Skip to content
བཅར་འདྲི་བྱེད་མཁན། འོད་དཀར།
དྲི་བ། ཁྱེད་ཀྱི་ལོ་རྒྱུས་མདོར་བསྡུས་ཞིག
ལན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་༢༠༠༧ ལོའི་སྐད་བརྡ་དང་རྩོམ་རིག་འཛིན་གྲྭའི་ཞིབ་འཇུག་སློབ་མ་ཡིན།
ཕ་ཡུལ། ཁམས་དཀར་མཛེས་རྫོང་སྟོང་བསྐོར་ནས་ཡིན།པུར་མིང་། གཡུ་མཚོ། ཧེ ཧེ ངོ་སྤྲོད་འདི་ཙམ་བྱས
དྲི་བ། བོད་ཀྱི་བུད་མེད་ལ་ཐོབ་ཐང་གང་ཞིག་མི་འདུག་བསམ་གྱི་འདུག
ལན། སྤྱིར་ལོ་རྒྱུས་ལ་ཕྱིར་འདང་རེ་རྒྱབ་ན་བོད་ཀྱི་བུ་མོའི་ཐོབ་ཐང་དེ་མི་རིགས་གཞན་དང་བསྡུར་ན་དེ་འདྲའི་སྐྱོ་བོ་མི་འདུག་བསམ་གྱིན་ཡོད། དཔེར་ན་སྔོན་མ་ཡིན་ན། བོད་དང་འབྲེལ་བ་ཆེས་ཆེ་བའི་རྒྱ་གར་ལ་མཚོན་ན། རང་གི་ཁྱོ་ག་ཤི་ན་ཆུང་མ་ཡང་དེ་དང་མཉམ་དུ་མེ་ལ་བསྲེགས་དགོས་པ་དང་། རྒྱ་ནག་གི་བུ་མོའི་རྐང་པ་ཅི་ལྟར་ཆུང་ན་དེ་ལྟར་མཛེས་བཤད་ནས་ལོ་གསུམ་ཙམ་སླེབས་དུས་ནས་རྐང་པ་བསྡམས་ནས་ཆེ་རུ་མི་བཅུག་པ། ཡིན་ཡང་འདི་ནི་ལོ་རྒྱུས་རེད། དེང་སང་དེ་འདྲ་ཞིག་མ་རེད། དཔེར་ན་རྒྱ་མི་རིགས་ལ་མཚོན་ནས་བཤད་ན། བུ་མོའི་ཐོབ་ཐང་དེ་སྔོན་མ་དང་བསྡུར་ན་གནམ་སའི་འགྱུར་ལྡོག་ཡོང་འདུག ཡིན་ཡང་བོད་ཀྱི་བུ་མོའི་ཐོབ་ཐང་སྔར་བཞིན་འགྱུར་བ་བྱུང་མི་འདུག་སྙམ ། ཁྱད་པར་དུ་ཨ་མདོ་དང་ཁམས་ཕྱོགས་ལ། དངོས་སུ་བོད་ཀྱི་བུ་མོ་ལ་ཐོབ་ཐང་འདི་དང་འདི་མི་འདུག་ཟེར་བ་དཀའ་མོ་རེད། ཡིན་ཡང་ཁྱེད་ཚོས་འདང་ཞིག་རྒྱོབ་དང་། ཞིང་འབྲོག་མང་ཚོགས་ཀྱི་བུད་མེད་ལ་བལྟོས་ནས་བཤད་ན་ཕལ་ཆེར་གོ་ཁ་གྲུ་བཞི་ལས་བརྒལ་མ་མྱོང་། འདི་ཚོ་ལ་ཐོབ་ཐང་འདི་འདུག་འདི་མི་འདུག་ཟེར་བ་དཀའ་མོ་མ་རེད་དམ།
དྲི་བ། ཉེ་ཆར་ཁྱེད་ཀྱི་རྩོམ་གང་མང་ཞིག་ལ་སྤྱི་ཚོགས་ནང་གདེངས་འཇོག་སླེབས་སྐབས་ཁྱེད་ལ་ཚོར་བ་ག་འདྲ་བྱུང་།
ལན། རུམ་ནང་ཅི་ཡོད་ལག་པས་ཤེས་ཟེར་བའི་དཔེ་ལྟར། ང་རང་གི་རྩོམ་རྩལ་ག་འདྲ་ཞིག་ཡོད་པ་དང་ང་རང་ལ་ནུས་པ་ག་འདྲ་ཞིག་ཡོད་པ་སོགས་སེམས་སུ་ཧ་ཅང་གསལ་པོ་ཤེས་ཀྱིན་ཡོད། དེར་བརྟེན། ཁྱེད་རང་མཛངས་མ་རེད་ཟེར་ནས་དགའ་བ་ཞིག་དང་ཁྱེད་རང་འདྲེ་མོ་རེད་ཟེར་ནས་སྐྱོ་བའི་ཚོར་བ་གསལ་པོ་མི་འདུག ཡིན་ཡང་ངས་འདི་ནས་ང་རང་ལ་རྒྱབ་སྐྱོར་གནང་མཁན་གྱི་སྤུན་ཟླ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཡང་ཁྱེད་ཚོས་རེ་བ་ལྟར་རྗེས་མ་ཡང་རྩོམ་རེ་གཉིས་རེ་སྤེལ་ཨེ་ཐུབ་བལྟ་ཡོང་།
དྲི་བ། བོད་ཀྱི་བུད་མེད་དག་གིས་ཁ་ཚ་དགོས་གཏུགས་ཀྱི་སྒྲུབ་དགོས་པའི་ལས་འགན་དེ་གང་མཐོང་གི་འདུག
ལན། གཙོ་བོའི་གཙོ་བོ་ནི་སློབ་གསོའི་གོ་སྐབས་རྩོད་ལེན་བྱས་ནས་རང་ཉིད་ཤེས་ཡོན་པ་ཞིག་ཆགས་པ་ལ་འབད་རྒྱུ་དེ་རེད་སྙམ། དེ་ནི་བུ་མོ་མོ་རང་གི་ཐོབ་ཐང་ཁོ་ནའི་ཆེད་དུ་མིན་པ་མི་རིགས་འདིའི་ཆེད་དུ་རེད་སྙམ། དེ་ཡང་བུ་མོ་ཤེས་ཡོན་པ་ཚོས་ཀྱང་ང་ཚོ་ལ་ཐོབ་ཐང་དགོས་ཞེས་ཁ་འབོད་བྱེད་པ་ལས་ཞིང་འབྲོག་ཁུལ་གྱི་བུ་མོ་དག་ལ་སློབ་གསོའི་གོ་སྐབས་རེ་བཙལ་ཨེ་ཐུབ་བལྟ་ན་དེ་ནི་གཙོ་བོའི་གཙོ་བོ་རེད་བསམ་བཞིན་ཡོད།
དྲི་བ། མི་ཁ་ཤས་ཀྱིས་བཤད་སྲོལ་ལ་བོད་ལ་འོད་ཟེར་མ་གཏོགས་བུད་མེད་མི་འདུག་ བརྗོད་ཀྱི་ཡོད་ན་འདི་ཕྱོགས་ལ་ཁྱེད་ལ་བསམ་ཚུལ་གང་ཡོད།
ལན། འོད་ཟེར་ལགས་ནི་མཛངས་མ་ཞིག་ཡིན་པ་བོད་རིགས་ཕུད་པའི་མི་རིགས་མང་པོ་ཞིག་གིས་ཤེས་ཀྱིན་ཡོད། འདི་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཡིན་ཡང་འོད་ཟེར་མ་གཏོགས་བོད་ལ་བུད་མེད་མི་འདུག་ཅེས་བཤད་མཁན་ཞིག་ཡོད་ན། དེ་ནི་བཤད་མཁན་དེས་མཐོང་རྒྱ་དང་ཐོས་རྒྱ་ཆུང་དྲགས་པ་ཡིན་པ་ལས་གནས་ཚུལ་གཞན་གང་ཡང་གསལ་བྱེད་མི་ཐུབ།
དྲི་བ། རྩོམ་པ་པོ་ཞིག་གི་འགན་གཙོ་བོ་དེ་གང་མཐོང་གི་འདུག
ལན། རྩོམ་པ་པོའི་འགན་འདི་དངོས་གནས་བཤད་དཀའ་མོ་ཞིག་རེད། དེ་ཡང་འཇིག་རྟེན་གྱི་གཏམ་དཔེ་ལ།
མི་སུམ་བཅུ་བསམ་པ་སུམ་བཅུ། །
གཡག་སུམ་བཅུ་རྭ་ཅོ་དྲུག་བཅུ། །
ཟེར་བའི་དཔེ་ལྟར། མི་སོ་སོའི་བསམ་ཚུལ་འདྲ་རྒྱུ་མ་རེད། ང་རང་ལྟ་བུ་ཞིག་ལ་མཚོན་ན་རྩོམ་པ་པོའི་འགན་གཙོ་བོ་ནི་ཡིག་རྨོངས་སུ་གྱུར་བའི་ནུས་མེད་ཉམས་ཞན་གྱི་མི་རྣམས་ཀྱི་རེ་བ་དེ་ཀུན་ལ་ཁྱབ་བསྒྲགས་བྱེད་པ་དང་། ནང་རུལ་པའི་སྐྱོན་མཚང་དེ་ཐེར་འདོན་བྱེད་པ་སོགས་རེད་སྙམ་བཞིན་ཡོད། ཡིན་ཡང་ང་ལྟ་བུ་གསལ་བྱེད་སོ་བཞི་ཤེས་པ་ཙམ་དང་སྨྱུ་གུ་ཐོགས་པ་ཙམ་ལ་རྩོམ་པ་པོ་མི་ཟེར་བས། འགན་འདི་དག་ཀྱང་ཧ་ཅང་འགྲུབ་པ་དཀའ།
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག
Like this:
Like Loading...