Skip to content
བཅར་འདྲི་བྱེད་མཁན། འོད་དཀར།
ལྡོང་བུ། ༡༩༨༥ལོར་མདོ་སྨད་འབའ་རྫོང་དུ་སྐྱེས། ༢༠༠༣ལོར་རྒྱའི་དབུས་གཞུང་མི་རིགས་སློབ་ཆེན་འགྲིམ་ཞིང་ད་ལྟ་སློབ་གྲྭ་དེ་གར་བསླབ་པ་དོན་དུ་གཉེར་བཞིན་གནས། བརྩམས་ཆོས་ལ། སྙན་དེབ༼སྨྱོན་པའི་དུས་ཚིགས༽དང༼གཤིན་པོའི་རོལ་དབྱངས༽འགྱུར་མའི་དེབ༼གཤོག་པ་ནག་པོ༽ སྙན་ངག་ལྷུག་མའི་དེབ་ ༼ཟླ་བའི་རྨི་ལམ༽ བཅས་ཡོད།
དྲི་བ། ཉེ་བའི་ཆར་ཁྱེད་ཀྱི་བསྒྱུར་རྩོམ་སྙན་ངག་རིང་མོ་ཞིག་ཐོན་ལ་ཉེ། དེ་བསྒྱུར་སྐབས་ཀྱི་ཚོར་སྣང་ཞིག་གསུང་རོགས།
ལན། རྒྱ་འགྱུར་མ་དག་ལས་གཅིག་ལ་གཞི་བཅས། འགའ་ལ་དཔྱད་པའི་ཐབས་ཀྱིས། འཛམ་གླིང་ལ་གྲགས་པའི་སྙན་ངག་མཁན་པོ། ཨེལ་ཐུའི་སྙན་ངག་རིང་མོ༼མྱ་ངམ་ཐང༽བོད་དུ་བསྒྱུར་ཚར་མོད། བརྩམས་ཆོས་ཉིད་ཀྱི་འགྲེལ་དོན་དང་ལུང་ཁུངས་མང་པོ་ཞིག་གི་དབང་དང་། ས་མིང་མི་མིང་དག་ཀྱང་ཐད་ཀར་མ་ཡིག་ལས་བསྒྱུར་ན་འོས་པར་བསམ་པས། ད་དུང་ཡང་ལེགས་པར་གྲུབ་མེད། གཞན་དུ་དེ་བསྒྱུར་སྐབས་ཀྱི་ཚོར་བ་ཁོ་ན་ནི། ལོ་ཙྰ་ནི་གསར་རྩོམ་ལས་ཀྱང་འདེགས་པར་དཀའ་བའི་ལས་ཀ་ལྗིད་ཏིག་གེ་བ་ཞིག་ཡིན་པ་དེའོ། །
དྲི་བ། ཡིག་བསྒྱུར་བྱེད་པ་ལ་དཀའ་ངལ་ཆེ་ཤོས་གང་རེད་འདུག བོད་ཡིག་གིས་མ་འདངས་བའི་དཀའ་ངལ་དེ་འདྲ་བྱུང་སོང་ངམ།
ལན། ཁོ་བོར་མཚོན་ན། རང་རེའི་དམངས་ཁྲོད་ཀྱི་རྩོམ་རིག་དང་སྨྲ་བརྗོད་ལ་རྒྱུས་མེད་པ་ནི་དཀའ་ངལ་ཆེ་ཤོས་སུ་འདུག དེ་ནི་བོད་ཡིག་གི་མ་འདང་བ་ག་ལ་ཡིན་གྱི། འུ་བུ་ཅག་བོད་ཀྱི་སྐད་དང་བརྡ་ལ་ཆ་མེད་པས་ལན་ནོ། །
དྲི་བ། ཁྱེད་སྙན་ངག་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་སྙན་ངག་ཅེས་པ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ལན། ག་ལེར་བསམ་ན། ཨེམ་ལིས་ནང་བཞིན་སྙན་ངག་ནི་བླ་སྲོག་ལ་རང་ཉིད་དང་ལེན་ཞུ་བའི། བརྡ་དང་ཚིག་གི་རྣམ་པ་ཞིག་ཏུ་ངོས་གཟུང་ཆོག་ལ། འགས་གཏོར་དང་རྨས་སྐྱོན་གྱིས་གང་བར་མཛད་པའི་རྣམ་ཤེས་ཀྱི་གད་རྒྱངས་དང་ངུ་འབོད་དུའང་ངེས། དེ་མིན། ཉི་ཤར་ཙམ་དང་ཆར་རྒྱུན་ཐེངས་ཤིག་ཀྱང་ཚིག་གི་སྲད་བུར་བརྒྱུས་ན། ཁྱད་དུ་འཕགས་ལ་ཆེས་སྤྱིར་བཏང་བའི་མིའི་འཚོ་གནས་ཀྱི་ཁམས་ཤིག་ལ་སོན་ཐུབ་བོ། །
དྲི་བ། རྩོམ་པ་པོ་ཞིག་གི་འགན་གཙོ་བོ་དེ་གང་མཐོང་གི་འདུག
ལན། རྩོམ་པ་པོ་ཞིག་གི་འགན་གཙོ་བོ་ནི་རང་རྐྱ་འཕེར་བའི་ངང་གསར་རྩོམ་ལ་འཇུག་རྒྱུ་དེའོ། །
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག
Like this:
Like Loading...