སྦྲ་རིག་ཐོགས་མེད།

ཉེ་ཆར་བསྐྱར་དུ་“རྡ་རམ་ས་ལའི་ཉིན་མོ་དག་དང་རྡ་རམ་ས་ལའི་མཚན་མོ་དག”ཅེས་པའི་དཔྱད་ཞིབ་རང་བཞིན་ལྡན་པའི་དཔེ་དེབ་འདི་གཟབ་ནན་ངང་ཐེངས་ཤིག་བཀླགས་པ་ཡིན། དཔེ་ཆ་འདི་བཀླགས་ཟིན་རྗེས་བོད་ཕྱི་ནང་གི་སྤྱི་ཚོགས་དང་ལོ་རྒྱུས་རིག་པར་ཞིབ་འཇུག་བྱེད་མཁན་དག་གཙོ་བོར་བྱས་པའི་བོད་རིགས་ཤེས་ཡོན་པ་དཔེ་དེབ་གསར་བ་འདི་མིག་ལ་མ་ཐོགས་མཁན་དག་ལ། དཔྱད་ཞིབ་ཀྱི་རྣོ་ངར་ལྡན་པའི་དཔེ་དེབ་འདིས་ཕན་ཅུང་ཟད་རེ་ཐོགས་ན་སྙམ་པའི་ཀུན་སློང་དང་བཅས་མཚམས་སྦྱོར་ཐུང་ངུ་འདི་འབྲི་བའི་ལས་ལ་ཞུགས་པ་ཡིན།

ཕྱི་ལོ་ ༢༠༡༣ ལོའི་ཟླ ༡༡ བར་དཔེ་དེབ་འདི་དངོས་སུ་སྤྱི་ཚོགས་ཁྲོད་དུ་འགྲེམས་སྤེལ་བྱས་པ་ནས་བཟུང་ད་བར་དུ་རྒྱལ་སྤྱིའི་བོད་རིག་པ་བ་དང་བོད་ཀྱི་གནས་བབ་ལ་དོ་སྣང་ཅན་གྱི་ཤར་ནུབ་ཀྱི་ཉམས་ཞིབ་པའི་ཁྲོད་དུ་གྲགས་འགུལ་མི་དམན་པ་ཞིག་བྱུང་སོང་། དེར་བརྟེན། དྲང་ལྡོག་གཉིས་ཐད་ནས་དཔེ་དེབ་འདི་དང་འབྲེལ་བའི་དཔྱད་རྩོམ་ཡང་ཉི་ཤུ་ལྷག་ཅིག་ད་སྔར་དྲྭ་ཐོག་དང་ཚགས་པར་སོགས་སུ་སྤེལ་ཟིན་འདུག

རྩོམ་པ་བོ་རེས་བྷེས་ཁཱ་ལགས་ཀྱིས་ཧོ་སྤུན་དུས་དེབ་དུ་དཔེ་དེབ་འདིའི་སྐོར་བྲིས་དོན “རྡ་རམ་ས་ལའི་ཉིན་མོ་དག་དང་རྡ་རམ་ས་ལའི་མཚན་མོ་དག་ཅེས་པའི་ད1པེ་དེབ་འདིས་རྩོམ་པ་བོ་མང་བོ་ཞིག་གིས་གླེང་མ་ཐུབ་པ་དང་། གླེང་མ་འདོད་པ། ཡང་ན་གླེང་མ་ཤེས་པའི་དངོས་ཡོད་ཀྱི་གནད་དོན་མང་བོ་ཞིག་འཚོ་བ་དངོས་ཀྱི་བརྒྱུད་རིམ་དང་འབྲེལ་ནས་གླེང་འདུག”ཅེས་གདེངས་འཇོག་བྱས་འདུག་ལ། བྱང་ཁ་ན་གྲའི་སྟོན་ཁ་ཚགས་པར་དུ “སྤྱི་ཚོགས་ཀྱི་རྒྱབ་ལོགས་མཐོང་བའི་མིག་ཤེལ”ཞེས་གླེང་བརྗོད་སྤེལ་འདུག འོན་ཀྱང་།

བོད་པ་རང་གི་སྤྱི་ཚོགས་ཁྲོད་དུ་ད་སྔ་ཕན་ཆད་དུ་དཔྱད་ཞིབ་རང་བཞིན་ལྡན་པའི་དཔེ་དེབ་འདི་སྐུ་ངོ་དག་གིས་མ་མཐོང་ཁུལ་དུ་བསྐྱུར་བ་ཡིན་ནམ། ཡང་ན་མི་སེར་དཀྱུས་མ་དག་གིས་རྒྱུ་དང་ནོམ་པས་མ་ཁུགས་པ་ཡིན་ནམ་གང་ལྟར་གྲགས་མེད་འགུལ་མེད་དུ་ལུས་འདུག་པས། ངས་དཔེ་ཀློག་གལ་ཆེན་ཡིན་པའི་གནད་དོན་དང་སྦྲེལ་ནས་དཔེ་དེབ་འདིའི་བྱུང་རིམ་སྐོར་སྟབས་བདེ་ཞིག་ངོ་སྤྲོད་བྱེད།

འདི་ནས་བརྩིས་པའི་ལོ་ངོ་བདུན་ལྷག་སྔོན་གྱི་དགུན་ཁའི་གནམ་གཤིས་ལེགས་པའི་ཉིན་མོ་ཞིག་ལ། ང་དང་གྲོགས་པོ་ཁ་ཤས་རྡ་རམ་ས་ལའི་མེག་ལོར་ཟ་ཁང་གི་ཡང་ཐོག་ཏུ་སྟེས་དབང་གིས་རྩོམ་པ་བོ་ག་གེ་མོ་ཡིན་ཟེར་མཁན་གྱི་ཕྱི་རྒྱལ་བ་ཁ་ཤས་དང་འཕྲད་བྱུང་། རྡ་སར་ལས་མེད་ལྟ་བུར་འཁྱམ་སྡོད་མཁན་གྱི་ཕྱི་རྒྱལ་བ་ཁག་དང་དེའི་ནང་ནས་ཀྱང་གཙོ་བོ་མགོ་སེར་ཚོ་ནམ་རྒྱུན་གནད་དོན་ཅིག་ཅིག་ལ་ཞིབ་འཇུག་བྱེད་བཞིན་ཡོད་དང་བརྩམས་ཆོས་ག་གེ་མོ་པར་བསྐྲུན་བྱེད་རྒྱུ་ཡིན་ཟེར་བའི་ཁ་ཕོ་སྟོང་བ་འཐེན་རྒྱུར་དགའ་བ་དེ་རྒྱུས་ཡོད་ཅིག་ཡིན་ན་རྒྱུན་ལྡན་ལྟ་བུར་གྱུར་ཡོད་མོད། ད་དུང་བོད་པ་མང་བོ་ཞིག་ཡིད་ཆེས་ཐག་ཆོད་ནས་ཁོ་ཚོར་རིན་མེད་དུ་ཞབས་ཞུ་བསྒྲུབ་རྒྱུ་དང་ཁོ་ཚོའི་རྗེས་སུ་རྒྱུགས་རྒྱུར་ཧ་ཅང་དགའ་བ་ནི་ཕྱོགས་གཅིག་ནས་ང་ཚོར་དེང་རབས་སྤྱི་ཚོགས་འབྲེལ་ལམ་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པའི་རྟགས་སུ་འཁུམས། སྐབས་དེར་ཁོ་ཚོ་ཁ་ཤས་ཀྱིས་བོད་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་ཏུ་ཞིབ་འཇུག་བྱེད་བཞིན་པ་དང་བྱེད་རྒྱུ་ཡིན་སྐོར་སོགས་སྐད་ཆ་ཆེན་པོ་མང་བོ་ཞིག་བཤད་སོང་མོད། ཁ་བརྡ་ཞིབ་ཏུ་བྱས་པ་བརྒྱུད་ཁོ་ཚོ་མང་བོ་ཞིག་གིས་དཔེ་ཀློག་ཙམ་དང་ཡང་ན་བཅར་འདྲི་ཐན་ཐུན་རེ་བརྒྱུད་ནས་བོད་ཀྱི་གནད་དོན་ག་གེ་མོའི་ཐོག་ཏུ་དཔྱད་ཞིབ་བྱེད་བཞིན་པ་ལས་རང་ཉིད་སོ་སོ་ཡུལ་དངོ2ས་ཀྱི་སྤྱི་ཚོགས་སུ་ཡུན་རིང་བོར་ཞུགས་ནས་གནད་དོན་དངོས་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་པ་མེད་པའི་ཚོར་སྣང་བྱུང་། སྐབས་དེར། ཁོ་ཚོའི་གྲལ་དུ་ཡོད་པའི་ཁེ་ན་གྲ་ནས་ཡིན་པའི་བུད་མེད་ཅིག་གིས་ཁ་གྲགས་བྱུང་།

“ང་ལ་ཤེས་ཡོན་དང་ཞིབ་འཇུག་སྐོར་གྱི་གནས་ཚད་མཐོན་པོ་དེ་འདྲ་གང་ཡང་མེད། འོན་ཀྱང་། ངས་རང་ཉིད་ཀྱི་ཉམས་མྱོང་དངོས་གཞིར་བཟུང་ནས་རྡ་རམ་ས་ལའི་གསལ་ལེ་རྒྱལ་ཚོའི་འཚོ་བ་དངོས་ཀྱི་སྐོར་ལ་ཅིག་འབྲི་བཞིན་ཡོད།” སྐད་ཆ་འདིས་ངའི་རྣམ་རིག་གྲུང་སེ་བཏང་སོང་།

གང་ཡིན་ཟེར་ན་ནམ་རྒྱུན་རང་ཉིད་ཀྱི་སེམས་ལ་གལ་སྲིད་མ་འོངས་པར་ལོ་ངོ་བརྒྱ་ཕྲག་ལྷག་གི་རྗེས་སུ་བོད་མིའི་སྐྱབས་བཅོལ་བའི་འཚོ་བར་ཕྱིར་བལྟས་ཤིག་བྱེད་སྐབས། རྡ་སའི་རི་ངོགས་ཀྱི་ཆབ་སྲིད་པ་མགོ་བདེ་ཚོ་དང་བླ་མ་སྤྲུལ་སྐུ་མིང་ཆེན་ཚོའི་ལོ་རྒྱུས་བརྒྱུད་ནས་མི་རིགས་ཤིག་གི་འཚོ་བ་དངོས་ཕྱིར་དྲན་བྱེད་པ་ལས། རྡ་སའི་རི་ངོགས་སུ་ཐ་ན་ཉིན་གཅིག་གི་ལྟོ་དུས་གསུམ་པོར་ཡང་སེམས་ཁྲལ་བྱེད་དགོས་པའི་གསལ་ལེ་རྒྱལ་དང་གསར་མོ་རྒྱལ་ཚོ་དང་། རྡ་སའི་ཨ་མདོའི་བག་ལེབ་དང་མོག་མོག་འཚོང་མཁན་རྣམས། ད་དུང་ཐང་ཁྲོམ་ཙག་ཙིག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་སོགས་མི་སྒེར་དཀྱུས་མ་འདི་དག་གི་དཀའ་སྐྱོ་ཟུང་འབྲེལ་གྱི་མི་ཚེའི་འཐབ་རྩོད་དངོས་བརྒྱུད་ནས་ཕྱིར་བལྟས་ཤིག་བྱས་ན། གཞི་ནས་རི་སྒང་ཆུང་ངུ་འདི་རུ་མི་རིགས་ཞིག་གི་ལས་དབང་ལ་བརྒྱུས་པའི་དཀའ་སྡུག་གི་གཏམ་རྒྱུད་གྲངས་མེད་ཅིག་ལྷག་ཡོད་པ་གཞི་ནས་སེམས་ཀྱིས་ཚོར་ཞིང་མིག་ལ་འཆར་ངེས་ཡིན་བསམ་བཞིན་ཡོད།

སྐབས་དེ་དུས་ནས་མོས་འབྲེལ་ཡོད་ཀྱི་ཡིག་ཆ་གང་མང་ཞིག་གསོག་ཉར་བྱས་འདུག་ལ་རྡ་སའི་སྐོར་དང་ལྷག་པར་དུ་གསལ་ལེ་རྒྱལ་གཙོས་གསར་འབྱོར་བོད་མིའི་གནས་སྟངས་སྐོར་ལ་སྔ་ཕྱི་བར་གསུམ་གྱི་གནད་དོན་རྫོགས་མཐའ་མེད་པ་ཞིག་བཤད་རྒྱུ་འདུག་པས། ངས་སྐབས་དེར་ཁོ་མོ་ནི་ལག་འཁྱེར་རྫིག་པོ་འཁྱེར་ནས་ཁ་སྟོང་འཐེན་མཁན་ཚོ་དང་མི་འདྲ་བར་རང་ཚོད་ཀྱིས་བོད་ལ་ལེགས་སྐྱེས་འབུལ་འདོད་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན། ངས་དཔྱད་ཞིབ་ཀྱི་ལས་ཀ་དེར་ཡི་རངས་དང་བཅས་འབྲེལ་ཡོད་ཡིག་ཆ་ཁ་ཤས་དབྱིན་ཡིག་ཏུ་ཕབས་བསྒྱུར་བྱེད་རོགས་བྱས་པ་ཡིན། ལོ་ངོ་ཁ་ཤས་དེ་ལྟར་འདས་སོང་ལ་ལོ་རེ་བཞིན་དུ་མོའི་དཔྱད་ཞིབ་ཀྱི་རྒྱུ་ཆ་དག་ཀྱང་སྤུས་ཇེ་ལེགས་དང་བརྗོད་གཞིའི་ཁྱབ་ཁོངས་ཡང་གསལ་ལེ་རྒྱལ་གཅིག་བུ་ལས་བརྒལ་ཏེ་བོད་མི་གསར་འབྱོར་བ་(ཕྱི་ལོ་༡༩༨༠ ཚུན་ཆད་དུ་སླེབས་པའི་གསར་འབྱོར་བ་ཚོའི་སྐོར་གཙོ་བོར་གླེང་ཡོད།)སྤྱིའི་གནས་བབ་དང་འཚོ་བའི་སྐོར་ལ་ཕྱོགས་སོང་།

གང་ལྟར། དཔྱད་ཞིབ་རང་བཞིན་ལྡན་པའི་དཔེ་དེབ་དེ་ཕལ་ཆེར་ལོ་ངོ་ཧྲིལ་བོ་བདུན་ལྷག་གི་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་ཕྱི་ལོ་༢༠༡༣ ལོའི་ཟླ ༡༢་བར་གཞི་ནས་ཀློག་པ་བོ་སྤྱིའི་བགོ་སྐལ་དུ་བསྩལ་སོང་།

ཁྱོན་བསྡོམས་ལེའུ་ ༢༧ ་དང་ཤོག་ངོས་གྲངས ༢༩༢ ཀྱིས་གྲུབ་པའི་དཔེ་དེབ

་འདིའི་སྤྱི་ཁོག་གཙོ་བོ་སྤྱིར་བཏང་གི་མི་སེར་དཀྱུས་མ་འདྲ་མིན་གྱི་གཏམ་རྒྱུད་ཀྱི་རྣམ་པར་བྲིས་ཡོད་པས་འགུགས་ཤུགས་ཆེ་ལ་ཀློག་པ་བོར་ཉོབ་སྣང་ཅི་ཡང་མི་སྟེར། དཔེ་ཆ་འདི་བཀླགས་རྗེས་ཁྱེད་ཀྱིས་སྔོན་ཆད་ཐོས་མྱོང་བ་དང་ཡང་ན་ཐོས་མ་མྱོང་བའི་རྡ་རམ་ས་ལའི་སྐོར་གྱི་གཏམ་རྒྱུད་རིང་ཐུང་དང་རྣམ་པ་འདྲ་མིན་མང་བོ་ཞིག་ཤེས་ངེས་ཡིན་པ་མ་ཟད། ཐ་ན་ཁྱེད་ཀྱི་གྲོགས་པོ་གྲོགས་མོ་དང་དགའ་ཉེ་བཟང་ས་མང་བོ་ཞིག་གི་གཏམ་རྒྱུད་ཀྱང་དཔེ་ཆ་འདི་ལས་མཐོང་ངེས་ཡིན། གནད་དོན་འདིས་དཔེ་དེབ་འདི་ང་ཚོའི་འཚོ་བ་དང་ང་ཚོའི་སྤྱི་ཚོགས་དངོས་ལ་ག་ཚོད་ཀྱིས་ཐག་ཉེར་བཅར་ཡོད་པ་གསལ་བཤད་བྱེད་བཞིན་ཡོད། དེ་བཞིན་དཔེ་ཆ་འདི་བཀླགས་རྗེས་ག་ལེར་ཁྱེད་ཀྱིས་དོ་སྣང་བྱུང་བ་དང་ཡང་ན་མ་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་མང་བོ་ཞིག་གི་ངོ་གདོང་ཡང་མཐོང་ངེས་ཡིན་པས་གཅིག་བྱས་ན་དཔེ་ཆ་འདིས་ཁྱོད་ལ་དཔྱོད་ཤེས་ཀྱི་སྒོ་མོ་གསར་བ་ཞིག་ཕྱེ་ཡང་སྲིད་པས། མདོར་ན་ གཏམ་རྒྱུད་སྤྱིར་བཏང་བ་དེ་དག་བརྒྱུད་ནས་ཁྱོད་ཀྱིས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་གང་མང་ཞིག་ཀྱང་ཞོར་དུ་ཤེས་ངེས་ཡིན།

མཇུག་ཏུ་བོད་རིགས་རྩོམ་པ་བོ་དག་གིས་བོད་མི་རིགས་རང་གི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུ་གལ་ཆེན་ཡིན་སྐོར་རྩོམ་པ་བོས་འདི་ལྟར་བཤད་འདུག

“དུས་རབས་སྔོན་མ་ཕར་ཤོག་བགྲང་བྱ་བཅུ་ཕྲག་ལྷག་སྔོན་གྱི་བོད་ཀྱི་སྤྱི་ཚོགས་གནས་བབ་ལ་ཉམས་ཞིབ་ཅིག་བྱེད་འདོད་ན་ཡང་། བོད་ཡིག་ཐོག་ཏུ་བྲིས་པའི་མི་སེར་ཕལ་བའི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོའི་གནས་བབ་མཚོན་པའི་དཔེ་དེབ་ཅིག་ཕལ་ཆེར་ལག་ཏུ་ཧ་ཅང་རག་ཁག་པོ་འདུག། ངས་བོད་རིགས་གྲོགས་པོ་ཤེས་ཡོན་པ་དག་བརྒྱུད་ནས་བོད་ཀྱི་དུས་དེབ་འདྲ་མིན་རིགས་ནས་སྒེར་དེབ་དག་དང་། དེ་བཞིན་གཞུང་འབྲེང་ཡིན་མིན་གྱི་ཚགས་པར་སོགས་ལག་ཏུ་སོན་ཚད་ལ་གང་ཐུབ་ཀྱིང་དབྱེ་ཞིབ་བྱས་པ་ཡིན། གང་ཡིན་ཟེར་ན་ངས་ཤེས་འདོད་པ་ནི་ཕྱི་རྒྱལ་བ་ཁ་ཕོ་ཅན་ཁ་ཤས་ཀྱི་རྒྱང་ནས་བསྒྲགས་པའི་འུར་བཤད་དེ་མ་ཡིན་པར་བོད་མི་རང་ཉིད་ཀྱི་སེམས་ནས་བརྡོལ་བའི་འཚོ་བ་དངོས་ཀྱི་སྐད་ཆ་དེའོ།།”

གཤམ་མཆན།

དཔེ་དེབ་འདི་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་གལ་ཆེན་ཁ་ཤས་ཀྱི་དྲ་ཐག

༡) དཔེ་དེབ་ཀྱི་སྤྱི་ཁོག་དང་ཁ་ཕྱོགས་གླེང་བ།

༢) དཔེ་དེབ་འདིའི་སྐོར་ཞིབ་ཏུ་ཀློག་པ།

༣) ཀློག་པ་བོའི་འཕྲིན

༤) དཔེ་དེབ་ཀྱི་བྱུང་རིམ་གླེང་བ།

༥) དཔེ་དེབ་ཀྱི་ལྡོག་ཕྱོགས་སུ་ལངས་ནས་གླེང་བ།

 ངེད་དྲ་ཚིགས།

One thought on “ཁྱེད་ཀྱིས་རྡ་རམ་ས་ལའི་འདས་མ་ད་གསུམ་གྱི་སྐོར་ཀློག་ན་

  1. ཁ་རུ་ཁ་ཐུག ཕྱི་ལོ། ༢༠༡༤ ཟླ། ༠༨ ཚེས། ༡༦ at ༡༢:༠༨ am

    ངོ་སྤྲོད་ཡག་པོ་བྱས་འདུག ཡག་བྱུང་།
    འོན་ཀྱང་དེ་སྔོན་གྱི་ཟ་ལེ་རྒྱ་དང་དེང་སྐབས་ཀྱི་ཟ་ལེ་རྒྱལ་གཉིས་ཀྱི་གནས་སྟངས་རེ་ཟུང་མ་གཏོགས་རྦད་དེ་ཁ་ཁ་རེད།
    དེ་སྔོན་མང་ཆེ་བ་འཚོ་བའི་གནོན་ཤུགས་སམ་དཔལ་འབྱོར་གྱི་དཀའ་ངལ་དབང་གིས་མི་འདོད་བཞིན་དུ་ལམ་དེར་ཞུགས་པ་རེད་ལ།
    དེང་སང་མང་ཆེ་བ་ཨ་གསར་དང་འདོད་སྲེད་ཀྱི་དབང་གིས་རེད། དེ་བས་གནས་སྟངས་ཀྱི་འགྱུར་ལྡོག་དེ་ཚོ་སོ་སོར་ཕྱེས་ཏེ་
    འབྲི་གལ་ཆེ་བར་སེམས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading