རས་པ།

ཕྱི་ལོ་ ༡༩༨༣ ལོར་ཨ་མདོ་རེབ་གོང་ཀླུ་ཚང་ཞེས་པའི་གྲོང་སྡེར་སྐྱེས། སྔ་ཕྱིར་རེབ་གོང་དང་། ལན་ཀྲུ།  ལྷ་ས་བཅས་སུ་གནའ་དེང་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་བྱས།  གཞུང་སྒེར་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ལུས་སྣ་མང་གི་རྩོམ་ཡིག་འགྲེམས་སྤེལ་དང།  ཕྱི་ལོ་ ༢༠༠༥ ལོ་མཇུག་<<ཁེར་རྐྱང་གི་འཁྲུལ་བཞུད་>>ཅེས་པའི་སྙན་ངག་གི་དེབ་ཟི་ལིང་ཞབས་དཀར་སློབ་གསོ་དར་སྤེལ་ཁང་ནས་གཙོ་གཉེར་གྱིས་དཔར་བསྐྲུན་བྱས། ཕྱི་ལོ་ ༢༠༡༢ ལོར་<<མེར་བསྲེགས་ཀྱི་གཏན་ཚིགས་>>ཞེས་པའི་སྲིད་དོན་དཔྱད་ཞིབ་དེབ་དཔར་དུ་བསྐྲུན། ཕྱི་ལོ་ ༢༠༡༤ ལོར་སྙན་ངག་དེབ་<<སྐྱ་པར་>> ལྗང་རླུང་དཔེ་ཚོགས་གྲས་སུ་དཔར་དུ་བསྐྲུན།
ཕྱི་ལོ་ ༢༠༠༦ ནས་ ༢༠༡༣ བར་དུ་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པར་བོད་ཀྱི་ཉེ་རབས་གཞུང་ཡིག་ཡིག་ཚགས་ཉམས་ཞིབ་དང་། ཡིག་མཛོད་ཡིག་ཚགས་གསོག་ཉར་གྱི་རྒྱུ་ཆར་དཀར་ཆག་བཟོ་བའི་ལས་ཀ་ཞུས་བཞིན་པ་དང་འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ་ཡིན།


ཕྱི་ལོ་ ༢༠༡༤ ལོའི་སྙན་ཚོམ།

༡༽ མུན་ནག་དང་མིག

འཇིག་རྟེན་དུ་མ་སླེབས་པའི་སྔོན་དུ།
སུ་ཞིག་གིས་མུན་ནག་གི་ཐ་སྙད་གང་ལ་སྦས་ཡོད་དམ།
དཀར་ངོགས་ཆེས་ཆེར་ཡོད་པའི་ས་གཞིའི་ངོས་ནས།
ག་ལེར་ནར་སོན་ཞིང་།  གོམས་པར་གྱུར་ཚེ།
ད་གཟོད།   ཁྱེད་རང་མུན་ནག་ལ་འཇིགས་ཤིང།
འཇིགས་ཡེར་བའི་གཏམ་རྒྱུད་ཡོད་ཚད།
མཚན་མོའི་འདྲེ་སྒྲུང་ལས་བྱུང་བ་དྲན་ནམ།

༢༽ ཁ་དང་ལག་པ།

གལ་སྲིད།  མ་བསམ་སའི་དོན་དངོས་ཤིག་དཔེ་རུ་བླངས་ན།
ཁ་ནི་ལག་པས་བཀོལ་བའི་བྲན་གཡོག་མགར་བ་དེ་ཡིན་ཞིང་།
ལག་པ་ནི་དཔོན་པོའི་སྲས་མོ་ཡེ་ཤེས་ལྷ་མོ་ལགས་ཡིན།

༣༽ རི་མོར་བྲིས་པའི་དྲི་བ།

གཅེར་བུར་འགྲོ་བའི་བུད་མེད་ཅིག་མཐོང་ཚེ།
བཤད་ལུགས་གསུམ་ཡོད་དེ།
ཤིང་ལོ་གོན་པའི་གདོན་མའི་བུད་མེད་ཅིག་དང།
སྨྱོན་པར་གྱུར་བའི་ནད་གཞིའི་གོད་ཆག་ཅན་ཞིག
ནུབ་ཕྱོགས་ཀྱི་མཚོ་འགྲམ་ལ་ཡོད་པའི་སྤྲོ་འཆམ་པ་ཞིག
འདི་དག་གི་ཁྲོད་དུ་བོད་མོ་ཞིག་ཡོད་ཚེ།
ཐ་སྙད་གསར་པ་ཞིག་ང་ཚོའི་ཁ་ལ་རྒྱུན་འཇགས་སུ་འགྲོ་ངེས་སམ།
ཡང་ན།  ཐབས་ཤེས་གཞན་ཞིག་ཡོད།

༤༽ མཚོན་བྱ་དང་མཚོན་བྱེད།

ཤོག་ལེབ་ཏུ་བྲིས་པ་མཐའ་དག
རླུང་གིས་འཁྱེར་ཚར་རྗེས།
རྒྱུད་སྐུད་ཅིག་གི་གདངས་ངོགས་སུ།
རྣམ་ཤེས་འཁྱམས་པོ་ཞིག་གིས་བར་མེད་དུ།
རང་ཉིད་ལ་ལྷིང་འཇགས་མིན་པའི་སེམས་པ་བཟོ་བཞིན་ཡོད།
དེ་ནི་སུས་ཀྱང་མ་ཤེས་པ་རུང་སྟེ།
ཁྱོད་ཀྱང་གཏན་ཏུ་ཡལ་ཚར་བའི་ཤོག་ལེབ་ཅིག་ཏུའང་འགྱུར་དཀའ།

༥༽ དམྱལ་བ་དགུ་ཞབས་ཀྱི་བོད་ཡར་ལ་ཐོན་ཤོག

ཡར་ལ་བལྟས་བལྟས་པས་ཐང་ཆད་པར་འགྱུར་ཏེ།
ད་ནི་སྒང་ནས་མར་ལ་གཟིགས་ཤིག

༦༽ ཁ་ཡི་རླབས་ལ་མྱ་ངན་གྱི་དྲན་གསོ།

བྱེ་རྡུལ་གྱི་རླབས་ཆེན་པོ་ཞིག
ཡངས་པའི་རྩྭ་ཐང་ལ་ཕབ་ཚེ།
དེ་ཡང་བྱེ་ཐང་ཆེན་པོ་ཞིག་སྟེ
མིག་སྒྲིབ་ཅིང་།
མྱ་ངན་དང་རྔ་མོང་།
ཁ་སྐོམ་གྱི་ཚོར་བ་རྒྱུན་པར་ཡིད་ལ་འཁོར་བའི།
བརྒལ་དཀའ་བའི་འཇིག་རྟེན་དེ་ཉིད་དོ།

༧ ༽ དོ་དགོང་།

ང་རང་མུན་ནག་ནང་ཁ་ཁུ་སིམ་པོར།
སེམས་ཀྱི་སྟོང་ཁམས་ལ་ཟུག་ངུས་ཁེངས་ནས་ཡོད།
བྱིས་དུས་ཀྱི་རྨི་ལམ་ཡལ་རྗེས།
འཚོ་བ་ནི་ཧ་ཅང་གསལ་བའི་ཚོས་གཞིའི་བྲིས་ཡིག་གིས་གཏན་འཁེལ་ཞིང།
དཀར་བོ་ནི་དཀར་པོ་དང་ནག་པོའང་ཤིན་ཏུ་གསལ།

ང་རང་ཁ་ཁུ་སིམ་པོར་བྲེལ་དངངས་ཀྱིས་མནར་ཞིང།
དྲན་སྣང་གིས་རྒྱ་ཡན་དུ་མི་གཏོང་བའི།
སྟོན་འཇུག་གི་མཛོ་མོ་བ་དཀར་ཞིག་ཡིན།
བདག་གིས་ཕ་ས་དྲན་ཞིང། མ་འོངས་པའང་དྲན།

ང་རང་མུན་ནག་ཏུ་ཙོག་ཞིང།
སྨག་གསལ་བའི་དོ་ནུབ་ཀྱི་གདུང་གླུ་ཡལ་བར་སྨོན།
རི་རབ་ཀྱི་རྩེ་མོ་མཐོང་ཞིང།
བརྒལ་དཀའ་བའི་སེམས་འདུན་གྱིས་ངལ་དུབ་ཀྱི་ཟུག་རྔུ་འབྱིན།

ང་རང་མུན་ནག་ནང་ཁ་ཁུ་སིམ་པོར་ཡོད།

༨༽ ཆར་སམ་སིམ་ནང་གི་དྲན་སྣང་།

སེམས་ཀྱི་འདུན་པ་འགོག་མེད་པ།།
བརྩེ་བའི་ཁ་བ་གངས་ཀྱིས་བཞུ།།
མཇལ་འཛོམས་སྤྲོ་བའི་གཟི་འོད་ཀྱིས།།
དགུན་འཁྱག་སྣང་བའི་སྐྱོ་བ་སྦྱིན།།
བསླུས་སམ་འདོད་པའི་སྣ་ཐག་བཞག།
གར་འགྲོ་ངེས་མེད་མགོ་ཡོམ་འཁོར།།
རྫུན་ནམ་གཏད་སོ་བྲལ་བའི་སེམས།།
ལོ་བརྒྱའི་ཤུལ་གྱི་མཁར་རོ་འདྲ།།
མཐོ་བ་བཙན་རྫོང་སྙེགས་པའི་ཤུལ།།
སྤྲོ་དགའི་མཚན་ཐུན་དུངས་པས་བཟི།།
དོ་ནུབ་མཚན་ནམ་རིང་མོ་ཞིག།
འཁྱོལ་དཀའི་སྣང་བ་འདི་ཀོ་ཅི།།
སེམས་དང་བསམ་པ་སྦྲེལ་བ་འདྲ།།
ཡིད་ཀྱི་སྣེ་ལ་རྡོག་པ་ལྕི།།
ཡིད་དང་ཡིད་ཀྱིས་ཤེས་པ་འདྲ།།
དྲན་སྣང་གཅིག་པུ་གཏམ་དུ་བྱས།།

༩༽ དཔའ་བོ་དྲན་པའི་ས་སྲོད།

—-པཎ་ཆེན་རིན་པོར་ཆེར་རྗེས་དྲན་དུ།

བྱང་ཕྱོགས་ཀྱི་རི་བོར།
བལྟ་འདོད་མེད་པའི་སྤྲིན་པས་འཚང་ཁ་རྒྱག་ཅིང།
སྨུག་པར་གྱུར་བའི་སྤྲིན་པ་ནི་གྲང་ངར་ཏུའང་འགྱུར་སྲིད།
དགུན་ལྗོངས།  སེམས་ཀྱིས་ཐེག་དཀའ་བའི་དེ་རིང།
སྨུག་པ་དེ་ད་གཟོད་ངས་ཀྱང་གྲང་རླུང་ཏུ་ཚོར་ཞིང།
བདག་རང་གི་ཁེ་ཕན་གཅིག་པུར་ལུས་པའི།
ཁ་སྟབས་ཕྲན་བུ་དེའང་དེ་ཉིད་ཡིན་པ་འདྲ།

དུས་ཚོད་འདི་དག་དག་ལ།
གདུང་ཚོར་ཅན་གྱི་མར་མེ་ལྷེམ་ལྷེམ་ཞིག
ཡལ་ཉེ་བའི་ཉི་ཟེར་ཕྲ་མོ་དེ་དང་འདྲ་ཞིང།
ཡང་ན།  དུས་མཐའི་དཔའ་བོ་ཞིག་གི
བྲལ་ཁའི་གྱེས་ཕྱག་གི་སྣང་བརྙན་དེ་དང་འདྲ།

དོན་དངོས་སུ་སྨུག་པ་དེ་འཐིབས་ནས་ཡལ་ཟིན་ཞིང།
ཡལ་ནས་ཡང་བསྐྱར་ཚོར་འོངས་པའི།
ཕྱི་དྲོ་འདིར་ངས།  ཅིས་ཀྱང་རང་ཉིད་ཀྱི་གདུང་ཚོར་ཕྲན་ཙམ་དེ།
ནམ་ཡང་མཐོང་མི་ཐུབ་པའི་ནང་མ་སྦུག་སྦུག་ཅིག་ཏུ་འཇོག་འོས།

༡༠༽ མི།

མི་རྣམས་ཐལ་བའི་རྡུལ་དུ་མ་གྱུར་བའི་སྔོན།
ཐབས་ཅད་མཁྱེན་པའི་སངས་རྒྱས་སུ་རེ་བ་བྱེད།
མི་རྣམས་ཀྱིས་རང་ཉིད་ཐལ་བར་འགྱུར་རྒྱུར་ཞེད་སྣང་མི་བྱེད།
མི་རྣམས་ཀྱིས་སྐྱེ་བ་ཕྱི་མར་སུ་ལ་ཆགས་སྡང་བྱེད་པར་གྲ་སྒྲིག་མི་བྱེད།
མི་རྣམས་ཀྱིས་རང་ཉིད་ནམ་ཡང་རང་ཉིད་ཡིན་པར་བསམ།
མི་རྣམས་ཀྱིས་རང་གི་ཡན་ལག་རང་གིས་རྩ་ནས་གཅོད།

༡༡༽ གངས་རི།
གངས་རི་ནི་གདུག་རྩུབ་ཅན་གྱི་མའོ་ཙེ་ཏུང་དང་འདྲ།
རང་ལ་འདྲིས་ཤིས་གོམས་པའི་མི་རྣམས་ཀྱི་རྨི་ལམ་གསོད་ཅིང་།
ཐ་ན་རང་ལ་དགའ་ཞིང་དུངས་པའི་མི་རྣམས་ཀྱི་ཚེ་སྲོག་ཀྱང་འཕྲོག

མཚན་མོའི་གཉིད་ལམ་ལས་ཀྱང་ཡང་ཡང་མཆུ་སྦྱོར་བྱེད་ཅིང་།
ལྕགས་ཀྱི་རི་བོ་ཞིག་གིས་མནན་ཡང་དགྱེ་སྟེ་སྲུང་བར་བྱེད་མཁན།
ཁྱོད་ལ་འདྲིས་ཤིང་འབྲལ་དཀའ་བའི་དུས་སུ་ད་གཟོད་མུག་ཤི་རྒྱག
འཁྱག་རོམ་ཆེན་པོ་ལགས་ནི་ཁོང་རེད།

ངེད་དྲ་ཚིགས།

One thought on “རས་པ།

  1. jigmetsering ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༠༨ at ༥:༡༡ am

    མཚན་མོ་རང་ཉིད་བཙལ་ན།
    ཡུད་ཙམ་གྱི་རིང་ལ།
    ཕུགས་བསམ་གྱི་ལྗོན་པར་ཡིབ་ནས་བལྟས།
    ཁེར་བགྲོད་ཀྱི་ཟླ་བས་ཁོང་དགོད་བྱེད་ཅིང་།
    ཡལ་གའི་གྲིབ་འོག་ནས་མགྱོགས་མྱུར་གྱི་མི་ཚེ་སྟོན།
    དག་ཞིང་གི་ཐ་སྙད་ཀྱིས་ལྡོག་ཏུ་མེད་པའི་བསླུ་ཚིག་སྒྲོག་གིན་མེད་ནའང་།
    བྱིས་དུས་རྨིས་མྱོང་བའི་རྨི་ལམ་ཡོད་ཚད།
    འཇིགས་ཚར་ཏེ། ཅི་ཙམ་བསམ་ཡང་སྔར་ནས་བཞུད་ཟིན།

    ཕ་ཡུལ་དུ་ནམ་ཟླ་དགུན་ཁའི་གདུང་གླུ་འཁོར་ཞིང་།
    ས་མཐའ་རུ་རྒྱུན་པར་གོ་བའི་གདུང་དབྱངས་ཀྱིས་རང་ཉིད་ཡོངས་སུ་བཟུང་།
    ད་ནི་འཆར་ཡན་གྱི་འཚོ་བ་ཡལ་ཟིན་ཏེ།
    ཧ་ཅང་མཁྲེགས་པའི་གཉའ་ཤིང་ཞིག་འཁུར་ཡོད།

    ལོ་ཟླ་རིམ་གྱིས་འདས་ཤིང་།
    མཚན་མོའི་རྨི་ལམ་དུ།
    ཁོད་ཡངས་པའི་གངས་འདབས་ཀྱི་བརྩེ་སེམས་ཚོར།
    ཀྱེ་མ། བདག་ལ་འཆར་ཡན་གྱི་རྟོག་པ་གཅིག་རང་ལྷག་སྟེ།
    ཨ་མའི་སྤྱན་དཀྱུས་སུ་མུ་ཏིག་ལས་གཙང་བའི་བསིལ་ཆབ་ཁ་ཤས།
    ཡང་ནས་ཡང་དུ་ས་ལ་ཟགས་ཀྱིན་འདུག
    ༢༠༡༤།༡༠།༦དགོང་མོ།

དཔྱད་མཆན་སྤེལ།

%d bloggers like this: