བོད་རྒྱ་སྐད་གཉིས་སྙན་ངག་པ་ལྷ་སྡེ་གནམ་ལོ་ཡག
དངོས་མིང་། ལྷ་སྡེ་གནམ་ལོ་ཡག
སྨྱུག་མིང་། ལྡོང་སྲས།
བོད་རྒྱ་སྐད་གཉིས་སྙན་ངག་པ།
བོད་རིག་པའི་ཞིབ་འཇུག་པ།
སྐྱེ་ཡུལ་ཨ་མདོ་མཚོ་སྔོན་མཚོ་ལྷོ་ཁུལ་ཧང་ངེ་རྫོང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཨ་མདོ་ནས་སྐྱེས་ཞིང་། ཧང་ངེ་རྩྭ་ཐང་ནས་འཚར་ལོངས་བྱུང་།
ཕྱི་ལོ ༡༩༩༢ལོའི་ཟླ ༧ནང་། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་གི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། སློབ་ཁྲིད་ཞིབ་འཇུག་པ་བྱས་མྱོང་།
ཕྱི་ལོ ༡༩༨༩ལོ་ནས་ཕྱི་ལོ ༡༩༩༣ལོའི་བར། བོད་ཡིག་ཚགས་ཤོག་དང་དུས་དེབ་འདྲ་མིན་སྟེང་སྙན་ངག་དང་ལྷུག་རྩོམ་བཅུ་ཕྲག་འགའ་སྤེལ་མྱོང་།
ཕྱི་ལོ ༡༩༩༣ལོའི་ཟླ ༥ཚེས ༩ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཁང་གིས་འཛིན་བཟུང་གིས་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་བཀལ།
ཕྱི་ལོ ༡༩༩༧ལོའི་ཟླ ༡༡ཚེས ༡༤ཉིན་གློད་གྲོལ་ཐོབ་འདུག
ཕྱི་ལོ ༡༩༩༩ལོའི་ཟླ ༣ ནང་རྒྱ་གར་ནང་བཙན་བྱོལ་ལ་འབྱོར།
ཕྱི་ལོ ༡༩༩༩ལོའི་ཟླ ༥ཚེས ༡ཉིན་ནས་ཕྱི་ལོ ༢༠༠༥ལོའི་ཟླ ༣ཚེས ༣༡ཉིན་བར། བཙན་བྱོལ་བོད་གཞུང་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ལས་ཀ་བྱས་ཤིང་། དམིགས་སུ་བོད་རྒྱའི་ས་མཚམས་ལོ་རྒྱུས་ཞིབ་འཇུག་བྱས། དེ་མཚུངས་སུ་རྒྱ་ཡིག་གི་དུས་དེབ་དང་དྲ་རྒྱའི་སྟེང་སྙན་ངག་དང་དཔྱད་རྩོམ་གང་མང་སྤེལ། ད་ལྟའི་བར་ཡིག་འབྲུ་ས་ཡ་གཅིག་ལྷག་གི་གསར་རྩོམ་དང་། ཡིག་འབྲུ་ས་ཡ་གསུམ་དང་འབུམ་ལྔ་ལྷག་གི་ཡིག་བསྒྱུར་གྲུབ་ཡོད།
ཕྱི་ལོ ༢༠༠༥ལོའི་ཟླ ༤ཚེས ༡ཉིན་ནས་ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༣ཉིན་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངྷ་རམ་སཱ་ལར་སྡོད་པའི་མཐོ་རིམ་ཞིབ་འཇུག་པའི་ལས་ཀ་གཉེར།
ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༤ཉིན། ཨོ་སི་ཁྲི་ལི་ཡར་བསྐྱོད་ནས་སློབ་གཉེར་དང་ཤུགས་ལས་ལ་གཞོལ། དེ་མཚུངས་སུ་རྩོམ་འབྲི་དང་ཞིབ་འཇུག ཟིན་བྲིས་གཉེར་བ་སོགས་ཀྱང་ཆག་མེད་དུ་བསྒྲུབས་ཡོད།
ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༦ཉིན། བོད་ནང་གི་རྒྱ་ཡིག་དྲ་རྒྱ་བོད་ཀྱི་རིག་གནས་སྟེང་གི་ཟིན་བྲིས་ལྡོང་སྲས་ཕ་ཡུལ་དུ་ལོག་པ་ཞེས་པ་འགོག་སྡོམ་འོག་ཚུད།
ཕྱི་ལོ ༢༠༠༩ལོ་ནས་དེང་གི་བར། རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་ཀྱི་རྩོམ་སྒྲིག་པའི་ལས་འགན་གླ་མེད་དུ་ཞོར་སྒྲུབ་བྱེད་ཀྱིན་ཡོད།
ཁ་བ་མེ་རུ་འབར་བའི་མཚན་མོ།
ང་ཚོའི་སེམས་ཁུང་དུ་ཁ་བ་ལྷབ་ལྷབ་ལྷབ
མེ་ལྕེའང་འུ་རུ་རུ
ཁ་བ་མེ་ལྕེར་བྲིད་ཅིང་རྔུལ་ཆུ་བརྡོལ
མེ་ལྕེ་ཁ་བར་སྡང་ཡང་བྱིལ་གཞས་འཐེན
གནས་འདི་ནས་སྙན་ངག་གི་ཁྱེའུ་བཙས་པ་ཧ་ཅང་བདེན་ཕྱིན
བླ་སྲོག་གམ་མདངས་ཡལ་བའི་མཆི་མ་སྐྱུར་བོས
དོན་ལྔའི་རྫ་ལུང་གང་རུང་ཞིག་ཏུ་ཁ་བ་དང་མེ་ལྕེ་ཟློ་བཞིན
ཚ་གྲང་ལྷན་འདུས་སློག་པའི་ཕྱི་ངོས་སུ་དཀྲིས་རྗེས
གཡག་འཁང་བའི་རྣམ་ཐར་དང་མི་འཚིག་མྱོང་བའི་དུས་ཚིགས་བཟློག་པར
དྲུག་ཅུ་བ་གསར་བ་ཞིག་གི་ཆོ་ག་སྒྲིག་གམ
ཡང་ན སྐར་མའི་འཕྱ་སྨོད་དང་ཟླ་བའི་ཁོང་དགོད་ཀྱི་འོག་ཏུ
ཁེར་རྐྱང་གི་བཟི་ཁ་བཙན་པོ་ཕོར་བར་གཞལ་ཞོར
ཆེས་མཐུག་པའི་མུན་པའི་ཀློང་དུ་མིག་དབང་བཀྲུས་སྟེ
ཉམ་ཆུང་བའི་རྣམ་ཤེས་འཁྲིགས་པའི་སྤྱི་གླིང་དུ་འཆམ་འཆམ་བྱེད་དུས
འབུ་མེ་ལྕེབས་ན་རེ ཁ་བ་སྔར་བཞིན
སྦྲང་ནག་ཁོ་རེ མེ་ལྕེའང་ལྷབ་ལྷབ་ལྷབ
སྒོ་གླེགས་འདི་ལྟར་ཕྱེས་ཤིང་ མཚན་མོའང་དེ་ལྟར་བགད
ཀླད་འཁོར་སྣུམ་ཟད་པའི་རླངས་འཁོར་རམ
སྙན་ངག་ཟླ་ཁ་མ་གང་བའི་བརྣག་རློན་བཞིན
ངུ་ངག་གིས་གཉིད་ཁུག་བརྡོལ་ལམ་སུ་ལའང་གསལ།
༡༩༩༦ལོའི་༥ཚེས་༡༩ཉིན་ལ་བྱང་རིའི་བཙོན་ཁང་དུ། གྲོལ་བའི་སྙན་ངག་དེབ <<མཁར>>ལས་བདམས་ཤིང་བཀོད།
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག