་། གཡོ་ཁྲམ་གྱི་སྒོ་ནས་དབང་ཆ་རྩོད་ལེན་གྱི་རེ་སེམས་དང་བྲལ་བའི་དྭངས་གཙང་སེམས་ ཁམས་ཀྱིས་ནམ་ཡང་གཞན་ལས་དཔེ་བཤུ་བྱ་འདོད་ཀྱི་ཚོར་སྣང་ཅི་ཡང་བསླེབ་མི་སྲིད། དེ་ལྟ་བུའི་རིག་གཞུང་གི་འཆིང་སྒྲོག་ལས་རང་དབང་ཐོབ་པའི་སེམས་ཁམས་ནི་ཧ་ཅང་གལ་ གནད་ཆེ་བ་ཞིག་ཡིན། དེ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་རེད་དམ། ངས་བསམ་ན་ཁྱོད་ཀྱིས་སྦྱངས་མྱོང་བའི་ས་ཁམས་རིག་པ་དང་། ཨང་རྩིས་རིག་པ་ཇི་བཞིན་ཁག་པོ་ཞིག་མ་རེད་སྙམ། ཁྱོད་ཀྱིས་ནམ་ཡང་གནད་དོན་འདིའི་ཐད་ལ་བསམ་གཞིག་མ་བྱས་པ་མ་གཏོགས་དེ་ནི་དེ་ འདྲའི་ལས་སླ་མོ་ཞིག་རེད། ཁྱོད་ཀྱི་མི་ཚེའི་ནང་གི་མི་ལོ་བཅུའམ་བཅོ་ལྔ་ཙམ་ཞིག་ཤེས་ཡོན་མཁོ་སྒྲུབ་ཀྱི་ ཆེད་དུ་སློབ་གྲྭའི་ནང་དུ་སྐྱེལ་ཡོད་སྲིད་ཀྱང་། དེའི་རིང་དུ་ཁྱོད་ཀྱིས་ནམ་ཡང་བདུན་ཕྲག་གཅིག་ཙམ་ཕར་ཞོག མཐའ་ན་ཉིན་གཅིག་གི་དུས་ཚོད་ཀྱང་རང་འགུལ་གྱི་བསམ་བློའི་ནུས་ཤུགས་ཡོད་ཚད་ བཏོན་རྒྱུའི་ཐོག་བཏང་ཡོད་རྒྱུ་མ་རེད། དེའི་རྐྱེན་པས། དེ་ནི་ཆེས་དཀའ་ཁག་ལྟ་བུ་ཞིག་ཏུ་མངོན་ཀྱང་། དོན་དངོས་ཁག་པོ་ཅི་ཡང་མིན། དེའི་ལྡོག་ཕྱོགས་སུ་གྱུར་པ་ནི། གལ་ཏེ་ཁྱོད་ཀྱིས་རང་འགུལ་གྱི་བསམ་པའི་སྒོ་ནས་བསམ་གཞིག་བྱ་རྒྱུའི་གོ་སྐབས་ སྦྱིན་ཡོད་ཚེ། སེམས་ཁམས་ཀྱིས་ཡ་ལེན་སྤྲོད་རྒྱུ་ཡིན་པ་ཁྱོད་ཀྱིས་མཐོང་ངེས་ཡིན། ན་སོ་གཞོན་དུས་སུ་རང་སེམས་རང་གིས་རྟོགས་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། དེ་མིན་ལོ་ན་མཐོ་རུ་འགྲོ་སྐབས་སུ་དོན་སྙིང་ཆུང་བའི་རིག་གཞུང་གི་རྗེས་སྙེག་ ལ་དགའ་ཞིང་གཞན་དོན་དཔེ་བཤུ་ལ་གདུང་བའི་ཚོར་སྣང་ཇེ་ཆེར་འགྲོ་རྒྱུ་ཡིན་ཞིང་། དེས་སེམས་ཁམས་སུ་འཇིགས་སྣང་སྐྲུན་བཞིན་ཡོད་དུས། ཁྱོད་ཀྱི་སེམས་སུ་ནམ་ཡང་ཞེད་སྣང་གིས་སྟོང་བའི་རང་དབང་ཞིག་ཐོབ་ཐབས་མེད།
༼ ༧ ༽
འདི་ ག་རྒྱ་གར་ནང་དུ་ཁྱོད་ཉིད་རིག་གཞུང་གི་དམ་བསྒྲགས་འོག་ཏུ་ཇི་ཙམ་འཆིང་བཞིན་ ཡོད་པ་རྟོགས་བྱུང་ངམ། ཁྱོད་ཀྱི་ཕ་མས་བདམས་པའི་མག་པའམ། མནའ་མ་དང་ལྷན་དུ་རྒྱུན་སྲོལ་གཞིར་བཞག་སྟེ་ཆང་ས་རྒྱག་དགོས་ངེས་ཤིང་། དོན་སྙིང་ཅི་ཡང་མི་ལྡན་པའི་ཆོ་ག་དུ་མ་ཞིག་ཀྱང་ཁྱོད་ཀྱིས་ངེས་པར་བསྒྲུབ་ དགོས་ཀྱིན་ཡོད། ཁྱོད་རང་ངེས་པར་དུ་རྗེས་སུ་སྙེག་དགོས་པའི་ཁྱོད་ཀྱི་དབང་འཛིན་པ་ཁྱོད་ཉིད་ ཀྱི་གཡས་གཡོན་ནས་འབྱུང་བཞིན་པའི་གནད་དོན་དེ་དག་ལ་ཁྱོད་ཀྱིས་དོ་སྣང་བྱས་ཡོད་ ན། ཀྱག་ཀྱོག་ཆེ་བའི་ཁྱོད་ཀྱི་མི་ཚེའི་བརྒྱུད་ལམ་ཡོད་ཚད་དབང་ཤུགས་ཀྱིས་འགྲུབ་ ཡོད་པ་གསལ་བོར་མངོན་ཐུབ་ངེས་ཡིན། དེ་ཡང་དགེ་རྒན་གྱི་དབང་ཤུགས་དང་། ཆབ་སྲིད་ཚོགས་པའི་དབང་ཤུགས། ད་དུང་ཕ་མའི་དབང་ཤུགས་དང་། མི་མང་གི་བསམ་ཚུལ་སོགས་ཀྱི་ཁེངས་བཞིན་ཡོད། སྤྱི་ཚོགས་ལ་རྙིང་ཞེན་ཇི་ཙམ་ཆེ་བ་དེ་སྲིད་ཀྱི་བསྐྱར་ཟློས་རང་བཞིན་གྱི་རིག་ གཞུང་གི་འཆིང་རྒྱ་དམ་པོ་ཡོད་ཅིང་། རིག་གཞུང་གི་ཁུར་བོ་ག་ཚོད་ལྕི་བ་དེ་ཙམ་ཀྱིས་སེམས་ཁམས་སུ་རང་དབང་ནམ་ཡང་ཐོབ་ མི་སྲིད།
༼ ༨ ༽
ཁྱོད་རང་གིས་ཆབ་སྲིད་དམ་ཡང་ན་རང་དབང་སྐོར་ཀྱི་གནད་ དོན་གང་རུང་གི་སྐོར་ལ་གླེང་སློང་བྱ་སྲིད་མོད། འོན་ཀྱང། བྱེ་བྲག་པ་རང་ཉིད་དུས་ནམ་ཡང་རང་ངོ་རང་ཆོད་ཀྱི་རང་དབང་ཐོབ་མི་སྲིད། ཁྱོད་ཉིད་ནི་དུས་ནམ་ཡིན་རུང་དགེ་རྒན་འམ་ཡང་ན་ཁུངས་མེད་ཀླད་རྙིང་པ་དག་གི་ རྗེས་སྙེག་རྒྱུ་ཙམ་ལས་མ་འདས། དེར་བརྟེན་ཁྱོད་ཀྱི་མི་ཚེ་ཧྲིལ་བོ་ནི་གཞན་གྱི་བསམ་འཆར་འབའ་ཞིག་ལ་བསྟུན་ དགོས་པའི་ཚད་བཀག་ཅན་གྱི་ར་སྐོར་ཞིག་གི་ནང་དུ་འཐིམ་ནས་ཡོད་པས། སེམས་ཁམས་ཀྱི་གཏིང་རུམ་ནས་འཇིགས་སྣང་གི་མེ་ལྕེ་འབར་བཞིན་ཡོད་པ་དེ་ཅི་ལྟར་ གསོད་ནུས། དེས་རྐྱེན་པས་གནས་ཚུལ་དེ་དག་ལ་རྒྱུས་མངའ་ལོན་དགོས་རྒྱུ་ནི་གལ་གནད་ཆེ་བ་ཞིག་ ཡིན། གལ་ཏེ་ཁྱོད་ཀྱིས་སྦྲུལ་ཞིག་མཐོང་དུས་དེ་དུག་ཅན་ཞིག་ཡིན་པ་རྟོགས་ཕྱིན་ཆད། ཁྱོད་ཀྱིས་དེ་ལས་གཡོལ་ཐབས་བྱེད་པ་ལས་ཉེ་འཁྲིས་སུ་བཅར་མི་སྲིད། འོན་ཀྱང་། རང་འགུལ་གྱི་བསམ་བློ་བརླག་ཏུ་བཅུག་པའི་གཞན་གྱི་ལད་ཟློས་ལ་གོམས་པའི་གཤིས་ སྤྱོད་དེའི་ནང་ཁྱོད་རང་ལྷུང་ཡོད་པ་ནམ་ཡང་ཁྱོད་ཀྱིས་རྟོགས་རྒྱུ་མ་རེད། དེ་ནི་ཁྱོད་ཀྱིས་མ་ཤེས་པའི་དབང་གི་ཡིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་གནས་སྟངས་འདི་ལྟ་བུའི་འོག་ཇི་ལྟར་ལྷུང་མིན་ཐོག་ རྒྱུས་མངའ་ལོན་ཐབས་ལ་བརྩོན་པར་འདོད་ན། ཁྱོད་ཀྱིས་རང་ཉིད་ཕ་མའི་དབང་ཤུགས་དང་མི་མང་གི་ཁ་རྡུང་སོགས་ལ་འཇིགས་ཤིང་ སྐྲག་ནས་གཞན་གྱི་རྗེས་སུ་འབྲང་བའི་དངོས་ཡོད་གཤིས་སྤྱོད་དེའི་ཐོག་ལ་རྒྱུས་ མངའ་ལོན་པ་བྱ་དགོས།
༼ ༩ ༽
རང་ཉིད་ཀྱིས་རྒྱུན་ལྡན་དུ་དཔེ་བཤུ་རང་ བཞིན་གྱི་བྱ་སྤྱོད་དེ་དག་ལ་ལེགས་པར་བལྟས་ཏེ། བརྟག་ཅིང་དཔྱད་པའི་སྒོ་ནས་ཨང་རྩིས་སྦྱོང་བ་བཞིན་དུ་སློབ་སྦྱོང་བྱས་ན་ཁྱོད་ ཀྱིས་ཡོད་ཚད་རྟོགས་ངེས་ཡིན། དཔེར་ན། ཅིའི་ཕྱིར་ཁྱོད་ཀྱིས་བུད་མེད་རྣམས་སྐྱེས་པ་དང་མི་འདྲ་བའི་ལྟ་ཚུལ་འཛིན་པ་ དང་། ཅིའི་ཕྱིར་བུད་མེད་རྣམས་མཐོང་ཆུང་བྱ་ཡུལ་དུ་བརྩི་བ་ཡིན་ནམ། ཁྱོད་རང་ལྷ་ཁང་ནང་དུ་འགྲོ་བ་དང་ཆོ་ག་འདོན་དགོས་དོན་གང་ཡིན་ནམ། ཅིའི་ཕྱིར་ཁྱོད་ཀྱིས་བླ་མའི་རྗེས་སུ་འབྲང་བ་ལ་སོགས་པའི་ཐོག་ལ་བསམ་བློ་གཏང་ དགོས་ཤིང་། འབྲེལ་འདྲིས་ཐུབ་པའི་ངང་ནས་རང་ཉིད་ཀྱིས་རང་ལ་དྲི་བ་གཏོང་རྒྱུ་སོགས་ལ་སློབ་ སྦྱོང་བྱ་དགོས་པ་ལས། འདས་ཟིན་པའི་དུས་རབས་བཅུ་གསུམ་གྱི་བརྒྱུད་རིམ་ཇི་བཞིན་ང་ཚོས་ཡོད་ཚད་ལོང་བ་ ལྟར་ཁས་ལེན་རྐྱང་བྱས་པ་ནི་དོན་སྙིང་ཅི་ཡང་མེད། ང་ཚོའི་འཛམ་གླིང་ཐོག་མཁོ་བ་ནི། དཔེ་ལེན་རང་བཞིན་གྱི་བྱ་སྤྱོད་དང་། དབང་ཤུགས་ཆེ་བའི་དཔོན་པོ། ད་དུང་གཞན་གྱིས་གང་བཤད་ཀྱི་རྗེས་འབྲངས་དག་གཏན་ནས་མིན། ང་ཚོར་མཁོ་བ་ནི་བྱེ་བྲག་པ་ང་དང་ཁྱོད་ལྟ་བུས་ཁ་ཙམ་མ་ཡིན་པར་དཀའ་ངལ་དེ་དག་གི་ དོན་དངོས་ཐོག་ལ་བརྟག་ཅིང་དཔྱད་པའི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་མཁན་ཞིག་ དགོས་པ་ཡིན། དེ་ལྟར་ཐུབ་ན་ད་གཟོད་གསར་གཏོད་ཀྱི་དོན་སྙིང་ལྡན་པའི་བསམ་བློའི་རང་དབང་ཐོབ་ པ་མ་ཟད། རང་དབང་གི་བརྩེ་དུང་ཡང་ལོངས་སུ་སྤྱོད་ཐུབ་པ་ཡིན།
༼ ༡༠ ༽
ཤེས་ ཡོན་ཞེས་པ་ནི་མི་དང་དངོས་པོའི་བར་གྱི་འབྲེལ་ལམ་དང་། མི་དང་མིའི་དབར་གྱི་འབྲེལ་བ་དེ་བཞིན་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ སོགས་མངོན་གྱུར་ཐུབ་བྱེད་ཀྱི་བརྒྱུད་ལམ་ལྟ་བུ་ཞིག་ཡིན། འོན་ཀྱང་མིས་ཡིད་ཀྱི་འཆར་སྣང་སྣ་ཚོགས་བསྐྲུན་གྱིན་ཡོད་པ་དང་། འཆར་སྣང་དང་བསམ་ཚུལ་དེ་དག་ནི་ཤིན་ཏུ་སྟོབས་ཤུགས་ཆེ་ལ་དབང་སྒྱུར་གྱི་རང་ བཞིན་ལྡན་པ་ཞིག་ཡིན་པས་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ལ་བསམ་གཞིག་བྱེད་དུ་འཇུག་ གིན་མེད། སེམས་ཁམས་སུ་འཇིགས་སྣང་ཇི་ཙམ་ཆེ་བ་དེ་སྲིད་ཀྱིས་རིག་གཞུང་གི་རྗེས་སུ་འབྲངས་ བ་དང་། སེམས་ཁམས་སུ་འཇིགས་སྣང་ཇི་ཙམ་ཆེ་བ་དེ་སྲིད་ཀྱིས་གཞན་ལས་དཔེ་བཤུ་བྱ་རྒྱུར་ མོས་པ་ཡིན། གཞན་ལས་དཔེ་བཤུ་རང་བཞིན་ཁོ་ན་ལ་དུང་བའི་བསམ་བློ་ནི་འཕྲུལ་འཁོར་ཞིག་སྟེ། གསར་གཏོད་ཀྱི་རང་བཞིན་མི་ལྡན་པའི་འཕྲུལ་འཁོར་གྱི་ནང་དུ་ལས་ཀ་བྱེད་པ་དང་ གཅིག་མཚུངས་ཡིན། དེས་ལས་དོན་ཅུང་ཟད་གཉེར་སྲིད་ལ་གྲུབ་འབྲས་ཀྱང་གང་མཚམས་འབྱུང་ངེས་མོད། འོན་ཀྱང་དེས་གསར་གཏོད་རང་བཞིན་གྱི་བསམ་བློ་གཏན་ནས་སྐྱེ་མི་སྲིད་དོ།།
༼ ༡༡ ༽
ད་ ལྟ་ང་ཚོས་ངེས་པར་བསྒྲུབ་དགོས་པ་ནི་ང་དང་ཁྱོད། དེ་བཞིན་སློབ་སྟོན་པ་དང་གཙོ་འཛིན་པ། དབང་འཛིན་པ་སོགས་ཡོད་ཚད་དཀའ་ངལ་དེ་དག་གི་ནང་དུ་ལྷན་དུ་འཛུལ་ནས་གདོང་ལེན་བྱ་ དགོས། དེ་ལྟར་བྱས་ན་ད་གཟོད་གཞི་ནས་རྙིང་ཞེན་ཆེ་བའི་རིག་གཞུང་དག་ལ་རྒྱབ་བརྟེན་ བཅོལ་མི་དགོས་པར་རང་ཉིད་རང་གིས་ཚོད་འཛིན་ཐུབ་པའི་རྣམ་དཔྱོད་ལྡན་པའི་སྐྱེ་ བོ་བྱེ་བྲག་པ་ཞིག་ཏུ་འགྱུར་རྒྱུ་མ་ཟད། ཁྱོད་ལ་རང་དབང་ལྡན་པའི་འགྲོ་བ་མི་ཡི་རིན་ཐང་ཐོབ་ངེས་ཡིན། འདི་ནི་ཤེས་ཡོན་གྱི་དམིགས་ཡུལ་དངོས་ཡིན་པ་ལས་ཡིག་རྒྱུག་འཕྲོད་ཐུབ་པ་ཙམ་དང་། རང་ཉིད་ལ་དགའ་མོས་མེད་བཞིན་དུ་དྲུང་ཡིག་དང་། ཁྲིམས་རྩོད་པ། དེ་བཞིན་ཁྱིམ་འཛིན་ཨ་མའི་འགན་འཁྲི་འཁྱེར་རྒྱུ་ཙམ་ཞིག་ནི་ག་ལ་ཡིན། དེར་བརྟེན་ཁྱོད་ཀྱིས་དེ་ལྟའི་ཤེས་རིག་ཐོབ་པར་བརྟུན་པ་བསྐྱེད་དགོས་ཏེ། དེས་ཁྱོད་ལ་འཇིགས་སྣང་བྲལ་བའི་བསམ་བློའི་རང་དབང་གི་བློ་སྟོབས་རྩོལ་ངེས་ཡིན་ ལ། རང་གིས་རང་ལ་དྲི་བ་གཏོང་རྒྱུ་དང་། བསམ་གཞིག་བྱ་རྒྱུར་སྐུལ་ལྕག་བྱ་ངེས་ཡིན་པས། ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་དགེ་རྒན་ལ་ཡང་དེ་ལྟ་བུའི་ཤེས་ཡོན་བསྐྲུན་ རྒྱུར་རེ་བ་བཏོན་དགོས། དེ་མིན་ཁྱོད་ཀྱི་དོན་སྙིང་ལྡན་པའི་མི་ཚེ་འདི་ཆུད་ཟོས་སུ་འགྲོ་ངེས་རེད། དེ་འདྲ་ཞིག་མ་རེད་དམ།
༼ ༡༢ ༽
རིག་གནས་རས་འབྱམས་པ་དང་། ཞིབ་འཇུག་སྡེ་ཚན་གྱི་ཡིག་རྒྱུག་དག་ལས་མཐར་ཕྱིན་པས། ད་སྐབས་ཁྱོད་རང་ཤེས་ཡོན་ཅན་ཞིག་ཡིན་མོད། འོན་ཀྱང་། ཁྱོད་ཀྱིས་རང་ཉིད་ཀྱི་འདོད་བློ་དང་མི་འཚམས་པའི་ལས་དོན་ཞིག་ལ་གཉེར་བཞིན་ཡོད་ པ་རེད། རྒྱུ་མཚན་ནི་ཁྱོད་ཀྱིས་དངུལ་གསོག་སྒྲུབ་བྱ་དགོས་ཤིང་། ཁྱོད་ཀྱིས་ཆང་ས་རྒྱག་དགོས་ངེས། ད་དུང་བུ་ཕྲུག་ཀྱང་བཙའ་དགོས་པ་སོགས་ཀྱི་དོན་དུ་ཁྱོད་ཀྱི་མི་ཚེ་ལྷག་མ་རྣམས་ ཟད་འགྲོ་རྒྱུ་ཡིན། དེ་ལྟ་བུའི་མི་ཚེའི་ཁྲོད་དུ་ཁྱོད་ལ་ཐོབ་པ་ནི་ནམ་ཡང་རྩོད་རྙོག་དང་། སྡུག་བསྔལ། བུ་ཕྲུག བཀྲེས་ལྟོགས་སོགས་ལས་འབྱུང་འགྱུར་ལ་རེ་བ་ཅི་ཡང་ལྷག་མེད། ཁྱོད་ཀྱིས་བལྟས་ན་དེ་ནི་ཤེས་ཡོན་ཀྱི་དགོས་པ་ཞིག་རེད་དམ། ཤེས་ཡོན་གྱིས་ཁྱོད་རང་རྣམ་དཔྱོད་ལྡན་པའི་སྒོ་ནས་རང་ཉིད་གང་ལ་མོས་པ་ལྡན་པའི་ ལས་དེ་ལ་འཇུག་ཐུབ་པར་བྱེད་ཅིང་། མི་ཚེ་གཡང་ལ་གཡུག་པའི་གླེན་རྟགས་ཅན་གྱི་བྱ་སྤྱོད་དག་གི་ནང་དུ་འཁྲིད་མི་ སྲིད།
༼ ༡༣ ༽
དེར་བརྟེན་ལོ་ན་གཞོན་དུས་ནས་ཡིད་སེམས་གཏིང་ནས་འདོད་ བློ་མ་ཚིམས་པའི་མེ་ལྕེ་དེ་ལས། ཁྱོད་རང་གཉིད་ལས་སད་པར་བྱ་དགོས་ཤིང་། གསར་གཏོད་ཀྱི་བློ་རིག་ཅིག་གི་ནང་དུ་ངེས་པར་དུ་གནས་དགོས་ངེས། དེ་ནི་རང་ཉིད་ཀྱིས་རང་ལ་འདྲི་རྟགས་བཀོད་ཅིང་། རང་ཉིད་འཚོལ་སྒྲུབ་དང་འཚར་ལོངས་བྱེད་པའི་དུས་ཚོད་ཅིག་ཀྱང་ཡིན། རྒྱུ་མཚན་དེའི་ཕྱིར་ན་ཕ་མ་དང་དགེ་རྒན་དག་གིས་ཁྱོད་ལ་དོན་ལྡན་གྱི་སློབ་ སྦྱོང་ཞིག་སྤྲོད་དགོས་པའི་ནན་སྐུལ་བྱ་དགོས། ཁྱོད་རང་འཛིན་ཁང་དུ་བསྡད་པ་ཙམ་དང་། ལོ་རྒྱུས་ནང་གི་རྒྱལ་པོའམ་དམག་དོན་སྐོར་གྱི་གནས་ཚུལ་ལ་རྒྱུས་མངའ་ཅུང་ཟད་ ལོན་པ་ཙམ་གྱིས་འདོད་བློ་ཚིམས་མི་རུང། སློབ་སྦྱོང་བྱེད་སྐབས་འདོད་པ་ཁེངས་རྒྱུ་མེད་པ་ཞིག་བྱ་དགོས། དགེ་རྒན་གྱི་སར་ཕྱིན་ཏེ་དྲི་བ་བཏོན་དགོས་ཞིང་འཚོལ་རྟོག་བྱ་དགོས། གལ་ཏེ་དགེ་རྒན་དེ་དག་ཀྱང་རྣམ་དཔྱོད་ལྡན་པ་ཞིག་མ་ཡིན་ཚེ་ཁྱོད་ཀྱི་དྲི་བས་ ཁོང་ཚོ་ཡང་རྣམ་དཔྱོད་ཅན་དུ་འགྱུར་རྒྱུར་ཁེ་ཕན་ལྡན་ངེས་ལ། འབྱུང་འགྱུར་ཁྱོད་རང་ཡང་སློབ་མཐར་སོན་སྐབས་བསམ་བློ་སྨིན་ཞིང་རང་དབང་ཡོངས་ སུ་ལྡན་པའི་སྒོ་ནས་འཚར་ལོངས་བྱ་ཐུབ་པ་དང། ཁྱོད་རང་མ་ཤི་བར་དུ་ཁྱོད་ཀྱིས་མི་ཚེའི་ནང་གི་དོན་སྙིང་ལྡན་པའི་གནས་ཚུལ་དག་ ལ་མུ་མཐུད་ནས་སློབ་སྦྱོང་བྱས་ཏེ་ཁྱོད་ཉིད་སྤྲོ་སྣང་ཆེ་ཞིང་རྣམ་དཔྱོད་ལྡན་ པའི་འགྲོ་བ་མི་ཞིག་བྱ་ཐུབ་པར་ངེས་སོ།།
དྲ་ཚིགས་གཞན་ནས་འདིར་བཀོད།