བསྟན་འཛིན་རྡོར་རྗེ་ལ་ངེད་དྲ་བས་བཅར་འདྲི།

བཅར་འདྲི་བྱེད་མཁན། འོད་དཀར།

ཡི་གེ་བ།   གཟུངས་ཕྱུག་སྐྱིད།

དྲི་བ།  ཁྱེད་རང་ཅི་འདྲ་བྱས་ནས་བོད་ཡིག་ལ་དོ་སྣང་བྱུང་སོང་ངམ།

       ལན། ང་རང་བོད་ཡིག་དོ་སྣང་བྱུང་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་ངའི་ཨ་ཕའི་ཤུགས་རྐྱེན་ལ་ཐུག་ཡོད།  གང་ཡིན་ཞེ་ན་ངའི་ཨ་ཕ་ནི་བོད་ཡིག་དགེ་རྒན་ཞིག་ཡིན་ལ། ཁོང་བོད་ཡིག་འབྲི་ཀློག་ལ་ཧ་ཅང་དགའ་བོ་ཡོད་པས་དུས་རྒྱུན་བོད་ཡིག་གི་སྒྲུང་དེབ་སོགས་ཀློག་ཏུ་བཅུག་པའི་རྒྱུ་མཚན་གྱིས་ཡིན་ལ། གཞན་ནང་ཆོས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན།  འཛིན་གྲ་བཅུ་བ་འགྲོ་སྐབས་ནས་བཟུང་ནང་ཆོས་ལ་དོ་སྣང་ཆེན་པོ་བྱུང་སོང༌།  དེ་བས་ནང་ཆོས་ཡིན་ན་གཙོ་བོ་བོད་ཡིག་སྟེང་ན་ཡོད་པས་ནང་ཆོས་ཀྱི་དེབ་དེ་འདྲ་ཀློག་འདོད་པར་བརྟེན་ཨུ་ཚུགས་བྱས་ནས་བསླབ་པ་ཡིན། ཡིན་ནའང་སྐབས་དེ་དུས་སུ་བཙན་བྱོལ་ནང་བོད་ཡིག་ཡག་པོ་ཡོད་པ་མ་རེད། འཛིན་གྲྭའི་ནང་བོད་ཡིག་ཀློག་དུས་གོ་བ་ལོན་དཀའ་ན་ཡང་ཐེངས་གཉིས་གསུམ་ཙམ་ལ་ཤུགས་བརྒྱབས་ནས་ཀློག་ན་གོ་བ་ཅུང་ཙམ་ལོན་གྱི་འདུག   དེའི་རྗེས་མཐོ་རིམ་སློབ་གྲྭ་ཐོན་རྗེས་ཨ་རི་ལ་སོང་ནས་ལོ་བཅུ་ཙམ་འགོར་སོང་བ་རེད།  དེའི་རིང་དུ་བོད་ཡིག་བོད་སྐད་བེད་སྤྱད་མ་བྱས་པར་བརྟེན་རྩ་བའི་ཆ་ནས་མང་པོ་ཞིག་བརྗེད་འགྲོ་གི་འདུག། ཡིན་ནའང་ལོ་གཅིག་གཉིས་ཀྱི་སྔོན་ནས་བཟུང་བོད་ནང་དུ་བོད་ཡིག་གི་དྲ་རྒྱ་མང་པོ་ཞིག་དར་ཁྱབ་བྱུང་སོང་ལ། དེ་དག་གི་སྟེང་དུ་ཟིན་བྲིས་འབྲི་མཁན་དང་སྙན་རྩོམ་འབྲི་མཁན་མང་པོ་ཞིག་རིམ་པས་བྱུང་གི་འདུག དེ་བཞིན་དུ་གསར་འགྱུར་སོགས་མང་པོ་ཞིག་བོད་ཡིག་སྟེང་ཀློག་པའི་གོ་སྐབས་བྱུང་བས་སྔོན་དང་མི་འདྲ་བའི་དོ་སྣང་གསར་བ་ཞིག་བྱུང་བར་སྐུལ་ལྕག་ཐེབས་སུ་བཅུག་སོང༌། དེང་སྐབས་དྲ་རྒྱའི་ནང་དུས་ཚོད་མང་པོ་གཏོང་གི་ཡོད་པས་རང་བཞིན་གྱི་བོད་ཕྱི་ནང་གཉིས་ཀྱི་བོད་ཡིག་དྲ་རྒྱ་དག་གི་ནང་འཛུལ་ནས་བོད་མི་ཚོས་ག་རེ་བཤད་ཀྱི་འདུག་པ་དང་ག་རེ་འབྲི་གི་ཡོད་པ་སོགས་ཤེས་འདོད་ ཆེན་པོ་བྱུང་བར་བརྟེན་བོད་ཡིག་ལ་སྔར་ལས་ལྷག་པའི་དོ་སྣང་ཆེན་པོ་ཞིག་བྱུང་གི་འདུག


དྲི་བ།  མང་པོ་ཞིག་གིས་བོད་ནང་གི་བོད་ཡིག་དང་བཙན་བྱོལ་ནང་གི་བོད་ཡིག་གཉིས་ལ་ཁྱད་པར་ཆེན་པོ་འདུག་ཟེར་གྱིན་འདུག་པས་ཁྱེད་རང་ལ་བསམ་ཚུལ་ག་རེ་ཡོད་དམ།

        ལན། ཁྱད་པར་ཆེ་ཤོས་ཤིག་གང་མཐོང་སོང་ཞེ་ན་བོད་ནང་དུ་བོད་ཡིག་བེད་སྤྱོད་བྱེད་སྟངས་དང་བཀོལ་སྤྱོད་བྱེད་སྟངས་དེ་ནི་སོ་སོའི་མ་སྐད་ཡིན་བསམ་པའི་འདུ་ཤེས་ཤིག་བཟུང་ནས་བཀོལ་སྤྱོད་བྱེད་ཀྱི་འདུག་སྙམ་པའི་ཚོར་བ་ཞིག་བྱུང་སོང༌། དུས་རྒྱུན་བོད་སྐད་བཤད་དུས་དང་བོད་ཡིག་འབྲི་དུས་གང་ཡིན་ཡང་སོ་སོའི་མ་སྐད་བཤད་ཀྱི་ཡོད་སྙམ་པ་དང་མ་སྐད་འབྲི་བཞིན་ཡོད་སྙམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཀྱི་འདུག་བསམ་སོང༌།  དེ་མིན་ང་ཚོ་བཙན་བྱོལ་ནང་ཡིན་ན་འདིར་ལོ་མང་པོར་སྡོད་མཁན་ཚོ་ཡིན་ན་འདྲ། ལྷག་པར་དུ་བཙན་བྱོལ་ནང་འཚར་ལོངས་བྱུང་བ་ཚོ་ཡིན་ན་བོད་སྐད་བཤད་པ་དང་ཡང་ན་བོད་ཡིག་འབྲི་པ་གང་ཡིན་ཡང་དེ་ནི་སོ་སོའི་མ་སྐད་ཡིན་སྙམ་པའི་གདེང་ཚོད་ཤུགས་ཆེན་སླེབས་ཐུབ་ཀྱི་མི་འདུག་ལ། དེ་བཞིན་དུ་དབྱིན་ཡིག་དང་རྒྱ་གར་སྐད་དང་ཡི་གེ་སོགས་ཤུགས་ཆེན་པོར་ཆགས་པར་བརྟེན་ང་ཚོའི་སྤྱི་ཚོགས་ནང་མི་ཉུང་ཉུང་ཡིན་པའི་རྐྱེན་གྱིས་བོད་ཡིག་འབྲི་ཀློག་གི་གོམས་གཤིས་དེ་བྱིས་པ་ཆུང་ཆུང་སྐབས་ནས་ཆགས་མ་ཐུབ་པས།  མི་མང་པོ་ཞིག་ལ་སེམས་ཤུགས་ཡོད་ནའང་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་ཆགས་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་འདུག་དེ་ནི་ངས་ཁྱད་པར་གཙོ་བོར་མཐོང་སོང༌།


དྲི་བ། ང་ཚོ་བཙན་བྱོལ་ནང་སློབ་ཆུང་གི་འཛིན་གྲྭ་ལྔ་བ་ནས་དྲུག་པའི་བར་བོད་ཡིག་བསླབ་ན་ཡག་པོ་འདུག་ཟེར་མཁན་ཞིག་དང་མི་འདུག་ཟེར་མཁན་གཉིས་བྱུང་གི་འདུག  མི་འདུག་ཟེར་མཁན་ཚོས་དེ་ལྟར་བསླབ་པ་ཡིན་ན་སློབ་ཕྲུག་དག་གི་དབྱིན་ཡིག་དང་རྒྱ་གར་ཡི་གེ་དེ་བཞིན་དུ་བོད་ཡིག་སོགས་གསུམ་པོར་རྨང་གཞི་ཡག་པོ་ཞིག་ཆགས་མི་ཐུབ་པའི་དཀའ་ངལ་འདུག་ཟེར་བས་ཁྱེད་ལ་དེའི་སྐོར་ལ་ལྟ་ཚུལ་ཅི་ཡོད་དམ།

          ལན།  ངའི་བསམ་ཚུལ་ཡིན་ན་རྩ་བའི་ཆ་ནས་མི་སུ་ཡིན་ཡང་སོ་སོའི་མ་སྐད་སྟེང་ནས་སློབ་སྦྱོང་བྱེད་ཐུབ་ན་དེ་ནི་རྩེ་གྲས་རེད་བསམ་གྱི་འདུག  ང་ཚོ་འདྲ་བོར་ཆགས་བཞག་ན་ཆུང་དུས་སུ་བསླབ་གཞི་ཚང་མ་དབྱིན་ཡིག་ཐོག་ནས་བསླབ་པས། གཅིག་ནས་དབྱིན་ཇི་དེ་སོ་སོའི་སྐད་ཡིག་མ་རེད་ལ།གཉིས་ནས་དུས་རྒྱུན་ཁྱིམ་ཚང་ནང་དབྱིན་སྐད་མི་བཤད་པར་བོད་སྐད་བཤད་དགོས་པ་རེད། དེ་བཞིན་དུ་འཛིན་གྲྭའི་ནང་དུ་ཡང་དགེ་རྒན་དང་སློབ་ཕྲུག་ཚོའི་བཤད་པའི་སྐད་ཆ་མང་ཆེ་བ་བོད་སྐད་རེད།  ཡིན་ནའང་བསླབ་དེབ་ནང་གི་སྦྱང་གཞི་དང་ཡིག་ཚད་ལེན་སྐབས་ཚང་མ་དབྱིན་ཡིག་ཐོག་ནས་འབྲི་དགོས་པས་དེ་གཉིས་བར་ལ་ཁྱད་པར་ཆེན་པོ་ཞིག་ཤོར་བས་ཁ་ནས་བོད་སྐད་བཤད་དགོས་པ་དང་འབྲི་ཀློག་སྐབས་དབྱིན་ཡིག་ཡིན་པའི་རྐྱེན་གྱིས་ཀླད་པའི་ནང་ སྐད་དེ་གཉིས་ཀྱིས་འཁྲུག་པ་འདྲ་བོ་བྱེད་ཀྱི་འདུག དེ་བས་སྐད་ཆ་བཤད་སྐབས་ཀྱང་དབྱིན་ཡིག་ཆ་ཚང་བ་ཞིག་བཤད་ཐུབ་ཀྱི་མི་འདུག་ལ། དེ་བཞིན་དུ་བོད་ཡིག་འབྲི་དུས་ཀྱང་ཡག་པོ་ཞིག་འབྲི་མི་ཐུབ་པའི་གནས་སྟངས་བྱུང་བ་རེད། དེ་བཞིན་དུ་བོད་ཡིག་གི་སྒྲུང་དེབ་ཅིག་ཀློག་དགོས་ནའང་དཀའ་ངལ་ཆེན་པོར་འཕྲད་ཀྱི་འདུག  དེ་བས་ངས་བལྟས་ན་དཀའ་ངལ་དེ་བྱུང་བའི་རྒྱུ་མཚན་གཙོ་བོ་ཆུང་དུས་ནས་མ་སྐད་ཐོག་ནས་སློབ་སྦྱོང་བྱེད་མ་ཐུབ་པ་དེར་ཐུག་འདུག་སྙམ།      མ་སྐད་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན།   ང་རང་ལ་དོ་སྣང་གང་བྱུང་སོང་ཞེ་ན་ང་ཨ་རིར་སོང་ནས་ལོ་བཅུ་གཉིས་བསྡད་པ་ཡིན།   དེའི་རིང་མཐོ་རིམ་སློབ་གྲྭར་འགྲོ་དུས་སོ་སོའི་ག་ས་གང་དུ་མ་སྐད་ཐོག་ནས་སློབ་སྦྱོང་བྱས་མྱོང་བའི་མི་འདྲ་མི་འདྲ་ཚོར་ཐུག་གི་ འདུག་ལ། དེ་བཞིན་དུ་མ་སྐད་ཐོག་སློབ་སྦྱོང་བྱེད་མ་བྱོང་བའི་མི་ལའང་ཐུག་གི་འདུག། དོན་དངོས་སུ་ང་ཚོ་ཡིན་ན་ཆུང་དུས་ནས་དབྱིན་ཡིག་སྦྱང་ནས་ཡོང་བ་རེད་ལ། གཞན་ཡོ་རོབ་དང་ས་ཕྱོགས་གཞན་ནས་ཡོང་མཁན་མི་ཁ་ཤས་འདུག། དེ་ཚོ་ཡིན་ན་ཆུང་དུས་མ་སྐད་ཐོག་སློབ་སྦྱོང་བྱས་ཤིང་མཐོ་རིམ་སློབ་གྲྭ་ཐོན་དུས་གཞི་ནས་དབྱིན་ཡིག་སྦྱོང་མཁན་དེ་འདྲ་རེད། ང་ཚོའི་བར་བསྡུར་ཞིབ་བྱས་ཡོང་དུས་ང་ཚོ་ལས་ཁོ་ཚོའི་བསམ་བློ་གཏོང་སྟངས་དེ་གཏིང་ཟབ་མོ་འདུག་ལ།   དེ་ནི་ངས་བལྟས་ན་གནད་དོན་ལ་འགྲེལ་བཤད་བྱེད་སྐབས་སོ་སོའི་མ་སྐད་ཐོག་ནས་བསླབ་པ་ཡིན་པས་དེ་ཙམ་གྱིས་སོ་ སོའི་ཀླད་པའི་ནང་ཚང་མ་འཇགས་བསྡད་ཡོད་པ་རེད་བསམ་གི་འདུག་ལ། དེ་བཞིན་དུ་གནད་དོན་གང་ཡིན་ཡང་ཁོ་ཚོ་ཕུགས་རྒྱང་རིང་བོ་དང་གཏིང་ཟབ་མོར་འགྲོ་ཐུབ་ཀྱི་འདུག  ང་ཚོ་འདྲ་བོ་ཡིན་ནའང་ཆུང་དུས་ནས་སྐད་ཡིག་གཅིག་གི་སྟེང་རྐང་ཚུགས་མ་ཐུབ་པར་བརྟེན་བསམ་བློའི་ཤོང་ཚད་ཀྱང་ཆུང་རུ་བུད་སོང་བའི་ཚོར་བ་ཤུགས་ཆེན་པོ་བྱུང་གི་འདུག དེར་བརྟེན་ངའི་བསམ་ཚུལ་ཡིན་ན་ང་ཚོ་བཙན་བྱོལ་བ་ཡིན་ན་འདྲ། དེ་བཞིན་དུ་བོད་ནང་ཡིན་ནའང་འདྲ་གཙོ་བོ་སོ་སོའི་མ་སྐད་སྟེང་སློབ་སྦྱོང་བྱེད་ཐུབ་པ་བྱུང་ན་མ་འོངས་པར་ང་ཚོས་དེ་ཙམ་གྱིས་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་མོ། ཕུགས་རྒྱང་རིང་བོར་གཏོང་བར་ཁེ་བཟང་ཆེ་ཤོས་རེད་བསམ་གྱི་འདུག།


དྲི་བ། བོད་ནང་དུ་ཉིས་སྟོང་བརྒྱད་ལོར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བའི་ཚིག་ཞིག་བྱུང་ཡོད་པ་རེད། ད་ལོ་ཡིན་ན་ཡང་བོད་ཀྱི་སྐད་ཡིག་བདག་དབང་ཞེས་པ་ལྟ་བུ་ཚིག་གྲུབ་ཐུང་ཐུང་ཞིག་གི་ནང་ནུས་པ་ཆེན་པོ་ལྡན་པའི་ཚིག་དེ་འདྲ་བཟོ་ཐུབ་ཀྱི་འདུག། ང་ཚོ་བཙན་བྱོལ་དུ་ད་ལྟའི་བར་སྐད་འབོད་པ་རབ་དང་རིམ་པས་བྱས་ཡོད་ཀྱང་དེ་འདྲའི་ཚིག་གྲུབ་ཡག་པོ་ཞིག་ཀྱང་བཟོ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གང་རེད་འདོད་དམ།

           ལན། དེ་ནི་བཙན་བྱོལ་ནང་ཡིན་ནའང་དཀའ་ལས་ཚང་མས་རྒྱག་གི་ཡོད་པ་རེད་ལ། སེམས་འཚུབ་ཀྱང་ཚང་མས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་སེམས་ཤུགས་ཟེར་ན་ཡང་ཚང་མས་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་དེ་ནི་གཅིག་ཡིན་ང་ཚོར་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་ཚུགས་མ་ཐུབ་པའི་དཀའ་ངལ་དེ་དང་གཉིས་ཡིན་ན་བཙན་བྱོལ་བ་ཚོ་མིའི་ལུང་པར་བསྡད་ཡོད་པས་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཀྱི་ཡོད་པ་རེད།  རྒྱུ་རྐྱེན་དེས་ཆ་ནས་ད་ལྟའི་ཆར་བོད་ནང་གི་སྐད་འབོད་བྱེད་སྟངས་ཡིན་ན་འདྲ། ཡི་གེ་འབྲི་སྟངས་ཡིན་ནའང་འདྲ། རྩོམ་གྱི་བརྗོད་བྱ་ཡིན་ནའང་འདྲ་ཕྱོགས་གང་ཅིའི་ཐད་ནས་ཧ་ལས་དགོས་པའི་རྣམ་དཔྱོད་ཚད་མཐོན་པོ་ཐོན་མཁན་དེ་འདྲ་མཐོང་ཡོང་དུས་དེ་ཙམ་གྱིས་དོ་སྣང་དང་ཆེ་མཐོང༌། ཡིད་སྨོན་འཆོར་བའི་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཡོང་གི་འདུག


དྲི་བ།  ཁྱེད་རང་གི་ལོ་ཚད་ལ་བལྟས་ཡོང་དུས་དབུ་མའི་ལམ་གྱི་དགོངས་གཞིའི་འོག་འཚར་ལོངས་བྱུང་བ་ཞིག་རེད་མོད།ཡིན་ནའང་ད་ལྟ་ཁྱེད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས་ཆ་ནས་ཁྱེད་ལ་རང་བཙན་རྩོད་འདོད་ཀྱི་འདུན་ པ་སློབ་གྲྭའི་ནང་ནས་བྱུང་བ་ཡིན་ནམ་ཡང་ན་ཕྱི་ལོགས་ནས་བྱུང་བ་ཡིན།

             ལན།   ང་རང་ལ་མཚོན་ན་རང་བཙན་འཐབ་རྩོད་ལ་མོས་པའི་ལྟ་ཚུལ་དེ་ནི་སློབ་གྲྭ་ཆུང་ཆུང་གི་སྐབས་ནས་བྱུང་བ་ཞིག་མ་ཡིན་པར་རྗེས་ནས་བྱུང་བ་ཡིན། ང་རང་ཡིན་ན་རྒྱ་གར་དུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར(T.C.V)སོང་བ་ཡིན་ལ། སྐབས་དེ་དུས་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་ནི་ཡང་དག་པ་ཞིག་དང་ནུས་པ་ཐོན་སྲིད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྗེས་སུ་འཛམ་གླིང་ཕྱི་ལོགས་སུ་འགྲོ་བའི་གོ་སྐབས་བྱུང་ཞིང་རིམ་པས་ནུབ་ཕྱོག་རྒྱལ་ཁབ་མང་པོར་སོང་བ་ཡིན།  དེ་བཞིན་དུ་མཐོ་རིམ་སློབ་གྲྭར་འགྲོ་སྐབས་ཆབ་སྲིད་སྐོར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེག་སོང༌། སློབ་གྲྭའི་ནང་སོ་སོས་དམིགས་སུ་བཀར་ནས་བསླབ་པ་ནི་རྒྱལ་སྤྱིའི་འབྲེལ་བ་དང་སྲིད་དོན་སྐོར་རེད། དེ་བསླབ་ཡོང་དུས་གཞི་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་བ་དང་ལྷག་དོན་རྒྱལ་ཁབ་ཆེན་པོ་དག་གིས་ཆུང་བ་དག་ཟ་སྟངས་དང༌། དེ་བཞིན་དུ་དམག་རྒྱག་སྟངས། ཞི་བའི་གྲོས་མོལ་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱས་པ་ཡིན་ལ།  བརྒྱུད་རིམ་དེའི་ནང་དུ་གཞི་ནས་དབུ་མའི་ལམ་ལ་དཀའ་ངལ་ཞིག་ཡོད་པ་ག་ལེར་ག་ལེར་མཐོང་ཡོང་གི་འདུག  ངས་བལྟས་ན་དབུ་མའི་ལམ་གྱི་དཀའ་ངལ་ཆེ་ཤོས་འདྲ་བོ་དེ་ནི་ཆབ་སྲིད་ཀྱི་ལས་འགུལ་དང་ཆབ་སྲིད་ཀྱི་འཛམ་བུ་གླིང་འདིའི་ནང་ལོག་ལ་ང་རང་ཚོས་ཆོས་ཀྱི་ལྟ་གྲུབ་ཤུགས་ཆེན་པོ་ཞིག་ཁྱེར་ཡོང་དུས་དེ་གཉིས་ལ་འགལ་ཟླ་ལྟ་བུའི་དཀའ་ངལ་ཆེན་པོ་ཞིག་བྱུང་གི་འདུག་པའི་ཚོར་བ་བྱུང་སོང་ལ།  གཉིས་པ་ཡིན་ན་རྩ་བའི་ཆ་ནས་ད་ལྟ་ཡིན་ནའང་ང་རང་གི་ངོས་ནས་དབུ་མའི་ལམ་གྱི་ལྟ་གྲུབ་དེ་ཡང་དག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ལྷག་དོན་དེ་ཉིད་རང་ལས་གཞན་གཅེས་འཛིན་པའི་ལྟ་གྲུབ་ཅིག་དང་ཆོས་ཕྱོགས་ཀྱི་བསམ་བློ་རྒྱ་ཆེན་པོ་བཏང་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བསམ་བློ་བཏང་ནས་འགྲོ་ཐུབ་ཚེ་དེ་ནི་ང་ཚོ་མི་སྒེར་གཅིག་གི་མི་ཚེའི་སྐྱེལ་སྟངས་དང་འཚོ་བ་རོལ་སྟངས་ཡིན་ན་ཧ་ཅང་གི་ཡང་དག་པ་ཞིག་རེད་ལ་ཕན་ཚུན་རང་གཞན་སུ་ཡིན་ཡང་ཁེ་ཕན་ཆེན་པོ་ཡོད་པ་རེད། ཡིན་ནའང་ད་ལྟའི་འཛམ་གླིང་གི་ཆབ་སྲིད་འདིའི་ནང་ནས་རྒྱལ་ཁབ་དང་རྒྱལ་ཁབ་ནང་ནས་ང་ཚོས་ཉེས་བཅོས་མྱངས་པའི་དུས་ཚོད་འདི་ལ་དབུ་མའི་ལམ་ཟེར་ན་རེད་གང་ལྟར་བྱང་ཆུབ་སེམས་པའི་ལྟ་གྲུབ་དེ་བཟུང་བ་ཡིན་ན་དེ་ནི་ཏག་ཏག་ཅིག་ཏུ་མཐོང་གི་མི་འདུག  བར་ཁྱད་ཆེན་པོ་དེར་གཞིགས་ཏེ་ད་ལྟ་ང་ཚོར་ཆབ་སྲིད་ཀྱི་དཀའ་ངལ་ཅིག་ཡོད་པ་འདི་ལ་ཆབ་སྲིད་ཀྱི་ཐབས་ཤེས་ཤིག་བཙལ་དགོས་པ་རེད་མ་གཏོགས་དཀའ་ངལ་དེ་ཆོས་ཕྱོག་ནས་སེལ་ཐབས་ཡོད་པ་ཞིག་རེད་རྩ་བ་ཉིད་ནས་མབསམ་གྱི་མི་འདུག


དྲི་བ། ད་ལྟ་ང་ཚོས་དགྱ་ནག་ལ་འབྲེལ་བ་གནང་གི་ཡོད་ཟེར་གྱི་འདུག་པས་ཁྱེད་རང་གིས་བལྟས་ན།  ང་ཚོས་དགྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ན་གྲུབ་འབྲས་ཤིག་བྱུང་གི་འདོད་དམ་ཡང་ན་ང་ཚོ་རང་གི་ ནུས་པ་ལ་བརྟེན་ན་གྲུབ་འབྲས་ཤིག་བྱུང་གི་རེད་འདོད་དམ

          ལན།   དགྱ་ནག་དང་མཉམ་དུ་གྲོས་མོལ་གནང་བ་དེ་མཐའ་མར་ང་ཚོར་འབྲས་བུ་སྨིན་པའི་ཆེད་དུ་བཟང་པོའི་རྐྱེན་ཞིག་ ལ་འགྱུར་སྲིད་ཀྱི་རེད། ཡིན་ནའང་དགོས་པ་རྐྱེན་གཅིག་པུས་འབྲས་བུ་སྨིན་གྱི་མ་རེད། འབྲས་བུ་གཅིག་སྨིན་པ་ལ་རྒྱུ་དགོས་པ་རེད། དེ་བས་རྒྱུ་དེ་ནི་ང་རང་ཚོས་རང་གིས་ལས་འགུལ་སྤེལ་བ་དང༌།   གནོན་ཤུགས་སྤྲོད་པ། དེ་བཞིན་དུ་དཀའ་ལས་བརྒྱབ་ནས་དགྱ་ནག་གཞུང་ལ་སུན་སྣང་བཟོ་བ་དང་ཁོ་ཚོའི་བདེ་འཇགས་དཀྲོགས་པ་བྱས་ཏེ་ ཕར་ཕྱོགས་ལ་བརྟན་བརླིང་མེད་པ་ཞིག་བཟོ་དགོས་པ་རེད། དེ་བཞིན་ཞི་བའི་ལས་འགུལ་གྱི་སྟེང་ནས་དགྱ་ནག་གཞུང་ལ་གྱོང་གུད་ཆེན་པོ་ཞིག་གཏོང་བའི་རྒྱུ་དེ་ལ་བལྟ་དགོས་པ་རེད་བསམ་སོང༌། འདི་ལྟར་བྱས་པ་ཡིན་ན་མ་འོངས་པར་གཞི་ནས་དགྱ་ནག་གཞུང་གི་ཚུར་ང་ཚོར་སྐད་ཆ་མི་བཤད་ཀ་མེད་ལྟ་བུ་ཞིག་ཏུ་འགྱུར་གྱི་རེད་ལ།   ཁོ་རང་ཚོས་རང་གི་ཁེ་ཕན་གྱི་ཆེད་དུ་ཚུར་ང་ཚོ་ལ་སྐད་ཆ་ཞིག་བཤད་པའི་དུས་ཚོད་ཅིག་འབྱུང་གི་རེད་བསམ་སོང༌། དེ་འདྲ་བྱས་པ་ཡིན་ན་སྐབས་དེར་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་འབྲས་བུ་ཞིག་སྨིན་སྲིད་ཀྱི་རེད་མ་གཏོགས་ད་ལྟའི་ཆ་ལ་ཕར་སྐད་ཆ་བཤད་པ་དེ་ནི་རྒྱུ་ཡི་ས་བོན་བཏབ་པ་ལྟ་བུ་ཞིག་ཏུ་རྩ་བ་ཉིད་ནས་འགྲོ་གི་མ་རེད་བསམ་གྱི་འདུག


དྲི་བ། ང་ཚོའི་དྲ་ཚིགས་འདི་བརྒྱུད་ནས་བོད་ནང་གི་གཞོན་སྐྱེས་ཚོར་བསམ་ཚུལ་འདྲ་བཤད་རྒྱུ་ཡོད་དམ།

           ལན། ད་སྐབས་སྔོན་དང་མི་འདྲ་བར་ང་ཚོ་ཕྱི་ནང་གཉིས་གང་ཡིན་ཡང་མཐུན་རྐྱེན་འཛོམས་པོ་འདུག། ལྷག་པར་གློག་ཆས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་པ་དེས་ང་ཚོར་ཁེ་ཕན་ཆེན་པོ་ཞིག་རེག་ཡོང་བསམ་གྱི་འདུག དེར་བརྟེན་གློག་ཆས་ཀྱི་རིགས་འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བེད་སྤྱོད་གཏོང་དགོས་པ་རེད་ལ། དེ་བཞིན་དུ་གློག་ཆས་ཀྱི་རིགས་འདི་ཞི་བའི་འཐབ་རྩོད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱས་ཏེ་བོད་ཕྱི་ནང་གཉིས་ཀྱི་བར་ལ་འབྲེལ་བ་བྱུང་དགོས་པ་གལ་ཆེན་པོར་མཐོང་སོང༌།   ད་ལྟ་འབྲེལ་བ་དེ་སྔོན་ལས་ལྡབ་འགྱུར་གྱིས་ཤུགས་ཆེ་རུ་འགྲོ་བཞིན་འདུག། དེ་ལ་དགྱ་ནག་གིས་ག་ཚོད་དམ་དྲག་བྱས་ཀྱང་ང་ཚོའི་ཁ་པར་དང་དྲ་ལམ་བར་གྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་གི་འདུག དཔེར་ན་《འོད་དཀར་དྲ་ཚིགས་》ཡིན་ནའང་འདྲ།      དེ་བཞིན་གྱི་དྲ་ཚིགས་མང་པོ་ཞིག་གིས་མཚོན་པའི་འབྲེལ་ལམ་མང་པོ་ཞིག་འདུག་པ་འདི་ནི་དཔེ་མི་སྲིད་པའི་ཡག་པོ་རེད་ལ། དེ་ལྟ་བུ་ནི་བོད་ཕྱི་ནང་གཉིས་འབྲེལ་བྱེད་ཀྱི་གསེར་གྱི་ཟམ་པ་ལྟ་བུ་རེད། འབྲེལ་ལམ་འདི་ལྟ་བུ་བརྒྱུད་ནས་གཙོ་བོ་བོད་ནང་ལོག་གི་ལས་འགུལ་སྤེལ་སྟངས་སྐོར་ལ་བསམ་བློ་བཏང་བ་ཡིན་ན།  དེང་སང་ཞི་བའི་ལས་འགུལ་ནང་དུ་ལག་ཆ་ཚང་མ་བེད་སྤྱོད་བྱེད་ཐུབ་ཀྱི་འདུག སྔོན་ཆད་ཀྱི་ལོ་བཅུའི་གོང་ཙམ་ཡིན་ན་ང་ཚོས་ཞི་བའི་འཐབ་རྩོད་ཀྱི་རྩ་བའི་ལག་ཆ་ཉིས་བརྒྱ་ལྷག་ཡོད་པ་དེའི་ནང་གི་ལྔ་བཅུ་དྲུག་བཅུ་ཙམ་ལས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད།  དཔེར་ན་སྐད་འབོད་བྱེད་པ་དང་ཟས་བཅད་ངོ་རྒོལ། ཁྲོམ་སྐོར་བྱེད་པ་སོགས་ལྟ་བུ་རེད། ཡིན་ནའང་ཁ་སང་དེ་རིང་དེ་ལྟར་མ་ཡིན་པར་གཞི་རྒྱ་ཆེ་རུ་སོང་འདུག དཔེར་ན་ཞོགས་དུང་གིས་བྲིས་པའི་དེབ་དེ་ལྟ་བུ་རེད་ལ། དེ་ལ་མི་སྟོན་པའི་ལས་འགུལ་ཟེར་བ་རེད། དེ་བཞིན་དུ་ང་ཚོར་བཙན་གནོན་བྱེད་མཁན་དགྱ་ནག་གཞུང་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ། ཕྱིར་འཐེན་བྱེད་པའི་ལས་འགུལ།  དེ་བཞིན་དུ་བོད་ནང་ཡིན་ན་བོད་ཆས་གྱོན་པ་དང་བོད་སྐད་སྤུས་དག་བཤད་པ།   བོད་པའི་ཟ་ཁང་དུ་འགྲོ་བ་དང་བོད་པའི་ཚོང་ཁང་དུ་འགྲོ་བ།  དེ་བཞིན་དུ་བོད་ཡིག་ཀློག་པ་དང་སྙན་རྩོམ་ཀློག་པ་སོགས་ཀྱིས་མཚོན་པའི་ལས་འགུལ་དེའི་རིགས་སྤེལ་ཐུབ་ན་ཧ་ཅང་ཡག་པོ་རེད། སྔོན་མ་རྒྱ་གར་ཡིན་ན་འདྲ། དེ་བཞིན་དུ་ལྷོ་ཨ་ཧྤོ་རི་ཁ་དང་ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་ཡིན་ནའང་འདྲ་དེ་དག་གིས་ཀྱང་ལོ་མང་པོའི་རིང་ལ་སྐད་འབོད་དང་ངོ་རྒོལ་བྱས་ཏེ་མཐའ་མར་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་དུ་བསྒྱུར་བ་དེས་མི་རིགས་འཐབ་རྩོད་ལ་ནུས་པ་ཆེན་པོ་དང་གྲུབ་འབྲས་ཆེ་ཤོས་ཐོབ་ཡོད་པ་རེད། རྒྱུ་མཚན་ལས་འགུལ་དེ་ལྟ་བུའི་ནང་དུ་མིའི་གྲངས་འབོར་ས་ཡ་མང་པོ་མཉམ་ཞུགས་བྱེད་ཐུབ་པས་རེད། དེ་མིན་སྐད་འབོད་ལྟ་བུ་ཡིན་ན་མི་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མཉམ་ཞུགས་བྱེད་ཐུབ་ཀྱི་མི་འདུག་ལ།  དེ་ཡང་སྙིང་སྟོབས་ཅན་རེ་ཟུང་ཙམ་རེད་ལ་དེ་ཚོ་དགྱ་ནག་གཞུང་གིས་ཉིན་གཉིས་གསུམ་ཙམ་གྱི་རིང་དུ་འཛིན་བཟུང་བྱེད་པ་དང་ལས་འགུལ་མཚམས་འཇོག་བྱེད་དུ་འཇུག་པ་སོགས་སྟངས་འཛིན་ཆ་ཚང་བྱེད་པ་སླ་མོ་རེད། ཡིན་ནའང་གོང་ནས་བཤད་པའི་མི་སྟོན་པའི་ལས་འགུལ་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་དེ་ལྟ་བུ་ཡིན་ན་ཉེན་ཁ་ཆུང་བ་དང་ལས་འགུལ་ལ་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་རེད། མི་ས་ཡ་མང་པོ་མཉམ་ཞུགས་ཀྱི་ལས་འགུལ་ཞིག་བྱུང་བ་ཡིན་ན་དགྱ་ནག་གཞུང་གི་ཁང་པའི་རྨང་གཞི་ལྟ་བུའི་སྲོད་དབང་དེ་ལ་གཡོ་འགུལ་ཐེབས་པའི་ནུས་པ་ཞིག་ཏན་ཏན་ཡོང་སྲིད་པས།  དེ་ལྟ་བུའི་ལས་འགུལ་བྱུང་དང་འབྱུང་བཞིན་པར་ང་ཚོ་ཡིན་ན་ཡང་སེམས་ཤུགས་སྔར་ལས་ལྷག་པ་ཞིག་འཕར་བཞིན་ཡོད་ལ།  དེ་བཞིན་དུ་ང་ཚོ་ཕྱི་སྡོད་པ་ཚོའི་ངོས་ནས་ཀྱང་དེ་ལ་གང་ཐུབ་ཐུབ་ཀྱིས་རྒྱབ་སྐྱོར་དང་དྲིལ་བསྒྲགས། ཡང་ན་མཉམ་ཞུགས་བྱེད་རྒྱུར་མུ་མཐུད་ནས་འབད་བརྩོན་ད་ལྟ་ཡིན་ན་བྱ་བཞིན་ཡོད་ལ་མ་འོངས་པ་ཡིན་ནའང་བྱ་འཆར་ཡོད།  མཐའ་དོན་ང་ཚོ་སུ་ཡིན་ཡང་ཉེན་ཁ་ཆུང་བ་དང་ཁེ་ཕན་ཆེ་བ། མི་གང་མང་མང་མཉམ་ཞུགས་བྱ་ཐུབ་པའི་ལས་འགུལ་དེའི་རིགས་མུ་མཐུད་དུ་རྒྱུན་གནས་བྱ་ཐུབ་པ་ཡིན་ན་ལོ་ལྔ་དང་ཡང་ན་བཅུའི་ནང་ཙམ་དུ་བོད་དོན་ལ་ཧ་ལས་པའི་འགྱུར་བ་ཞིག་ཏན་ཏན་འགྲོ་སྲོད་པ་རེད་བསམ་གྱི་འདུག

ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s