བཅར་འདྲི་བྱེད་མཁན།  འོད་དཀར།

དྲི་བ།  སྐུ་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གསུང་རོགས།

     ལན།  ངའི་སྐྱེས་མིང་ལ་ཚེ་རིང་ཟེར་ཞིང་རྩོམ་བྱང་དང་རྩོམ་ཡིག་ཁ་བྱང་རྣམས་སུ་དབུས་ཕྲུག་ཚེ་རིང་དུ་འབོད།  དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་དཀྱིལ་དུ་བོད་ལ་སྐྱེས།  ཆུང་དུས་གྲོང་གསེབ་ཏུ་སློབ་ཆུང་འགྲིམས།  དེ་རྗེས་གཞི་དགོན་དང་སེ་ར་དགོན་པར་ཞུགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁག་ལ་སྦྱང་པ་བྱས།  རྒྱ་གར་དུ་འབྱོར་ནས་རྡེ་ར་བདུན་ས་སྐྱ་མཐོ་སློབ་ཏུ་ལོ་ངོ་བདུན་རིང་གཙོ་བོ་ནང་དོན་རིག་པའི་གཞུང་ལུགས་དང། ཚད་མ་དང་ཤེར་ཕྱིན། དབུ་མ་སོགས་དང་དེ་མིན་བརྡ་དག་དང་སྙན་ངག་ལ་ཡང་སྦྱང་པ་བྱས།  སློབ་མཐར་ཕྱིན་རྗེས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བཞུགས་ནས་ལོ་ངོ་གསུམ་རིང་གཙོ་བོ་སྙན་གཞུང་དང་རྩོམ་འབྲི་རིག་པའི་གཞུང་ལུགས། ལོ་རྒྱུས།  བརྡ་སྤྲོད་རིག་པ་སོགས་ལ་སྦྱང་པ་བྱས།  མཇུག་མཐར་ལོ་ངོ་གཅིག་འབྲིང་རིམ་དགེ་རྒན་འོས་སྦྱོང་བྱས་ཏེ་སློབ་མཐར་ཕྱིན་ནས་ད་ཆ་ལས་ཀ་བྱེད་ཀྱིན་ཡོད།


དྲི་བ།   ཤུགས་རྐྱེན་གང་འདྲ་ཞིག་གིས་ཁྱེད་ཉིད་རྩོམ་རིག་ལ་དགའ་མོས་བྱུང་བ་ཡིན་ནམ།
ལན།   ང་རང་རྩོམ་རིག་ཐོག་དགའ་མོས་ཡོང་སྟངས་དེ་ནི་མི་གཞན་གྱིས་བརྒྱུད་སྐུལ་འོག་བྱུང་བ་ཞིག་མིན།  ཐོག་དང་པོར་ང་རང་སྙན་ངག་ལ་སྦྱང་འདོད་ཀྱི་དབང་གིས་འདོད་མོས་དེ་བྱུང་བ་རེད།  དེ་ཡང་དང་པོ་རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས་པའི་སྙན་གཞུང་བྱིས་པ་འཇུག་པའི་སྒོ་ལ་ལྟ་ཀློག་ཐེངས་དགར་བྱས་མྱོང༌།  དེ་ནས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་གཞོན་ནུ་དྲུག་གི་གཏམ་རྒྱུད་སོགས་ལ་དགའ་མོས་ཆེ་ལ་ཐེངས་གཅིག་མིན་ཀློག་མྱོང༌།  ལྷག་དོན་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ནང་གི་ཚིག་སྦྱོར་གྱིས་ང་རང་ཡིད་དབང་ཡོངས་སུ་འཕྲོག་ཡོང༌།  དེ་མིན་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་དུས་དེབ་ཁག་ལྟ་ཀློག་ལན་མང་བྱས་པའི་བརྒྱུད་རིམ་ནས་ང་རང་རྩོམ་རིག་ལ་ཧ་ཅང་དགའ་མོས་བྱུང་བ་དང༌།  བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་རྩ་ཐང་ན་གོམ་པ་སྤོ་བའི་བསྒོ་སྐལ་ཞིག་ཐོབ་བྱུང༌། དེ་དག་ནི་ང་རང་རྩོམ་རིག་ལ་དགའ་མོས་བྱུང་བའི་ཤུགས་རྐྱེན་རེད།


དྲི་བ།  དུས་ནམ་ཞིག་ནས་ཁྱེད་ཀྱིས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན་ནམ།
ལན།  ཕྱི་ལོ་༡༩༩༤ཙམ་ནས་རྩོམ་ཡིག་འབྲི་འགོ་བརྩམས།  ང་རང་གི་རྩོམ་ཡིག་ཐོག་མ་དེ་ཡང་རྩམ་པ་དུས་དེབ་ནང་འགོད་མྱོང༌།  དེ་མིན་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ཡིག་འདྲ་མིན་ཇི་སྙེད་ཅིག་སྤེལ་ཡོད།


དྲི་བ།  དུས་རྒྱུན་དུ་ཁྱེད་ཀྱིས་རྩོམ་རིག་སྐོར་གྱི་དཔེ་དེབ་གང་དག་ལ་ལྟ་ཀློག་བྱེད་ཀྱིན་ཡོད་དམ།
ལན།   འདི་སྐབས་བསམ་བློའི་ནང་དུས་རིམ་ཞིག་ཡོང་གི་འདུག  དང་པོར་ང་རང་རྩོམ་རིག་ནང་ནས་སྙན་ངག་ལྟ་ཀློག་བྱེད་རྒྱུ་ཧ་ཅང་གི་དགའ་མོས་ཆེ་བ་ཡོད།<<སྦྲང་ཆར>>སོགས་ཀྱི་དུས་དེབ་གང་ཞིག་ཡིན་རུང་ཐོག་མར་སྙན་ངག་གི་སྐོར་ལ་ལྟ་ཀློག་བྱེད་ཀྱིན་ཡོད།  དེབ་ཅིག་ཉོས་ནའང་མང་ཤོས་སྙན་ངག་སྐོར་ཉོ་གི་ཡོད།  དེའི་རྗེས་སྒྲུང་རྩོམ་དང་ལྷུག་རྩོམ་གྱི་བྲོ་བ་ཡང་མྱོང་རྒྱུར་དགའ་མོས་ཆེ།  ད་ཆ་གཙོ་བོ་དཔྱད་བརྗོད་ཀྱི་རིགས་ལ་དོ་སྣང་ཅུང་མང་ཙམ་བྱེད་ཀྱིན་ཡོད་ལ།  དེ་མིན་ད་དུང་ལྟ་ཀློག་བྱེད་ས་བྱེད་ས་མང་ཤོས་ནི་སྒྱུ་རྩལ་རྩོམ་རིག་དང་དེ་མིན་གྱི་དཔྱད་བརྗོད་སྐོར་ཡིན།  གཞན་ང་རང་དགའ་ཤོས་གཅིག་ནི་ཚན་རིག་གི་ཤེས་བྱའི་དུས་དེབ་དང་དཔེ་དེབ་ཁག་ལ་ལྟ་རྒྱུར་ཤིན་ཏུ་མོས་པ་ཡོད།


དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་རྩོམ་རིག་ཡར་རྒྱས་གཏོང་ཐབས་སྐོར་ལ་བསམ་ཚུལ་ག་རེ་ཡོད་དམ།
ལན།  ད་ལྟ་སྒྱུ་རྩལ་རྩོམ་རིག་ལ་དོ་སྣང་དང་ཕྱག་ལས་གནང་མཁན་རྩོམ་པ་པོ་རྣམས་ཀྱི་རྒྱུན་བསྲིངས་རང་བཞིན་གྱི་སྒོ་ནས་འབྲི་རྩོམ་གནང་རྒྱུ་དང༌།  གཞན་ལ་རྒྱུད་སྐུལ་དང་ཁ་ཕྱོགས་སྟོན་རྒྱུ།  དེ་མིན་རང་ཉིད་ཀྱི་སྒྱུ་རྩལ་གྱི་རྩོམ་ཐབས་གསར་པ་དང་ལྟ་ཚུལ་གསར་པ་འདོན་པར་འབད་བརྩོན་བྱེད་རྒྱུ།  ད་ལྟ་ང་ཚོའི་སྤྱི་ཚོགས་ནང་སྒྱུ་རྩལ་རྩོམ་རིག་ཐད་ནས་སྟོང་ཆ་ཆེས་ཆེ་བ་ནི།  བརྩམས་སྒྲུང་གི་སྐོར་རེད།  སྒེར་གྱི་དཔེ་དེབ་པར་བསྐྲུན་བྱས་པ་དག་གི་ནང་ནས་ཆེས་ཉུང་ཤོས་ནི་བརྩམས་སྒྲུང་རེད།  ད་ཆ་ད་དུང་བརྩམས་སྒྲུང་གི་སྟོང་ཆ་དེ་ཇེ་ཆེར་འགྲོ་བའི་སྣང་བ་ཞིག་ཀྱང་ཡོང་གི་འདུག གཙོ་བོ་ནི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་གཞི་རིམ་སློབ་གྲྭའི་ནང་རྩོམ་ཡིག་འབྲི་སྦྱོང་གི་རྨང་གཞིའི་སྦྱོང་བརྡར་དང༌།  དགེ་རྒན་གྱི་མཛུབ་སྟོན།  ཀློག་དེབ་ནང་བྱིས་པའི་རྩོམ་རིག་སྙན་ངག་དང་སྒྲུང་རྩོམ་ལྷུག་རྩོམ་སོགས་ཁོང་ཚོའི་སེམས་ཁམས་དང་མཐུན་པའི་རིག་འཇོག་རྒྱུ་གལ་ཆེ།དེ་མིན་གལ་ཆེ་ཤོས་གཅིག་ནི་དགེ་རྒན་གྱི་རྩོམ་འབྲིའི་ཆུ་ཚད་དང་འདོད་མོས་ལྷག་བསམ་ཡིན་པར་འདོད།་དེ་དག་མེད་ན་སློབ་ཕྲུག་ཚོར་ལམ་སྟོན་དང་འཁྲིད་སྟོན་ཡག་པོ་བྱེད་མི་ཐུབ་པས།སློབ་ཕྲུག་གིས་དགའ་མོས་བྱེད་མི་ཐུབ་ལ།  ལྷན་སྐྱེས་ཀྱི་རྩོམ་རིག་ཐོག་དགའ་མོས་ཡོད་པ་ཚོ་ཡང་རིམ་གྱིས་དོ་སྣང་ཉམས་པར་འགྱུར་ངེས་ཡིན།  རྒྱུ་རྐྱེན་དེ་དག་གི་དབང་གིས་སློབ་གྲྭ་ཁག་ནས་ཐོན་པའི་སློབ་མའི་གྲས་སུ་བོད་ཀྱི་རྩོམ་རིག་ཐོག་དོ་སྣང་དང་བྱས་རྗེས་ཅན། ཕལ་ཆེར་ཉིན་མོའི་སྐར་མ་ལྟ་བུ་རེད། དེ་མིན་ཁོར་ཡུག་བསྐྲུན་དགོས། དཔེར་ན། བཙན་བྱོལ་ནང་རྒྱལ་ཡོངས་རང་བཞིན་དང༌།  སློབ་གྲྭ་ཆེ་འབྲིང་ཆུང་གསུམ། དགོན་སྡེ་གྲྭ་ཚང་སོགས་ཀྱི་ནང་དུ་ལོ་རེར་རྩོམ་ཡིག་འགྲན་བསྡུར་ཐེངས་གཅིག་གཉིས་ཙམ་བྱེད་དགོས་རྒྱུ་དང་དམིགས་བསལ་གྱི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ།དགེ་འདུན་ཆོས་འཕེལ། ཞེས་པ་ལྟ་བུའི་མིང་བཏགས་ནས་བྱེད་ཐུབ་ན་ལེགས་པོ་འདུགདེས་ན་ང་ཚོས་རྨང་ནས་བཅོས་བསྒྱུར་གཏོང་དགོས། དགེ་རྒན་དང་སློབ་དེབ། སྒྲིག་གཞི་དང་འཛིན་སྐྱོང༌།དེ་དག་ལ་འགྱུར་བ་གཏོང་བར་སྤྱི་འཐུས་ལ་འགྱུར་བ་གཏོང་དགོས། དེ་ནས་ང་ཚོར་རེ་བ་གསར་པ་ཞིག་ཡོང་ངེས་ཡིན། གཞན་ད་ལྟའི་ལམ་བུ་འདི་གར་བསྐྱོད་ན་ང་ཚོ་གཏོར་གཤིག་གཏོང་མཁན་གྱི་གྲས་སུ་འགྲོ་ངེས་རེད། འདིའི་ལོ་རྒྱུས་ཀྱི་འགན་འཁྲི་ཆེ་ཤོས་དེ་བོད་མི་དམངས་ཀྱིས་གདམས་པའི་སྤྱི་འཐུས་ཚོ་དང༌། བཀའ་བློན་ཁྲི་པར་ཡོད།


དྲི་བ།  ད་ལྟའི་ཉག་ཕྲ་བའི་བོད་ཀྱི་དུས་སྐབས་འདིར་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་དག་ལ་མངའ་བའི་འགན་འཁྲི་གཙོ་བོ་གང་རེད་འདོད་དམ།
ལན།  བོད་མི་རིགས་ཀྱི་ཚེ་སྲོག་ལས་གཅེས་པའི་རིག་གཞུང་སྲུང་སྐྱོབ་ཀྱི་འགན་འཁྲི་ཧ་ཅང་ལྕི་མོ་ཞིག་ང་ཚོ་རེ་རེའི་ཕྲག་སྟེང་དུ་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་གིས་ངོ་འབག་མཐུག་པོས་བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་བཅས་ལ་འཁྱོག་བརྗོད་ཚད་ལས་འདས་པ་བྱས་དང་བྱེད་བཞིན་པའི་ནག་ནོག་གི་ངོ་གདོང་དེ་དག་ལ།  དཔྱད་གསུམ་རིག་པའི་སྟོབས་ཀྱིས་དག་ཐེར་ལེགས་པར་བྱས་ཏེ་ཕྱི་ནང་གི་མི་རིགས་ཀུན་ལ་གསལ་སྟོན་བྱེད་རྒྱུ་དང༌། འབྱུང་འགྱུར་གྱི་མི་རབས་ཚོར་ལམ་སྟོན་གྱི་སྒྲོན་མེ་དང་དོན་དངོས་ལོ་རྒྱུས་ཀྱི་བྱད་བཞིན་གསལ་སྟོན་བྱེད་རྒྱུ་དེ་ཚོ་ད་ལྟ་ང་ཚོ ར་མངའ་བའི་འགན་འཁྲི་གཙོ་བོ་ཁག་ཡིན།


དྲི་བ། ནམ་རྒྱུན་གྱི་རྩོམ་ཡིག་འབྲི་བའི་བྱ་གཞག་ཁྲོད་ཁྱེད་ལ་དཀའ་ངལ་ཆེ་ཤོས་གང་འཕྲད་མྱོང་ངམ།
ལན།  དཀའ་ངལ་ཆེ་ཤོས་ནི་རྩོམ་ཡིག་འབྲི་སྐབས་སྙན་ངག་དང་སྒྲུང་དང་ལྷུག་རྩོམ་གང་དུ་ཡང་སྒྱུ་རྩལ་མཚོན་ཐབས་ཀྱི་གསར་གཏོད་རང་བཞིན་དང༌། རྒྱུན་བསྲིངས་ཀྱི་རྣམ་པར་དཀའ་སྤྱད་ཐུབ་མིན་དེ་རེད།


དྲི་བ། མཇུག་མཐར་བཙན་བྱོལ་སྤྱི་ཚོགས་ལ་དམིགས་བསལ་གྱི་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན།   རྒྱ་ཆེའི་རང་རིགས་རྩོམ་པ་པོ་རྣམ་ལ་མི་རིགས་ཤིག་གི་དར་རྒྱས་དང་ཉམས་རྒུད།རིག་གཞུང་གི་ཕྱུག་ཚད་མཇལ་བྱེད་ཀྱི་ཐིག་ཤིང་གཙོ་བོ་དང༌།  རིག་གཞུང་གི་ཆེས་གལ་ཆེའི་རྣམ་པ་སྒྱུ་རྩལ་རྩོམ་རིག་འདི་ཉིད་བླ་ནས་བླ་རུ་འཕེལ་རྒྱས་འགྲོ་བ་ལ། ཁྱེད་རྣམས་ཀྱི་སོར་རྩེར་དམིགས་བསལ་གྱི་ནུས་པ་ཡོད་གཤིས་རྩོམ་རིག་གི་རྣམ་པ་དང༌། རྩོམ་གཤིས།བརྗོད་བྱ་གང་སྤྱིར་མཐོ་རླབས་གསར་པ་གསར་པ་འཕྱུར་བའི་རེ་སྨོན་དང༌།ལྷག་དོན་ད་ལྟའི་དུས་ཚོད་གཉན་འཕྲང་ཅན་འདིར་བོད་མི་རིགས་ཀྱི་ངོ་བོ་མི་བོར་བའི་ཐད་ཞབས་འདེགས་ཆེས་ཆུང་ངུ་ལས་མེད་ཀྱང་འབུལ་རོགས་མཛོད་ཅེས་པ་དེ་ཡིན།

ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག 

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading