ཀླུ་མཁར་བྱམས་ལ་ངེད་དྲ་བས་བཅར་འདྲི།

བཅར་འདྲི་བྱེད་མཁན།  འོད་དཀར།

དྲི་བ།  དམངས་གཙོའི་ལམ་ནས་བཀའ་ཁྲི་ཐད་ཀར་འདེམས་པའི་ལམ་ལུགས་གཏན་འཁེལ་བྱུང་བ་འདིའི་ཐད་ལ་བསམ་ཚུལ་ཅིག་གསུང་རོགས།

        ལན།  དྲི་བ་འདི་ཁག་གཉིས་ལ་དབྱེ་དགོས་ཀྱི་འདུག་སྙམ། དང་པོ་དམངས་གཙོའི་ལམ་ཟེར་བ་འདི་རེད་ལ་ད་ལྟའི་ང་ཚོའི་དམངས་གཙོའི་ལམ་འདི་ལམ་ལོག་ཅིག་རེད་ལབ་ན་འགྲིག་མིན་མི་ཤེས་ཏེ།  དེང་སང་གི་དམངས་གཙོའི་ལམ་ལུགས་གཞན་དག་དང་བསྡུར་ན་ར་མ་ལུག་ཞིག་ཏུ་ཆགས་ཡོད་པ་གསལ་བོ་རེད།  དཔེར་ན་ང་ཚོར་ཆབ་སྲིད་ཚོགས་པ་དང་། གྲོས་ཚོགས་གོང་འོག་མེད་པ་ལྟ་བུ་དང་། ཆོས་བརྒྱུད་ཁག་གི་མིང་འཁུར་མཁན་ཚོར་འོས་ཤོག་གཉིས་འཕེན་རྒྱུའི་ཐོབ་ཐང་ཡོད་པ་ལྟ་བུ་རེད།  ཡིན་ནའང་རང་གི་ཞན་ཆ་དགེ་མཚན་དུ་སྒྲོག་མཁན་ཚོར་རྩོད་པ་བརྒྱབ་ནས་ཆོད་ཡོད་པ་མ་རེད།  དེ་བས་སྐབས་བབ་ཀྱི་བརྗོད་བྱ་གཙོ་བོ་བཀའ་ཁྲི་འདེམ་སྟངས་ཀྱི་གཞི་རིམ་འོས་བསྡུའི་ལམ་ལུགས་སྐོར་རེད།  ང་རང་བཙན་བྱོལ་དུ་ཡོང་བའི་ཚུན་ཆད་ལ་བཀའ་ཁྲི་ཐེངས་གཉིས་འདེམས་པ་དང་།  སྤྱི་འཐུས་ཐེངས་ཁ་ཤས་ལ་འདེམས་པའི་ཉམས་མྱོང་ལ་གཞིགས་ན།  ང་ཚོའི་འོས་བསྡུའི་གཞི་རིམ་འགྲོ་སྟངས་འཐུས་ཚང་མེད་པ་དང་།  དེར་ཆབ་སྲིད་པ་ཚོས་མངོན་ལྐོག་གཉིས་ན་བྱུས་ངན་བཤམས་ས་ཡོད་པ་དེ་རེད།  འདིའི་ཐད་བཀའ་ཁྲི་ཐེངས་གཉིས་པའི་སྐབས་ཨོ་རུ་ས་གཞིས་ཆགས་ཀྱི་འོས་ཤོག་ཐད་རྩོད་རྙོག་བྱུང་བ་དང་།  བཀའ་ཁྲི་ཟམ་གདོང་ཚང་ལ་འོས་ཤོག་བླུགས་པའི་གོ་རིམ་ཁྲོད་གཞུང་གིས་ཐད་ཀར་རམ།  ཡང་ན་དངོས་ཤུགས་བརྒྱུད་གསུམ་ནས་བཀའ་ཁྲི་ཟམ་གདོང་ཚང་འདེམ་ན་ཡག་རབས་རྒྱན་རབས་དང་།  གཞན་མི་སྣ་སུ་དང་སུ་སླེབས་ན་ཉེན་ཁ་ཡོད་ལུགས་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད།  དྲིལ་བསྒྲགས་དེའི་འགྲོ་གྲོན་གཞུང་འབྲེལ་ཐོག་ནས་བཏང་བ་ལྟ་བུ་རེད།  འདི་ལྟར་དམངས་གཙོའི་ལུང་པ་ཚད་ལྡན་ཞིག་གི་ནང་དུ་གཞུང་ཞིག་འོས་འདེམས་ཁྲོད་ནས་བར་གནས་མ་ཐུབ་པར་མི་སྣ་ག་གེ་མོའི་ཕྱོགས་སུ་ལྷུང་ནས་དྲིལ་བསྒྲགས་བྱས་ན་རྦད་དེ་ཚར་བ་རེད།


དྲི་བ།  ངེད་དྲ་བས་སྐབས་གསུམ་པའི་བཀའ་ཁྲི་འཚོལ་བའི་འོས་གཞིའི་ཆ་རྐྱེན་ལ་མི་ཚུད་པ་གཉིས་དང་ལྡན་པ་དྲུག་ཅེས་པའི་གླེང་གཞི་ཞིག་བཏོན་པ་འདིར་ཁྱེད་ལ་བསམ་ཚུལ་ཅི་ཡོད་དམ།

        ལན།  ངས་དྲ་ངོས་ནས་དོན་ཚན་དེ་དག་མཐོང་སོང་།  ཡིན་ནའང་དེ་ནི་དེ་ལྟར་ཆ་རྐྱེན་འདོན་མཁན་རྣམ་པའི་ཆ་རྐྱེན་ཡིན་པ་ལས།  མ་འོངས་པར་ཆ་རྐྱེན་དེ་དག་ཚང་མཁན་གྱི་མི་ཞིག་ཡོང་མིན་བཤད་ཁག་པོ་རེད།  ང་ལ་མཚོན་ན་བཀའ་ཁྲི་དེར་སྲིད་དོན་གྱི་ལངས་ཕྱོགས་གསལ་བོ་ཞིག་དགོས་པ་གལ་ཆེན་ཡིན་སྟབས།  ངས་འདིར་གསལ་བོར་བཤད་ན་ད་སྐབས་ང་ཚོར་རང་བཙན་དང་རང་ཐག་རང་གཅོད་ཟེར་བ་གཉིས་ལས་སྲིད་དོན་ཀྱི་ལངས་ཕྱོགས་འདི་ཡིན་ཟེར་བའི་ལམ་ཞིག་མེད་ལ།  ད་དུང་ལམ་དབུ་མ་ཟེར་བ་ཞིག་ཀྱང་ཡོད་མོད།  ཁ་ཉིན་བཀའ་ཁྲི་ཟམ་གདོང་ཚང་གིས་ཨ་རིའི་བོད་སྐད་བརྙན་འཕྲིན་ནང་ལམ་དབུ་མར་དགོངས་འགྲེལ་གནང་བ་ལྟར་ན།  ཁོང་གིས་ལམ་དབུ་མར་འགྲོ་བ་མིའི་སྤྱི་སྙོམས་ལ་འཁྲི་བའི་དམིགས་ཡུལ་ཆེན་པོ་ཞིག་ཡོད་ཚུལ་དང་།  དེ་ནི་དགྱ་ནག་གིས་བོད་ལ་འཛིན་པའིི་སྲིད་བྱུས་ལ་གཞིགས་ནས་བཟོས་པ་ཞིག་མིན་སྟབས།  བོད་ཀྱི་དཀའ་རྙོག་སེལ་ཐུབ་མིན་དང་།  བོད་དགྱ་ཞི་མོལ་ལམ་སློང་ཡོང་མིན་ལ་ལམ་དབུ་མར་འབྲེལ་བ་ཡོད་པ་མ་རེད་ཟེར་བ་འདྲ་བའི་མཁས་བཤད་གནང་འདུག་པ་བཞིན།  གང་ལྟར་མ་འོངས་པར་ལམ་དབུ་མ་འདི་བཀའ་ཁྲི་ཞིག་ལ་འཚམས་པའི་སྲིད་དོན་གྱི་ལངས་ཕྱོགས་ཤིག་ཏུ་མཐོང་ཐུབ་ཀྱིན་མེད་པ་ལྟ་བུར་སྣང་བས།  དབུ་མའི་ལམ་དེ་ལྟར་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་འདྲ་བོ་ཞིག་ཆགས་ཚར་དུས།  མ་འོངས་པའི་བཀའ་ཁྲི་དེར་རང་བཙན་དང་རང་ཐག་རང་གཅོད་ཟེར་བ་སོགས་སྲིད་དོན་ཀྱི་ལངས་ཕྱོགས་གསལ་བོ་དགོས་པ་མ་གཏོགས།  ཆབ་སྲིད་ཀྱི་ལངས་ཕྱོགས་མེད་མཁན་ཚོང་པ་ནང་བཞིན་རྒྱ་མགོ་ཐོན་ན་རྒྱ་མགོ་དང་།  བོད་མགོ་ཐོན་བོད་མགོ་བྱེད་མཁན་ཞིག་གིས་འགྲིག་ཨེ་ཡོང་སྙམ།  མ་གཞི་སྲིད་དོན་ཚོགས་པ་ཡོད་མཁན་གྱི་གཞུང་ཞིག་ཡིན་ན་ཚོགས་པ་སོ་སོར་སྲིད་དོན་གྱི་ལང་ཕྱོགས་རེ་ཡོད་སྟབས།  ཚོགས་པ་གང་དེས་འོས་འདོན་བྱས་པའི་མི་སྣར་ཡང་སྲིད་དོན་གྱི་ལངས་ཕྱོགས་ཡོད་མེད་དོགས་འདྲི་དགོས་དོན་མེད་ཀྱང་།  ང་ཚོ་དེ་ལྟར་མིན་པས་ན་སྲིད་དོན་གྱི་ལངས་ཕྱོགས་མི་གསལ་པའི་མི་ཞིག་མང་ཚོགས་ཀྱིས་འཚོལ་བདེ་བོ་ཡོད་རྒྱུ་མ་རེད་ལ།  བཙལ་ཡང་ཉེན་ཁ་ཚ་བོ་རེད།   ཡིན་ནའང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ཅན་ལབ་ན་དེ་མ་གཞི་ནས་སྲིད་དོན་གྱི་ལངས་ཕྱོགས་ཤིག་ག་ལ་ཡིན།


དྲི་བ།  ཁྱེད་ཀྱིས་བལྟས་ན་ང་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་བར་མི་ཅི་འདྲ་ཅིག་འདེམ་ན་འགྲིག་གམ།

ལན།  ངའི་ཆ་རྐྱེན་བཤད་ན་ངེས་འབྱུང་གི་ལམ་ཁར་ཞུགས་ཟིན་པ་ཚོར་སེམས་ཤུགས་ཟེར་བའི་ཚིག་འདི་སྙན་པོ་མི་འདུག་ལ།  ཡང་རྒྱལ་ཁབ་དང་མི་རིགས་ལབ་ནས་སེམས་ཤུགས་ཡོད་མདོག་མདོག་སྟོན་མཁན་ཚོར་ངེས་འབྱུང་གི་སྐད་ཆ་མཛེས་ནི་མ་རེད། ད་འདིར་གསལ་བོར་བཤད་ན་མི་སྐྱ་ཚོས་ཚུགས་ཀ་མེད་ཀྱང་ལྡོག་པ་བྱེད་རྒྱུ་གལ་ཆེན་པོ་རེད།


དྲི་བ།  ཁྱེད་ཀྱིས་བལྟས་ན་ད་ལྟའི་བཀའ་ཁྲི་དང་ཐེངས་རྗེས་མའི་བཀའ་ཁྲི་གཉིས་ཀྱི་བར་ལ་མི་འདྲ་བའི་ཁྱད་པར་གང་འདྲ་ཞིག་འབྱུང་རྒྱུ་རེད་འདོད་དམ།

ལན།  ཁྱད་པར་ག་འདྲ་ཞིག་འབྱུང་མིན་ད་ནས་བཤད་ཁག་ཀྱང་ཁྱད་པར་ཞིག་དགོས་པ་ནི་གལ་ཆེན་པོ་རེད།  འོན་ཀྱང་ང་ཚོའི་གྲ་སྒྲིག་ལ་བལྟས་ན་ཁྱད་པར་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡོང་བཟོ་མི་འདུག་ལ།  ཧ་ལམ་ཟམ་གདོང་གཙོས་འུ་ཚང་གི་གྲལ་རིམ་གོང་མའི་ཁེ་ཕན་གྱི་ངོ་ཚབ་པ་ཞིག་སླེབ་མདོག་ཁ་བོ་རེད་ལ།  དེ་ལྟར་བྱུང་བ་ཡིན་ན་ཡང་ང་ཚོའི་གསེར་ལས་དཀོན་པའི་ལོ་བཅུ་གྲངས་ཤིག་འཕྲོ་བརླག་ལ་འགྲོ་སྲིད་ཀྱི་རེད།


དྲི་བ།  བོད་མི་མང་གིས་ཐད་ཀར་འདེམ་ཐོན་བྱུང་བའི་བཀའ་ཁྲི་ཞིག་གིས་མིག་སྔའི་ལས་འགན་གཙོ་བོ་ཅི་ཞིག་རེད་འདོད་དམ།

        ལན།  ང་ཚོས་ད་ལྟའི་བོད་ཀྱི་དཀའ་རྙོག་ཚང་མ་སེལ་ཐུབ་མཁན་གྱི་བཀའ་ཁྲི་ཞིག་ཡོང་རྒྱུར་རེ་བ་རྒྱག་མི་རུང་མོད།  བཀའ་ཁྲི་དེས་འཇོན་ན་མ་འཇོན་ན་མང་ཚོགས་ལ་སྐད་ཆ་དྲང་པོར་བཤད་རྒྱུ་དེ་མིག་སྔའི་ལས་འགན་དང་པོ་རེད་བསམ།  དཔེར་ན་བོད་གཞིས་བྱེས་གཉིས་ལ་རེ་བ་མེད་སར་རེ་སྟོང་རྒྱག་ཏུ་བཅུག་ནས་ཅང་མེད་ནའང་ཡོད་མདོག་མདོག་དང་།  ཅང་མི་ཤེས་ནའང་ཤེས་མདོག་མདོག་ཅིག་མི་བྱེད་རྒྱུ་བྱུང་ན།  གལ་སྲིད་གཞི་རྩའི་འཐབ་རྩོད་ལ་ཕན་ཐོག་མ་བྱུང་ན་བཙན་བྱོལ་གཞུང་སྒོ་རྒྱག་དགོས་ཀྱང་རྒྱག་ཐུབ་མཁན་ཞིག་དགོས་མོད།  ཡིན་ནའང་ང་ཚོས་བཀའ་ཁྲི་མ་མཐོང་གོང་ནས་ཁོས་འདི་བསྒྲུབ་དགོས་ཀྱི་འདུག་གན་བསྒྲུབ་དགོས་ཀྱི་འདུག་ཅེས་ཆ་རྐྱེན་མང་པོ་བཏོན་ན་དེ་ཡང་མཚོ་ཁའི་ཤིང་ར་ཟེར་བའི་དཔེ་རེད།  དེ་བས་བཀའ་ཁྲི་དེས་ཅི་ཞིག་བསྒྲུབ་ཐུབ་མིན་ལ་མི་ལྟ་བར།  མི་དེར་ཆེས་མ་མཐའི་ཆ་རྐྱེན་གཞི་རིམ་མི་གཤིས་ལ་ངེས་ཤེས་ཡོད་མཁན་ཞིག་ཡིན་དགོས་རྒྱུ་གལ་ཆེན་པོ་རེད།  ཆགས་བཞག་ན།  པཎ་ཆེན་རིན་པོ་ཆེ་དང་ང་ཕོད་སོགས་ཀྱིས་དགྱ་ནག་གི་རྩ་ཁྲིམས་འོག་འདུག་གི་ཡིན་ལབ་ན།  དེ་ཚོ་རྒྱལ་བཙོང་བ་རེད་མདོག་མདོག་དང་།   སྡེ་ཟམ་གདོང་ཚང་གིས་དེ་ལྟར་གསུངས་ན་རྒྱལ་གཅེས་པ་རེད་མདོག་མདོག་ལྟ་བུ།   ད་དུང་ཨ་ཐར་དག་ཞིང་པོ་དང་།  བྲའུ་དཔོན་སོགས་ཀྱིས་བོད་སོག་ལས་ཁུངས་ཀྱི་ཕོགས་ཟས་ན་རྒྱལ་བཙོང་པ་རེད་མདོག་མདོག   གཞན་ཁ་ཤས་ཀྱིས་བོད་སོག་ལས་ཁུངས་ཀྱི་དངུལ་བླངས་ན་དེ་འགྲིག་གི་ཡོད་པ་ལྟ་བུ།  ད་ལྟ་ང་ཚོས་འདེམ་རྒྱུའི་བཀའ་ཁྲི་དེར་མ་མཐར་ཡང་རང་གི་བྱ་སྤྱོད་ཐད་ཆེས་སྤྱིར་བཏང་གི་གཏན་ཚིགས་འདི་དག་དང་མཐུན་མིན་ཤེས་མཁན་ཞིག་མ་བྱུང་ཚེ།  དེ་འདྲའི་བཀའ་ཁྲི་ཞིག་བོད་མི་མང་ལ་ཡོད་པ་ལས་མེད་ན་ཡག་གི་རེད་འདོད།


དྲི་བ།  མཇུག་མཐར་བཙན་བྱོལ་གཞུང་མང་གཉིས་ལ་དམིགས་བསལ་གྱི་འབོད་སྐུལ་འདྲ་ཞུ་རྒྱུ་འདྲ་ཡོད་དམ།

        ལན།  འབོད་སྐུལ་གསུང་ན་སྐད་ཆ་དེ་ཆེ་དྲགས་སོང་མོད།  བཙན་བྱོལ་བོད་མི་སྤར་མོ་གང་བོ་འདི་ཆོས་སྲིད་ཟུང་འབྲེལ་དང་།  མི་རྗེས་དབང་འཛིན་སྐྱ་མིན་སེར་མིན་གྱི་འཁྲབ་སྟོན་པ་དག་གི་ཁར་འཚང་ནས།  མི་རྣམས་ཀྱི་སེམས་ངོར་སྐབས་རེ་བཙན་བྱོལ་བོད་གཞུང་འདི་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཡིན་ས་རེད་འདྲ་བོ་དང་།  དེ་མིན་ང་ཚོར་གཞན་སུ་ལ་མེད་པའི་དབུ་ཁྲིད་ཅིག་ཡོད་ཟེར་ནས་འུར་རྒྱག་པ།  བོད་ཀྱི་ཆོས་དང་རིག་གཞུང་ནི་ཧ་ཅང་གིས་ཕྱུག་པོ་ཡིན་ཟེར་བ་སོགས་རང་རློམ་ཆེ་མདོག་ཁ་བོ་དང་།  ཡང་མི་ཡུལ་ས་མཐའ་ནས་ཚུལ་མིན་གྱི་གཉའ་གནོན་མྱངས་བ་དང་།  མི་སེར་མང་ཆེ་བའི་མདུན་ལམ་ནག་ཁུང་ཡིན་པ་མཐོང་དུས་རང་ཉིད་བོད་པ་ཡིན་ལབ་རྒྱུར་ཡང་འཚེར་སྣང་སྐྱེས་ཀྱིན་པ་སོགས་མདོར་ན་རྦད་དེ་བག་འཁུམས་ནས་བསྡད་ཡོད་པ་ལྟ་བུ་དག་གིས་འདི་ལྟར་མི་མང་པོ་ཞིག་གི་སེམས་ནང་ལ་ནང་འགལ་ཆེན་པོ་ཞིག་བཟོས་ཟིན་པས།  སྤྱི་ཚོགས་འདིས་ད་ཆ་བྲོས་བྱོལ་ལ་འགྲོ་ཐུབ་ན་དཔའ་བོར་བརྩི་བ་དང་།  སློང་མོ་རྒྱག་ཐུབ་ན་འཇོན་པོར་བཤད་པའི་ཚད་ལ་བསྐྱལ་ཡོད་སྟབས།  འཚོ་བའི་ཁྲོད་ཀྱི་བདེན་དོན་ཉག་གཅིག་ནི་ཁེ་བཟང་ཟེར་བའི་ཐ་སྙད་འདིར་བཅོལ་འདུག་ན།  ཕུགས་བསམ་བརླག་ཚར་བའི་སྲང་ལམ་ཞིག་གི་ནང་གློག་གཞུ་ཅི་འདྲའི་མང་པོ་ཞིག་སྦར་ཡང་།  སྲང་ལམ་དེའི་ནང་གི་མི་རྣམས་ཀྱི་མདུན་ལམ་ནག་ཁུང་ཡིན་པ་ཚང་མའི་སེམས་ལ་འཛིན་རོགས།

ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག 

1 Comment on ཀླུ་མཁར་བྱམས་ལ་ངེད་དྲ་བས་བཅར་འདྲི།

  1. དྲི་བ་དང་དྲིས་ལན་གཉིས་ཀ་གནད་ལ་ཁེལ་འདུག  བཟང་གི

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s