དེ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་ཁང་གི་རིག་གནས་དང་དབུ་མ། ཕར་ཕྱིན་བཅས་ཀྱི་སློབ་ཐོན་པའི་མཛད་སྒོ་སྟེང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ཀིརྟི་དགོན་པ་དང་རང་ལུས་མེར་བསྲེགས། དོལ་རྒྱལ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ པའི་སྟེང་དྷ་ས་ཀིརྟིའི་བྱེས་བ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་ཚོམས་ཁང་དུ། གྲྭ་<ཚང་དེ་གའི་ཆེས་མཐོ་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སྐབས་དང་པོ་དང་གཉིས་པའི་དབུ་མ་སློབ་ཐོན་པ་དང་། སྐབས་གསུམ་དང་བཞི་པའི་ཕར་ཕྱིན་སློབ་ཐོན་པ། འབྲིང་རིམ་རིག་གནས་སློབ་ཐོན་པ་བཅས་ལ་མཐར་ཕྱིན་ཕྱག་ཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག

མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གྲྭ་ཚང་གི་དཔེ་མཛོད་ཁང་དུ་ཕེབས་ཏེ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ ༡༩༩༢ ནས་ ༢༠༡༣ ལོར་བར་པར་སྐྲུན་བྱས་པའི་དཔེ་དེབ་ ༡༤༠ དང་། གྲྭ་ཚང་གི་ཡིག་རྒྱུགས་གཏོང་སྟངས་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྗེས་ཚོམས་ཁང་དུ་ཕེབས་ཏེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་སོང་། ཐེངས་འདིར་སྐབས་དང་པོ་དང་གཉིས་པའི་དབུ་མ་སློབ་ཐོན་པ་ ༡༦ དང་། སྐབས་གསུམ་པ་དང་བཞི་པའི་ཕར་ཕྱིན་སློབ་ཐོན་པ་ ༡༡། འབྲིང་རིམ་རིག་གནས་སློབ་ཐོན་པ་ ༤ བཅས་ཡོད་པར་སྲིད་སྐྱོང་མཆོག་གིས་ཁ་བཏགས་དང་མཉམ་དུ་བཀའ་ཤོག་ཕྱག་འཁྱེར་རིམ་པར་གནང་སོང་།

སྐབས་དེར་སློབ་སྤྱི་སོ་རུ་བློ་བཟང་དར་རྒྱས་ལགས་ཀྱིས་སློབ་གཉེར་ཁང་དེ་གའི་ལས་དོན་ངོ་སྤྲོད་གནང་བ་ལྟར་ན། ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ ༡༩༩༠ ལོར་ཕྱག་བཏབ་ཅིང་ལོ་དེའི་ཕྱི་ཟླ་ ༤ པའི་ནང་དགེ་སྐོས་དང་དབུ་མཛད་སོགས་གསར་བསྐོས་ཀྱིས་གྲྭ་ཚང་གི་ངོ་བོ་དང་། ཕྱི་ཟླ་ ༨ པའི་ནང་བརྡ་སྤྲོད་རིག་གནས་སློབ་སྦྱོང་གི་མགོ་བཟུང་ཞིང་། སྐབས་དེར་སློབ་གཉེར་པ་གྲྭ་བ་ ༣༠ ཙམ་འཛིན་གྲྭ་གཅིག་བྱས་ཏེ་སུམ་རྟགས་དག་གསུམ་དང་གྲུབ་མཐའ། ཡིག་གཟུགས་བཅས་བསླབས་ཤིང་། རིམ་པས་གྲྭ་བ་ཇེ་མང་དུ་ཕྱིན་ཏེ་ ༡༩༩༢ ཟླ་ ༤ པ་ནས་སྔོན་འགྲོའི་འཛིན་གྲྭ་གཉིས་དང་དངོས་གཞིའི་འཛིན་གྲྭ་གཅིག་བཅས་བཟོས་ཏེ། དངོས་གཞིར་ལོ་གསུམ་བཅས་སློབ་ཚན་དང་རྒྱུགས་སྤྲོད་ཀྱི་འགྲོ་རིམ་ཆ་ཚང་བ་གཏན་འབེབས་བྱས་ཏེ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དངོས་སུ་ཚུགས་ཡོད་འདུག་ཅེས་བརྗོད་སོང་།

ཀིརྟིའི་གྲྭ་ཚང་སློབ་གཉེར་ཁང་གི་སློབ་མའི་ཡོང་ཁུངས་དང་རྒྱུགས་སྤྲོད་སྐོར་ལ་ཁོང་གིས། སློབ་མའི་ཡོང་ཁུངས་ནི་གཞིས་ཀྱི་ཀིརྟི་ཚང་གི་གདན་ས་ཁག་དང་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པའི་གྲྭ་གཞོན་རྣམས་ཡིན། ད་ལྟའི་ཆར་གྲྭ་ཚང་འདིར་དགོན་སྡེ་ཁག་མ་འདྲ་བ་ ༡༠ གྲྭ་རྒྱུན་འདུས་ཡོད། རྒྱུགས་སྤྲོད་ཀྱི་རིམ་པ་ནི་ལོ་རེའི་ནང་རྒྱུགས་སྤྲོད་ཐེངས་བཞི་སྟེ་ཟླ་གསུམ་རེའི་མཚམས་དང་ལོ་འཁོར་རྒྱུགས་སྤྲོད་བཅས་ཡོད་པར་མ་ཟད། མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་ལོ་ལྔའི་རིང་སྦྱངས་པའི་གཞུང་རྣམས་རིགས་མཐུན་ཕྱོགས་བསྡུས་ཀྱིས་མཐར་ཕྱིན་རྒྱུགས་སྤྲོད་ཆེན་མོ་ཞེས་རྒྱུགས་སྤྲོད་ལེན་ཞིག་བྱེད་ཀྱི་ཡོད་པར་ཞུགས་མཁན་མི་གྲངས་ ༨༦ བྱུང་ཡོད། ད་བར་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་ ༧༩ དང་འབྲིང་རིམ་རིག་གནས་སློབ་ཐོན་པ་གྲངས་ ༤ བཅས་ཁྱོན་རིག་གནས་སློབ་ཐོན་པ་ ༨༣ བྱུང་ཡོད། ཅེས་དང་། ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་བར། ༢༠༠༡ ལོར་རིག་གནས་སྡེ་ཚན་ལས་ལོགས་སུ་རིགས་ལམ་འཛིན་གྲྭ་ཞིག་བཙུགས་ཏེ་ད་བར་བསྡུས་གྲྭ་དང་། བློ་རིག་རྟགས་རིགས། གྲུབ་མཐའ། ས་ལམ་སོགས་ལོ་ཡུན་བཞི་དང་། ཕར་ཕྱི་ལོ་ཡུན་དྲུག དབུ་མ་ལོ་རིམ་གསུམ། མཛོད་ལོ་ཡིན་གསུམ། འདུལ་བ་ལོ་ཡུན་གསུམ་བཅས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱོང་བའི་ལོ་ཡུན་བཅུ་དགུ་ཅན་གཏན་འབེབས་ཀྱིས་ད་བར་ཕར་ཕྱིན་སློབ་ཐོན་པ་སྐབས་བཞི་བྱུང་བར་མི་གྲངས་ ༢༩ དང་། དབུ་མ་སློབ་ཐོན་པ་སྐབས་གཉིས་བྱུང་བར་མི་གྲངས་ ༡༦ ཡོད། སོགས་བརྗོད་སོང་།

སོ་རི་བློ་བཟང་དར་རྒྱས་ལགས་ཀྱིས་མུ་མཐུད་དུ། བོད་ཀྱི་འདས་པའི་ལོ་རྒྱུས་ནང་གཅིག་ཡོད་ལ་གཅིག་མེད་པ། ཐུན་མོང་བའི་རིག་གནས་སྦྱོང་བའི་ཁོར་ཡུག་ཡོད་ཀྱང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དབུལ་བ། ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ཀྱང་ཐུན་མོང་བའི་རིག་གནས་མེད་པ། རྩོད་ཤེས་ཀྱང་རྩོམ་མི་ཤེས་པ། རྩོམ་ཤེས་ཀྱང་རྩོད་མི་ཤེས་པ། འཆད་ཤེས་ཀྱང་རྩོམ་མི་ཤེས་པ་སོགས་ཀྱི་བར་སྟོང་ཡོད་པ་དེ་ཁ་གསབ་ཐུབ་ཆེད། ཀིརྟིའི་བྱེས་པ་གྲྭ་ཚང་འདིར་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཆ་ཚང་ལ་འཐུས་སྒོ་ཚང་བ་དང་། འཆད་རྩོད་རྩོམ་གསུམ་གང་ཞིག་གནང་ནའང་རང་གི་རིག་པས་རྩལ་བཏོན་ནས་སྦྱངས་ན་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་རིས་སུ་མ་བོར་བའི་གྲྭ་པ་ཤེས་ཡོན་ཅན་ཞིག་ཡོང་བའི་ཁོར་ཡུག་དང་མཐུན་རྐྱེན་གཞན་དང་མ་འདྲ་བ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད། ཅེས་སོགས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ང་རང་སྲིད་སྐྱོང་གི་འགན་འཁུར་ནས་ཀིརྟིའི་དགོན་པ་ཡོང་བ་ཐེངས་དང་པོ་ཡིན་དུས་བཀའ་ཤག་སྐབས་ ༡༤ ཚབ་ཞུས་ཏེ་སྙིང་ཐག་ནས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ཀིརྟིའི་དགོན་པ་རྔ་པ་ཁུལ་གྱི་ཡན་ལག་མང་པོ་ཡོད་པའི་དགོན་ཆེན་ཞིག་དང་། དེའི་ནང་མདོ་སྔགས་རིག་གནས་གཙོས་གསོ་བ་རིག་པའི་སྡེ་ཚན་སོགས་ཡོད་པ། དམིགས་བསལ་རིག་གནས་ཐོག་ལ་དོ་སྣང་ཡོད་པའི་དགོན་སྡེ་ཞིག་ཆགས་ཡོད། བཙན་བྱོལ་ནང་དུའང་རིག་གནས་ཐོག་དཔེ་དེབ་ ༡༤༠ ལྷག་པར་སྐྲུན་བྱས་པ་བྱས་རྗེས་ཆེན་པོ་ཡིན་པར་ངོས་འཛིན་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། འདིར་བསླབ་པ་མཐར་སོན་གྱི་དགེ་འདུན་པ་ཚོས་དབུ་མ་དང་ཕར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་གནང་རྒྱུ་དང་དམིགས་བསལ་རིག་གནས་ཐོག་ཐུགས་སྣང་བྱས་པ་དེས། ཆོས་ཕྱོགས་དང་དམིགས་བསལ་སྤྱི་ཚོགས་ནང་དུའང་ཐུགས་ཕན་སོས་པ་ཡོང་གི་ཡོད། ད་རེབ་ཕྱག་འཁྱེར་གནང་ས་དེ་བོད་ཀྱི་རིག་གནས་ཐོག་སློབ་གཉེར་གནང་མཁན་དང་དབུ་མ་དང་ཕར་ཕྱིན་སློབ་ཐོན་རྣམ་པར་ང་རང་དངོས་སུ་བཅར་ནས་མཇལ་བ་དང་ལག་འཁྱེར་གནང་བའི་གོ་སྐབས་བྱུང་བར་དགའ་བོ་བྱུང་སོང་། རྣམ་པ་ཚོས་སློབ་སྦྱོང་ཡག་པོ་གནང་སྟེ་ལག་འཁྱེར་རག་ཡོད་སྟབས། མུ་མཐུད་ནས་བསླབ་པ་སློབ་གཉེར་དང་རིག་གནས་ཐོག་ནས་སྤྱི་ཚོགས་ནང་ཐུགས་ཕན་སོས་པའི་ཞབས་ཞུ་གནང་གི་རེད་ལ་ཞུ་རོགས་གནང་ཞེས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཀིརྟིའི་གྲྭ་ཚང་སྐོར་ལ་སྲིད་སྐྱོང་མཆོག་གིས། ཉེ་རབས་ལོ་རྒྱུས་ནང་བོད་འདི་རྒྱ་ནག་གིས་བཙན་བཟུང་བྱས་ནས་བཟུང་བོད་ནང་གི་དགོན་པ་དང་རིག་གནས་དང་འབྲེལ་བའི་སློབ་གྲྭ་ཁག ཐ་ན་དཔེ་ཆ་ཡན་ཆད་གཏོར་བཤིག་བཏང་ནས་རྩ་མེད་བཟོ་བར་འབད་བརྩོན་བྱས་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་སྐབས་གནོད་སྐྱོན་དེ་འདྲ་བྱུང་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད་ཀྱང་། པཎ་ཆེན་རིན་པོ་མཆོག་གིས་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཐོའི་ནང་ ༡༩༦༣ ལོའི་བར་བོད་ནང་གི་དགོན་སྡེ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་འདུག་ཅེས་ཁུངས་ལྡན་ཡིན་པ་པཎ་ཆེན་རིན་པོ་མཆོག་རང་གིས་ཡིག་ཐོག་ཏུ་བཀོད་པའི་གནས་ཚུལ་ཆགས་ཡོད། རྒྱ་ནག་གཞུང་གིས་ཀྱང་བོད་ནང་ཡོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དག་རྩ་མེད་གཏོང་ཐུབ་ན་བོད་རྒྱ་ཡུལ་ལ་བསྒྱུར་བ་དང་བོད་རིགས་རྒྱ་རིགས་ལ་བསྒྱུར་བར་འབད་བརྩོན་བྱས་པ་རེད། ཡིན་ནའང་། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་ནང་གདན་ས་ཁག་དང་ཆོས་བརྒྱུད་ཁག་གི་དགོན་ཆེན་སྡེ་མང་ཆེ་བ་རྒྱ་བལ་འབྲུག་གསུམ་ནང་བསྐྱར་གསོ་བྱེད་ཐུབ་ཡོད་པ་དང་། ད་ལྟའི་འཆར་འཛམ་གླིང་ནང་ངོམས་སུ་ཆོག་པ་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཆགས་ཡོང་གི་ཡོད། ཅེས་གསུངས་སོང་།

བོད་ནང་གི་རང་ལུས་མེར་བསྲེགས་སྐོར་ལ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་མཚོན་ན། ད་ལྟའི་བོད་ཀྱི་ལོ་རྒྱུས་ཉག་ཕྲ་བའི་སྐབས་ཁོང་གིས་ཆོས་སྲིད་གཉིས་ཐོག་ནས་མི་ཚེ་ཧྲིལ་བོའི་རིང་ཞབས་ཞུ་ཞུས་ཏེ་སྐུ་ངལ་བསྐྱོན་དང་སྐྱོན་མུས་རེད། ཉེ་འཆར་བོད་ནང་ཛ་དྲག་གནས་ཚུལ་བྱུང་སྐབས་དམིགས་བསལ་ཀིརྟིའི་དགོན་པ་དང་ཨ་མདོ་རྔ་པ་ཁུལ་དུ་གནས་ཚུལ་བྱུང་བ་ཚང་མས་མཁྱེན་གསལ་རེད། ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་། ༢༠༡༡ ལོར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། ད་ལྟའི་བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༡༣༠ བྱུང་བའི་ནང་ནས་ ༡༡༢ འདས་གྲོངས་སུ་ཕྱིན་ཡོད། དེའི་ནང་ནས་མང་ཆེ་བ་ཀིརྟིའི་དགོན་པ་དང་རྔ་པ་ཁུལ་གྱི་ཡིན་པ་གསལ་བོ་རེད། གནས་ཚུལ་དེ་དག་བྱུང་སྐབས་ཀིརྟིའི་དགོན་པ་འདིར་ཛ་དྲག་ཚོགས་ཆུང་བཙུགས་ཏེ་བོད་ནང་གི་གནས་ཚུལ་བསྡུ་རུབ་གནང་བ་མ་ཟད། གནས་ཚུལ་ཁུངས་ལྡན་ཡིན་པ་ཚང་མ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཐུབ་ཡོད། དེས་ཀྱང་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ཅེས་དང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། རང་ལུས་མེར་བསྲེགས་གཏོང་དགོས་པའི་དངོས་ཡོད་གནས་སྟངས་ག་རེ་རེད་ཟེར་ན། བོད་འདི་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་འོག་ཆབ་སྲིད་དམ་དྲག་དང་སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་འདི་དག་གཏོང་གི་ཡོད་སྟབས། བོད་ནང་གི་བོད་མི་ཚོས་འགན་འཁུར་ཏེ་སོ་སོའི་རྩ་ཆེ་བའི་ལུས་སྲོག་བློས་བཏང་བ་རེད། རྐྱེན་འདི་ཡིན་བཞིན་དུ་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཁ་མཆུ་རྒྱག་པ་དང་། དེའི་ནང་ནས་ཀིརྟིའི་རིན་པོ་ཆེ་གཙོས་ཀིརྟི་དགོན་པ་སོགས་ལ་ནག་ཉེས་འཛུགས་ཐབས་ལ་འབད་བརྩོན་བྱས་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཡོངས་དང་ཨ་རིའི་ཕྱི་སྲིད་ལས་ཁུངས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྙན་ཐོའི་ནང་བོད་མིའི་རང་ལུས་མེར་བསྲེགས་དང་ངོ་རྒོལ་རིམ་པ་ཡོང་དགོས་དོན་དེ་རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཡོད་པ་གསལ་བོར་གསུངས་པ་དེ་དག་རྒྱལ་སྤྱིའི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཐུབ་ཡོད་པའི་རྒྱུ་མཚན་གཙོ་བོ། བོད་ནང་དུ་རང་ལུས་མེར་བསྲེགས་གཙོས་ངོ་རྒོལ་བཅས་ཀྱི་གནས་ཚུལ་གང་བྱུང་བར་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་པར་འབད་བརྩོན་བྱས་ཀྱང་། ཁུངས་ལྡན་མིན་པ་དང་གསལ་བོ་མེད་པ་སོགས་ལ་བརྟེན་ནས་བྱུང་བ་རེད།

བོད་ནང་དུ་ཡོད་པའི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ནང་མི་དང་སྤུན་མཆེད་ཚོར་ང་ཚོས་དུས་རྟག་ཏུ་ཐུགས་སྨོན་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེ་བཞིན། ང་ཚོ་ཚང་མའི་འགན་གཙོ་བོ་ག་རེ་རེད་ཟེར་ན། ཁོང་ཚོའི་མངོན་འདོད་༧གོང་ས་མཆོག་བོད་དུ་གདན་འདྲེན་དང་། བོད་མིར་རང་དབང་དགོས་ཟེར་བ་སོགས་ཡིན་དུས་ང་ཚོ་ཕྱི་ལ་ཡོད་པའི་བོད་མི་ཚོ་ལ་དམིགས་བསལ་འགན་ཞིག་ཡོད། ཁོང་ཚོའི་མངོན་འདོད་ག་རེ་ཡིན་པ་འཛམ་གླིང་སྡིངས་ཆའི་ཐོག་སྐྱེལ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེའི་ཐོག་ཀིརྟིའི་རིན་པོ་ཆེ་མཆོག་ནས་ཀྱང་སྐུ་ངལ་འཛེམས་མེད་ཀྱིས་ཕྱིའི་རྒྱལ་ཁབ་ཁག་དང་ཨ་རིའི་གྲོས་ཚོགས་ནང་ཕེབས་ཏེ། གནད་ཡོད་མི་སྣ་མཇལ་འཕྲད་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་དངོས་ཡོད་གནས་ཚུལ་གསུངས་པ་དེས་ཡིད་ཆེས་དང་མཐོང་གཞན་ལས་ལྷག་པ་བྱུང་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་གསུངས་དོན། རྣམ་པ་ཚོ་ཆོས་ཕྱོགས་དང་འབྲེལ་བ་ཡོད་སྟབས། དོལ་རྒྱལ་དང་འབྲེལ་བའི་ཚིག་འགའ་ཞུ་དགོས་བསམ་བྱུང་། ཉེ་བའི་འཆར་༧གོང་ས་མཆོག་གང་དུ་ཆིབས་བསྐྱར་བསྐྱངས་ན་དོལ་རྒྱལ་རྗེས་འབྲང་པ་ཚོས་གཞི་མེད་སྐྱོན་འཛུགས་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་བར་༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་ཐོག་ནས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་དམ་དྲག་གནང་མེད་པར་མ་བསྟེན་རོགས་ཞེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། དོལ་རྒྱལ་བསྟེན་པ་ཡིན་ན་བོད་བསྟན་སྲིད་ལ་གནོད་ཀྱི་འདུག་པའི་བཀའ་སློབ་<གནང་བ་དེ་༧གོང་ས་མཆོག་ལ་འགན་དབང་ཆ་ཚང་ཡོད་པ་རེད། ཡིན་ནའང་། དོལ་རྒྱལ་རྗེས་འབྲང་པ་ཚོས་གཞི་མེད་སྐྱོན་འཛུགས་བྱས་ཏེ། ཁོ་ཚོར་དབྱེ་འབྱེད་དང་བརྙས་བཅོས་གཏོང་གི་ཡོད་སྐོར་ཤོད་ཀྱི་ཡོད། དེར་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་དང་གང་ཅིར་གདོང་ལེན་བྱེད་ཀྱིན་ཡོད། བདེན་པ་ང་ཚོར་ཡོད་པ་གསལ་བོ་རེད། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་ནས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་དམ་དྲག་གནང་བ་ཡིན་ན་དེ་ལ་དཔག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་ཤིག་འཛིན་དགོས་ཀྱི་ཡོད། ཡིན་ནའང་། དེ་བཀའ་སློབ་ལམ་སྟོན་རང་ཡིན་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་འཛིན་སྟངས་དང་ལག་བསྟར་བྱེད་སྟངས་ལ་ཁྱད་པར་གང་ཡང་ཕྱིན་ཡོད་པ་མ་རེད། ཅེས་སོགས་གསུངས་སོང་།

མཛད་སྒོ་མཇུག་བསྡོམས་སྐབས་སློབ་སྤྱིའི་ལས་རོགས་ཀླུ་ཆུ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་དོན། དེ་རིང་འདིར་ཆེས་མཆོག་ཏུ་བཀུར་བར་འོས་པའི་དཔལ་ལྡན་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ང་ཚོའི་མཛད་སྒོར་དངོས་སུ་ཕེབས་ཐུབ་པ་བྱུང་བ་རེད། ང་ཚོ་ཚང་མར་ཤིན་དུ་སྐལ་བ་བཟང་པོ་བྱུང་། ཚང་མས་མཁྱེན་གསལ་ལྟར་མི་རྗེ་སྐུ་ངོ་སྲིད་སྐྱོང་མཆོག་ཁོང་ལྟ་བུ་ཡིན་ན། འཇིག་རྟེན་འདི་ན་ཆེས་སྐད་གྲགས་ཆེ་བའི་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་སློབ་གྲྭ་ཆེན་མོའི་ནང་ནས་ཁྲིམས་ལུགས་སྐོར་གྱི་འབུམ་རམས་པ་དང་། ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་པའི་ལག་འཁྱེར་བཞེས་པ་དེ་ནི། འདས་པའི་ལོ་རྒྱུས་ནང་ང་ཚོ་བོད་མི་ས་ཡ་དྲུག་ཙམ་མ་ཟད། ཧི་མ་ལ་ཡའི་ས་ཁུལ་གྱི་རྒྱལ་ཁབ་འབྲུག་དང་། བལ་ཡུལ། སོག་པོ་སོགས་ནས་འདི་འདྲའི་མཁས་དབང་ཐོན་པ་དེ་ཁོང་ཐོག་དང་པོ་དེ་ཆགས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས་སློབ་མཐར་ཕྱིན་པའི་དགེ་འདུན་རྣམ་ཀྱི་མཉམ་དུ་དྲན་རྟེན་འདྲ་པར་སྐྱོན་པ་དང་ཉིན་གུང་རྗེས་ཀིརྟིའི་རིན་པོ་མཆོག་གིས་ཀྱང་སློབ་ཐོན་པ་རྣམ་པར་བཀའ་སློབ་གནང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།  ཡོང་ཁུངས་བོད་ཀྱི་དུས་བབ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading