Skip to content
____ དྲ་བའི་སྒང་གི་བཅར་འདྲི་དང་ལན་འདེབས།
྄བཅར་འདྲི་བྱེད་མཁན། འོད་དཀར།
དྲི་བ། ཁྱེད་ཀྱི་ལོ་རྒྱུས་མདོར་བསྡུས་ཞིག
ལན། སེང་རྡོར། རང་གི་མིང་ལ་སེང་རྡོར་འབོད་ཀྱིན་ཡོད། ལོ་དགུ་ཙམ་ནས་སངས་རྒྱས་ཆོས་ལུགས་ལ་སྦྱངས་ཁུལ་བྱས་ཏེ་འོང་། སོ་སོར་ནུས་པ་བག་ཙམ་ཡོད་པ་ནི་བོད་སྐད་ཅུང་དག་མོ་ཞིག་ཤོད་ཐུབ་པ་དང་། སྐད་ཆ་འགའ་རེ་ལྷུ་བསྒྲིགས་ནས་རྩོམ་ཡིན་ཟེར་བ་རེ་ཡང་སྦྱོར་ཁུལ་བྱེད་ཐུབ་པ་འདི་ཙམ་རེད་ཨང་། དེ་བས། ཆ་ཚང་ཡིན་མིན་ཅི་རིགས་དང་། དོན་ལ་གནས་མིན་ཅི་རིགས། ཞིབས་ཚགས་ལྡན་མིན་ཅི་རིགས་ཀྱི་རྩོམ་ཐུང་སྐོར་ཞིག་དེབ་ཏུ་བཅོས་ནས་སྤྱི་ཚོགས་སྟེང་བཀྲམས་ཟིན་པ་ཡིན་ཞིང་། དེ་ལ་བྱིས་རྩོམ་ལྟ་བུའི་དེབ་ཆུང་འགའ་ཞིག་ཡོད་པ་ལས་གཞན། སོ་སོའི་ངོས་ཐད་ནས་ནི་རྩོམ་ཡིག་འབྲི་སྤྱོང་གི་ཚོད་ལྟ་ཅུང་ལེགས་ཤོས་སུ་སྙམ་ཡོད་པའི་ <<གྲུ་ཟུར་གྱི་གསལ་སྒྲིབ>> དང་ <<རྟུལ་ ཕོད>> སོགས་ཡོད་པ་ཡིན་ནོ། །
དྲི་བ། མོའུ་ལྟ་བུ་ལ་མཚོན་ན་ནང་ཆོས་དུག་ལ་ངོས་འཛིན་བྱེད་ཀྱི་འདུག ཁྱེད་ཀྱིས་ནང་ཆོས་འདི་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ལན། སེང་རྡོར། དྲི་བ་འདི་ཅུང་འགངས་ཆེན་རེད་དེ། ཆོས་ལུགས་ཟེར་པ་འདིར་ཧྲིལ་གྱིས་སམ་ངོ་བོའི་ཆ་ནས་གཞིགས་ཚེ་མར་ཁེ་སི་སོགས་ཀྱི་སྡོམ་ཚིག་དེ་འདྲ་ཡང་ཐོན་ངེས་རེད་ཀྱང་། འོན་ཏེ། འཕྲེད་ཐུར་གཉིས་ཆ་ནས་ཆོས་ལུགས་ཐམས་ཅད་རིག་གནས་ཤིག་གི་ཚད་དུ་བཞག་སྟེ། བླངས་དོར་བྱ་ཆོག་པ་དང་འཕྲི་སྣོན་བྱ་ཆོག་པ་དང་དགག་བཞག་བྱ་ཆོག་པ་ཞིག་ལ་བརྩི་བ་ཡིན་ཚེ། དུས་ཇི་སྲིད་བར་དུ་ཆོས་ལུགས་ལའང་ཆོས་ལུགས་ཀྱི་རིན་ཐང་དང་ཁྱད་ཆོས་ལོས་ཡོད་སྙམ་པ་འདུག དེའི་གནད་ཀྱང་། ཆོས་ལུགས་གང་ཡིན་ཡང་སྐྱེ་བོ་ཐུན་མོང་གིས་བརྩམས་ཤིང་བསྐྲུན་པར་བྱས་པ་ཞིག་ལས་སྟོན་པ་ཞེས་པའི་སློབ་དཔོན་གཅིག་ཙམ་ལ་བདག་པ་ཞིག་ཁྱོན་ནས་མ་ཡིན་པས་སོ། །
འོ་སྐོལ་གྱི་སངས་རྒྱས་ཆོས་ལུགས་ལ་མཚོན་ན་ཡང་། དེའི་སྲོལ་ཙམ་བཏོད་པ་པོ་རྒྱལ་བུ་དོན་གྲུབ་ཡིན་པར་ཁས་འཆེ་བྱས་ཀྱང་མི་སྐྱོན་མོད། <<ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་སྟོང>> སོགས་སྟོན་པ་གཅིག་གི་བཀའ་ཡིན་ཚུལ་དང་དེ་ལས་གསར་པ་ཞིག་གང་ནའང་མེད་ཚུལ་སོགས་འཆད་འོང་དུས། གཏན་ཚིགས་ཡང་དག་གིས་ཁྱོན་ནས་འགྲེལ་ས་མི་འགྲོ་བ་ཕར་ཞོག་དང་། མིའི་ལུགས་མཐུན་གྱི་འཚོ་བའི་ཆོས་ཉིད་དང་ཡང་རྒྱབ་གཏོད་དུ་འགྱུར་ཞིང་དེ་དང་ཆབས་ཅིག་ཡ་མ་བརླའི་ཀུན་སྤྱོད་ལྟ་བ་དང་། ཡ་མ་བརླའི་མི་གཤིས་སེམས་ཁམས་དང། ཡ་མ་བརླའི་ཚད་འདས་བཅས་ཁྲིམས་ལ་སོགས་པ་ཐོན་ཞིང་འཕེལ་བར་འགྱུར་ཏེ། (ཁོ་བོས་བྲིས་པའི་ <<དྲི་མེད་ཀུན་ལྡན་གཏན་ལ་ཕབ་པ>> དང་ <<མི་ལ་རས་པའི་ཕྱི་དུམ>> དང་ <<ལྷ་ཞལ་མཇལ་པའི་ལོ་རྒྱུས>> དང་ <<གནང་བཀག>> སོགས་ ལ་བལྟ་བར་འཚལ། ) མཇུག་འབྲས་ནི་སྲིད་ཀྱི་དཀར་ཡོལ་གཅོག་བྱེད་ཅིག་དང་འབྱོར་བའི་ཕུག་ཀ་རྫོགས་བྱེད་ཅིག་ཆགས་འགྲོ་བ་མ་གསུང་དང་། ད་དུང་སྟབས་ཉེས་ན། ཆེ་གྲགས་དཔལ་གསུམ་གྱི་རི་མོ་བསུབ་པར་བྱེད་ཅིང་བྲན་སྤྲང་གཡོག་གསུམ་གྱི་ཤིག་སྲོ་ཁ་དར་བར་བྱེད་པའང་ཐག་གིས་ཆོད་དེ། དེ་ལ་སྒྲུབ་བྱེད་གཞན་པ་ཅི་ཡང་མི་དགོས་ཏེ། བོད་རང་གི་ལོ་རྒྱུས་ཀྱི་དར་རྒུད་དང་ཆོས་ལུགས་ཀྱི་དར་རྒུད་གཉིས་ཀ་བསྡུར་ཙམ་ བྱས་པས་ཀྱང་ཧ་གོ་གི་རེད་འདུག འདི་ལྟར་དུ་གཏམ་དུས་མི་སྐོར་ཞིག་གིས་ནི་རྒྱལ་ཁབ་ག་གེ་མོར་སངས་རྒྱས་ཆོས་ལུགས་དར་བ་ཡོད་ཀྱང་སྟོབས་འབྱོར་རབ་ཏུ་འཕེལ་འདུག་སོགས་འཛེར་བར་བྱེད་མོད། དེ་ནི་ཡུལ་དུས་གནས་གསུམ་གྱི་རིག་གནས་དང་རིག་གནས་བར་གྱི་གཙོ་ཕལ་གྱི་ནུས་པ་ལོགས་ཤིག་ཡིན་སོང་བས། སོ་སོས་ག་ལེར་སྦྱངས་ཏེ་རིག་པ་བོགས་ཐོན་པར་བྱ་བ་ལས། ཁོ་བོས་བཅར་འདྲིའི་ཚིག་དུམ་འགའ་ཞིག་ལས་ཅི་ལྟར་གསལ་བོར་སྨྲའམ།
གང་ལྟར་གནའ་བོའི་མཁས་ཆེན་ལ་ལས་གསུངས་པ་བཞིན་དུ། ཚད་ངེས་ཅན་ཞིག་ནས་མིའི་རིགས་ཀྱི་ཤེས་བྱ་ཡོངས་རྫོགས་ཆོས་ལུགས་སམ་ལྷ་སྒྲུང་ལས་སྐྱེས་ཤིང་ཁ་གྱེས་པ་ཡིན་ཅེས་པར་ཁོ་བོ་བག་ཙམ་འཐད་མོད། འོན་ཀྱང་ཆོས་ལུགས་རང་ཉིད་ཀྱང་མིས་བསྐྲུན་ཞིང་མིས་སྤེལ་པ་ཡིན་ཕྱིར། ཇི་སྲིད་མིའི་ཤེས་རབ་ལ་ཚད་ཡོད་པ་བཞིན་དུ་ཆོས་ལུགས་ཀྱིས་འགྲེལ་བཤད་ལའང་ཚད་ཡོད་ཅིང་། ཆོས་ལུགས་ཤིག་བརྟན་ཅིང་གནས་ཐུབ་མིན་ཡང་མི་རྣམས་ཀྱིས་ཆོས་ལུགས་དེ་བསྙོར་ཞིང་སྐྱོང་བའི་ཚད་ལ་ཐུག་འདུག་སྟེ། གསལ་བོར་བཤད་ན། ཆོས་ལུགས་གང་ཡིན་ཀྱང་དགག་སྒྲུབ་ཀྱིས་འཛིན་དགོས་ཤིང་དགག་སྒྲུབ་ཀྱིས་སྤེལ་དགོས་པ་དེ་རེད་ལ། ལྷག་པར་དུ་ཆོས་ཉིད་དང་དུས་རབས་ཀྱིས་གཏན་ལ་ཕབ་ཡོད་པའི་མིའི་དགོས་མཁོ་དང་འཕྲོད་ཅིང་རན་དགོས་པ་དེ་རེད། དེ་ལ་འདི་ལྟར་ཟེར་ན་འགབ་སྟེ། ལྷ་མིའི་རྣམ་འདྲེན་ཆེན་པོ་ཅིག་ཅིག་ཅིག་སོགས་ཏེ་ཐ་སྙད་ཀྱིས་སྤྲོས་བརྗོད་ཅི་ཙམ་བྱས་ཀྱང་སྟོན་པ་ཤཱཀྱ་ཐུབ་པ་སོགས་ཀྱང་སོ་སྐྱེས་ང་འདྲ་ཁྱོད་འདྲ་ཡིན་པ་ཐག་གིས་ཆོད་པ་དང་གཅིག འཇིག་རྟེན་འདིར་གཞར་ཡང་ཀུན་ཁྱབ་ཀྱི་ཚད་མའི་སྐྱེས་བུ་དང་ཀུན་ཁྱབ་ཀྱི་ཚད་མའི་སྐད་ཆ་མེད་པ་དང་གཉིས། ཆོས་ལུགས་ཀྱི་བཀའ་པོད་ཡོངས་རྫོགས་པོ་དུས་རབས་སོ་སོའི་སྐྱེས་བུ་ཤེས་རབ་ཅན་ཚོས་བརྩམས་ཤིང་གྲུབ་པར་བྱས་པ་དང་གསུམ་བཅས་ཏེ། ཁོ་བོས་ <<རྟུལ་ཕོད>> སོགས་ལས་བསྟན་ཅིང་སྨྲ་བར་འདོད་པའང་དེ་ཡིན་ལ། བདག་གིས་ཆོས་ལུགས་ཁག་ལ་བཟུང་བའི་རྣམ་འགྱུར་དྲང་ཞིང་རྙོག་སླད་མིན་པའང་འདི་ ལས་ཅི་ཞིག་ཡོད་དམ། དེ་བས། ཆོས་ལུགས་ཁག་གི་བཀའ་པོད་འདི་དག་རང་རང་གི་སྟོན་པ་སྐུ་དངོས་ཀྱི་སྐད་ཆ་དང་དགོངས་པ་མ་ཡིན་པའི་ཆ་ནས <<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང>> སོགས་ཟེར་བ་མ་བཏོགས། རྒྱ་བོད་ལོ་པན་ཐམས་ཅད་རྫུན་རྐྱལ་ཏག་ཏག་རེད་ཟེར་པའང་ག་ལ་ཡིན་ཨང་། འོན་ཀྱང་བོད་གཞིས་བྱེས་ཀྱི་སྨྱུག་ཐོགས་པ་མང་ཞིག་གནད་འདི་ན་གོ་བ་ཆེན་པོ་ལོག་གྱིན་པས་བློ་ཕམ་བསྟུད་མར་སྐྱེས་སུ་ཐལ།
མདོར་བསྡུས་ན། ཆོས་ལུགས་ཆེན་པོ་གསུམ་མམ་བཅུ་སོགས་ཀྱང་ཚན་རིག་དང་འདྲ་བར་འཇིག་རྟེན་ཁམས་ཞེས་པའི་འདྲི་རྟགས་ཆེན་པོ་འདིའི་དྲིས་ལན་མི་འདྲ་བ་རེ་རེ་ཙམ་ཡིན་ལ། བརྟགས་པ་མཐའ་བཟུང་གིས་སྨྲས་ན། ཆོས་ལུགས་གང་ལའང་རང་རང་གི་ཁྱད་ཆོས་ཕྲན་ཙམ་རེ་ཅིས་ཀྱང་ཡོད་ངེས་ཤིང་དེ་ནི་འཇིག་རྟེན་ཁམས་ཞེས་པའི་འདྲི་རྟགས་ཆེན་པོ་འདིའི་དྲིས་ལན་ཡང་དག་ཏུ་འགྲོ་ལ་མི་འགྲོ་ཙམ་ཞིག་ཡིན་སོང་འདུག ཆོས་ལུགས་མང་ཞིག་དར་ཞིང་སྲིད་དགོས་པའི་རྒྱུ་མཚན་ཡང་འདི་ཡིན་སྙམ་ཞིང་། ཇི་སྲིད་འཇིག་རྟེན་ཁམས་ཀྱི་གསང་བ་ཐམས་ཅད་རྗེན་ཅར་དུ་མ་རྟོགས་པ་དེ་སྲིད་ཆོས་ལུགས་ཁག་གི་ཤུལ་འཕྲོ་ཙམ་པོ་ཡང་ཚར་བར་མི་འགྱུར་ཞིང་། དེའི་བར་དུ་མི་རྣམས་ལ་ཆོས་ལུགས་ཁག་ནི་མཁོ་ཞིང་དགོས་པའི་ཡི་གའང་བཟློག་ཐབས་མེད་པ་རེད་ཨང་། དམིགས་བསལ་དུ་སངས་རྒྱས་ཆོས་ལུགས་ཀྱི་ཁྱད་ཆོས་སམ་རིན་ཐང་ནི་མཚན་ཉིད་རིག་པའི་ཟབ་ཚད་ན་ཡོད་པར་འདོད་ཅིང་ཆོས་ལུགས་གཞན་དག་གི་ཁྱད་ཆོས་ནི་མིའི་འཚོ་བ་དང་མཐུན་ཚབས་ཆེ་བའི་སྟེང་ན་ཨེ་ཡོད་པ་སྙམ་པ་ཞིག་འདུག དེས་ན་བདག་གི་སངས་རྒྱས་ཆོས་ལུགས་ཐད་ཀྱི་དྲན་ཚུལ་གཙོ་བོ་གཅིག་ནི <<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་>> ཅེས་པར། སྟོན་པའི་དགོངས་པ་ཡིན་པའི་བཀའ་སོགས་མེད་པའི་ཕན་དུ་སངས་རྒྱས་ཆོས་ལུགས་ལ་རིན་ཐང་ཏིལ་ཙམ་མེད་ཟེར་པའང་མིན་ཏེ། རྩོམ་རིག་རིན་ཐང་དང་། སྒྱུ་རྩལ་རིན་ཐང་སོགས་ཚང་པའི་ཞར་ལ། ལན་རེར་སེམས་ངལ་གསོ་པའི་ནུས་པ་ཞིག་ཀྱང་ཡོད་ལས་ཆེ་སྟེ། <<སྤྱོད་འཇུག་ཆེན་མོ>> ཚར་གཅིག་བཀླགས་པས་ཀྱང་དགུན་དུས་ཀྱི་འོ་འཁྱག་ཁམ་གང་འཐུང་པ་ནང་བཞིན་ལུས་སེམས་གཉིས་ཀྱིས་སིམ་ཚོར་མྱངས་མི་མཛད་པ་ཞིག་རྙེད་པ་ཁོ་བོ་རང་ལའང་རྒྱུས་ཆ་ཆེ། ཞེས་པ་དང་། དེ་བཞིན་ཆོས་ལུགས་ཁག་སྤྱིའི་ཐད་ཀྱང་འདི་ལྟར་བཤད་ཡོད་དེ། ལར་ཆོས་ལུགས་གང་གི་ནང་ནའང་གྲོང་ཁྱེར་པ་ཚོ་ཇ་ཁང་ལ་སྤྲོ་བ་ལྟ་བུའི་མི་བུའི་དགའ་ཕྱོགས་རིགས་ཤིག་ཡོད་ཅིང་། དེ་ནི་ཞེན་བློ་འཆར་ཡན་གྱིས་མཇལ་རྒྱུ་ཙམ་ཞིག་མ་གཏོགས། ཟབ་མོ་རིག་པ་སོགས་ཀྱིས་དཔྱད་དེ་གཏན་ལ་དབབ་སོང་ཟེར་པ་ཞིག་ཀུན་ཏུ་ཡོད་མི་སྲིད་པས་འཐུས། ཆོས་སྲིད་ཟུང་འབྲེལ་བྱས་ན་ཤིན་ཏུ་ཤིན་ཏུ་མི་འགྲིག་ཅིང་། ཆོས་སྲིད་ཐ་དད་ཅེ་ན་ཡང་བག་ཙམ་ཧ་གོ་གི་མ་རེད། ཡིན་ནའང་། རིག་གནས་ཀྱི་གོ་དོན་ངེས་པར་བྱས་ནས་ཆོས་ལུགས་གང་ཡང་རིག་གནས་ཤིག་ཡིན་པར་ཁས་བླངས་ན་ད་གདོད་རྩོད་པ་ཞི་འགྲོ (ཚད་ངེས་ཅན་ཞིག་ནས) གི་རེད། སྤྱིར་རིག་གནས་ནི་མི་བུས་བསྐྲུན་ཅིང་མི་བུས་གཏོར། གང་ཡང་མི་བུ་ནས་ལས་བརྩམས་པ་ཞིག་ཡིན་པས་དེ་ན’ཐམས་ཅད་མཁྱེན་པ’དང’ལྷ་ཆེན་པོ’སོགས་ནམ་ཡང་གཞི་མི་གྲུབ་ལ། རིག་གནས་ཤིག་ཡིན་ཕྱིན་བཅོས་བསྒྱུར་གྱི་ལམ་ཁ་མ་བརྒྱུད་པ་འགའ་ཡང་མེད་དོ། ། ཅེས་པ་སོགས་ཀྱིས་ཧ་ཅང་ཁ་གསལ་བོས་རང་ལུགས་འདྲ་བོ་སྨྲས་ཚར་ལ། འདི་ནི་ཁོ་བོས་ཆོས་ལུགས་ཁག་ལ་བཟུང་བའི་དྲང་ཕྱོགས་ཀྱི་རྣམ་འགྱུར་ཅིག་དང་དྲང་ཕྱོགས་ཀྱི་ཁག་ཐེག་ཅིག་ཀྱང་ལོས་ཡིན་སྙམ་སྟེ་ཡོད།
དྲི་བ། ཁྱེད་ཀྱིས་ནང་བསྟན་ཆོས་ལུགས་འགོག་གི་ཡོད་ན་དེ་འགོག་དགོས་པའི་བསམ་བློ་ག་འདྲ་བྱས་ནས་འཁོར་སོང་།
ལན། སེང་རྡོར། དེ་ནི་མིའི་ལྷན་སྐྱེས་ཀྱི་ངོས་ཐད་ནས་དང་གངས་ཅན་པའི་འཚོ་གནས་ཀྱི་ངོས་ཐད་ནས་ཏེ། དྲིས་ལན་ཕལ་ཆེར་གོང་ནས་བཏབ་བཞག་ཡོད་པ་འདྲ། སྟབས་བདེ་བོར་བཤད་ན་ <<རྟུལ་ཕོད>> ཧྲིལ་བོ་ནི་སངས་རྒྱས་ཆོས་ལུགས་འགོག་དགོས་པའི་རྒྱུ་མཚན་དང་ཚུལ་ཇི་ལྟ་བུས་འགོག་པ་དང་ཚད་གང་ཙམ་ཞིག་ཏུ་འགོག་འོས་ཚུལ་སོགས་ཀྱི་སྐྱ་ཐིག་ལྟ་བུར་བརློམས་ནས་ཡོད།
དྲི་བ། ཁྱེད་ཀྱིས་ནང་བསྟན་ཆོས་ ལུགས་འགོག་པའི་རྩོམ་ཡིག་དེ་དག་སྤེལ་སྐབས་ཁྱེད་ལ་སྤྱི་ཚོགས་ཁྲོད་འདྲ་མིན་མང་པོ་ཞིག་བཤད་བཞིན་འདུག་ལ། དེ་བཞིན་ཁྱེད་ཀྱི་ཟིན་བྲིས་ནང་ཡ་ང་ བའི་ཚིག་དེ་འདྲ་བེད་སྤྱོད་བྱེད་ཀྱི་འདུག དེས་ན་འདི་དག་ལ་བསམ་བློ་ཇི་ལྟར་གཏོང་གི་ཡོད།
ལན། སེང་རྡོར། ད་ནི་གདོང་ག་གཞུ་བ་དང་བདེན་པའི་ཨུ་ཚུགས་འཛིན་པ་ལས་ཐབས་གཞན་ཅི་ཞིག་ཡོད་དམ། དགེ་ཆོས་མཆོག་གི་སྐད་ཀྱིས་མཚོན་ན་འདི་ལྟ་སྟེ།
དྲེགས་ལྡན་འུག་པ་ཁྲོས་པའི་ཧ་ཧ་དང་། །
བླུན་པོ་ཕག་གིས་བརྙས་པའི་ཧུམ་སྒྲ་དང་། །
བློ་ཆུང་བྱིས་པ་དགོད་པའི་སྣ་གཉེར་ལ། །
འཇིགས་པའི་ཡ་ང་བདག་ལ་ཡོད་མ་ཡིན། །
ཞེས་པ་དེ་ཡིན་ལ། ད་དུང་ཡང་གཅིག་བཤད་ན། མིའི་རིགས་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་གྱི་བསམ་བློ་བ་དང་རྟུལ་ཕོད་ཅན་དག་སྟེ། ཨོ་ཝེ་ཏེ་དང་། ཀྲེ་ལུའོ་མུའུ་དང་། པི་རུའུ་ནོ་སོགས་ཀྱི་འཇིགས་པ་མེད་པའི་དཔའ་སྤོབས་དེ་ལ་རྨི་ལམ་ནས་ཀྱང་གདུང་སེམས་དང་དཔེ་ལྟ་བྱ་རྒྱུ་དེའོ། །
དྲི་བ། གལ་ཏེ་བོད་ཀྱི་ནང་བསྟན་ཆོས་ ལུགས་མེད་པ་ཆགས་ན་ཁྱེད་ལ་དེའི་ཚབ་ཅིག་ཡོད་དམ།
ལན། སེང་རྡོར། ཁོ་བོས་ <<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང>> ཞེས་པའི་རྩོམ་དེར་འདི་འདྲ་ཟེར་སོང་ཡོད། “ནང་ཁོག་དང་སྐྱི་པགས་མ་ཚོར་པར་བརྗེ་བཞིན་པའི་ ཆོས་ལུགས་ཀྱི་ཤི་འཕྲོ་ཡལ་འཕྲོ་ཞིག་དུས་རྟག་ཏུ་ཡོད་ཀྱང་སྲིད་དོ” ཅེས་པ་སོགས་ཏེ། དེའི་དོན་ནི་དག་པའི་ཞིང་ཁམས་སོགས་ལ་འགྲོ་བྱེད་ཀྱི་ལྷའི་ཆོས་ལུགས་ཤིག་གང་དུའང་གནས་སྡོད་མི་སྲིད་རུང་། མིའི་ལྷན་སྐྱེས་ཀྱི་དགོས་མཁོ་དང་འཚོ་གནས་ཀྱི་དགོས་མཁོ་ལ་འཕྲོད་ཅིང་རན་པའི་ཆོས་ལུགས་ཤིག་ཡིན་ཚེ་སྐབས་དུས་ངེས་ཅན་ཞིག་ལ་གཏན་ནས་ཉམས་མི་སྲིད་ལ་ཉམས་དགོས་པའི་སྐད་ཆ་ཡང་སྨྲ་ཡི་མེད་ཅེས་པའོ། ། དེ་བས་ན། འབྱུང་འགྱུར་གྱི་སངས་རྒྱས་ཆོས་ལུགས་ཀྱང་བསྒྱུར་བཅོས་དང་འདོར་ལེན་ཁྲོད་ཀྱི་རིག་གཞུང་བྱེ་བྲག་པ་ཞིག་ལ་གོ་དགོས་ཡོད་ཅིང་། ད་ཆའི་སངས་རྒྱས་ཆོས་ལུགས་དང་རྒྱང་ཐག་གིས་ཆོད་ཡོད་པའང་གདོན་མི་ཟའོ། །
དྲི་བ། ད་དུང་ནང་བསྟན་ཆོས་ལུགས་དང་མ་འབྲེལ་བའི་བོད་ཀྱི་རིག་གནས་བྱེ་བྲག་པ་ཞིག་བོད་ལ་ཡོད་པ་མཐོང་གི་འདུག་གམ།
ལན། དྲི་བ་འདིའི་ནང་དོན་གསལ་བོ་མིན་པས། ལན་འདེབས་རྒྱུ་ཅང་མེད་ཐལ།
དྲི་བ། དེང་སྐབས་མི་ཁ་ཤས་ཀྱིས་ནང་ ཆོས་ཞེས་པ་འདི་རྨོངས་དད་གྱི་ཆོས་ལུགས་ཞིག་མ་ཡིན་པར་སེམས་ཀྱི་ཚན་རིག་ལ་ངོས་འཛིན་བྱེད་ཀྱི་འདུག་ འདིའི་ཕྱོགས་ལ་ཁྱེད་ལ་བསམ་ཚུལ་ག་འདྲ་ཡོད།
ལན། སེང་རྡོར། ཕྱོགས་གཅིག་རྐྱང་ནས་བསམས་ཚེ་དེ་དེ་ལྟར་དུ་ཡིན་ཀྱང་སྲིད་མོད། འོན་ཀྱང་ཕྱོགས་གཞན་དང་བསྡུར་ནས་བལྟས་ཚེ། དེ་དེ་ལྟར་ཁྱོན་ནས་ཡིན་ས་མི་འགྲོ་བའི་དོན་ཞིག་ཀྱང་ཡོད་ངེས་སྙམ་པ་འདུག དེའི་ཕྱིར་ང་རང་འདི་ལ་འཐད་པ་རང་མེད་སོང་། ཡིན་ནའང་། སངས་རྒྱས་ཆོས་ལུགས་ཁྲོད་ནས་རྩོད་གླེང་ཚ་ངར་སྤེལ་མྱོང་པའི་རིག་པ་སྟོང་བ་ཉིད་ཏེ། དགེ་ཆོས་ལགས་ནས་མཐའ་སྡོམ་གཞན་ཞིག་མཛད་སོང་བའི་ ”ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ” སོགས་ལ་ཁོ་བོར་ཡི་ག་སྟོབས་ཆེན་ཞིག་ཕྱེས་ནས་ཡོད་ཅིང་། འདི་ག་རང་ངས་ནི་བོད་ཆེན་པོའི་རིག་པའི་ཁྲོད་ཀྱི་བསམ་བློ་ཨ་མཚར་ཅན་ལའང་ཁ་དམར་གདགས་བཞིན་ཡོད་པ་ཡིན། རིག་པ་དེ་དང་མིའི་མཚོ་གནས་ཀྱི་འགལ་འབྲེལ་ཟུང་ལ་གཟས་ནས་ཁོ་བོས་ <<སྟོང་བ་ཉིད་ཀྱི་བསྟན་བཅོས>> དང་ <<ཀུན་ལ་ཁྱབ་པའི་སྣང་སྟོང>> <<ཀླུ་སྒྲུབ་དགོངས་རྒྱན་གྱི་རྒྱུ་མ་འདི་རེད་>> སོགས་བྲིས་པ་ཡིན་ཞིང་། འོན་ཏེ། སྐབས་འདིའི་སྟོང་བ་ཉིད་དང་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་སྟོང་བ་ཉིད་གཉིས་ལ་བར་ཐག་དང་ཧེ་བག་ངེས་ཅན་ཡོད་པའང་མཁྱེན་དགོས་ཏེ། སངས་རྒྱས་ཆོས་ལུགས་པ་ཚོས <<ཀླུ་སྒྲུབ་དགོངས་རྒྱན>> ལ་དགག་ལན་རི་ལྟར་སྤུངས་དགོས་པའི་ རྒྱུ་མཚན་ཀྱང་སྟོང་བ་ཉིད་དེ་གཉིས་ཀྱི་བར་ཐག་ཡིན་ལ། དགེ་ཆོས་ལགས་ཀྱིས་ <<འདོད་པའི་བསྟན་བཅོས>>> དང་ <<དེབ་ཐར་དཀར་པོ>> སོགས་བརྩམས་གནང་མཛད་ཐུབ་དོན་ཡང་སྟོང་བ་ཉིད་དེ་གཉིས་ཀྱི་ཧེ་བག་ཡིན་པའོ།
རྒྱུ་མཚན་དེའི་ཕྱིར་ན། ཁོ་བོ་རང་ནི་སངས་རྒྱས་ཆོས་ལུགས་ཀྱི་ལོགས་ཤིག་ཡིན་པའི་རིག་པ་སྟོང་བ་ཉིད་ལ་ཁས་ལེན་བྱེད་པའི་འཚོ་གནས་རིང་ལུགས་པ་གཞན་ཞིག་ཡིན་ཞེས་ཀྱང་ཟེར་པར་འདོད་དོ། །
དྲི་བ། ཤེས་ཡོན་ཅན་ཞིག་གི་འགན་གཙོ་ བོ་དེ་ཁྱེད་ཀྱིས་གང་མཐོང་གི་འདུག
ལན། སེང་རྡོར། དེ་ནི་གཞན་གྱིས་ཤེས་ཡོན་ཅན་ལ་བཞག་པའི་སྒྲིག་སྲོལ་མང་པོ་བརྩི་མི་ཐུབ་བཞིན་དུ་ཐུབ་མདོག་སྟོན་པ་ཡེ་མིན་པར། དུད་ནག་འཐེན་པའི་དགེ་ཆོས་ཤིག་དང་། དངུལ་ལོར་རྫུན་མ་བཟོ་བའི་དགེ་ཆོས་ཤིག་དང་། བདེན་པ་གཅེར་བུ་སྨྲ་བའི་དགེ་ཆོས་ཤིག་སྟེ། དགེ་ཆོས་དེ་གསུམ་ཀ་ལྷན་དུ་བསྒྲིགས་པ་ཡིན་ན་ད་གཟོད་མི་ངོ་མའི་དགེ་ཆོས་ཧྲིལ་ བོ་གཅིག་འགྲུབ་པར་འགྱུར་ལ། ཤེས་ཡོན་ཅན་ཀྱང་དེ་དང་འདྲ་བ་སྟེ། ཚད་ངེས་ཅན་ཞིག་ནས་རང་གི་མི་རིགས་ཀྱི་ཕྱིར་དང་ཉམ་ཐག་པའི་མང་ཚོགས་ཀྱི་ཕྱིར་ དུ་ཅི་ཡང་བྱེད་ཕོད་པ་ཞིག་ཡིན་ན་ཤིན་ཏུ་དགའ་མོད། དེ་འདྲ་མ་ཐུབ་ཀྱང་མི་སྐྱོན་ཏེ། རང་གིས་མི་ནུས་པ་གང་ཞིག་མི་ནུས་སོ་ཞེས་ཤོད་དུ་ཡོད་ན་དེ་ཡང་ཤེས་ཡོན་ཅན་གྱི་ ཁྱད་ཆོས་གཅིག་ལོས་ཡིན་ཨང་།
མཐར་གཏུགས་ན། ཁོ་བོས་ <<རྟུལ་ཕོད>> ལས། རང་གི་སེམས་ལ་ཅི་ལྟར་འཆར་པ་དེ་ཤིན་ཏུ་དྲང་བོའི་ངག་གིས་གསོང་བོར་བརྗོད་པ་ ཞིག་ཡིན་པས། (མི་ཁ་ངན་པ་དང་སྦྱོར་བ་གདུག་རྩུབ་ཅན་ལ་གཏན་ནས་འཛེམ་མེད)ཅེས་པ་ནི་རང་གི་གནས་སྐབས་ཀྱི་རྩོམ་འབྲིའི་དམ་བཅའ་ལྟ་བུ་ཡིན་པའོ། །
ཁྱེད་ཀྱིས་བཅར་འདྲི་འདི་དང་ལེན་བྱས་པར་ངས་རང་དྲ་བའི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
སེང་རྡོར། བདག་གིས་ཀྱང་ཁྱེད་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག
Like this:
Like Loading...