བཅོམ་ལྡན་འདས་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།
བན་ཤུལ་དཔའ་མཁར།
དྲི་མེད་ཡེ་ཤེས་སྤྱན་ལྡན་གང་།།
གང་དུ་བཞུགས་པ་མ་ཚོར་ཡང་།།
ཕྱོགས་བཞིར་མུན་པ་འཛིང་བའི་ཚལ།།
ལྗོན་པའི་འོག་ཏུ་ངལ་བས་བཙལ།།
རྐང་འོག་རྡུལ་ཡང་ངལ་བྱེད་པའི།།
འཁོར་བའི་ལས་འདི་སྨུག་པ་ཙམ།
གང་དུ་འཐིབ་པའི་ཕྱོགས་དེ་ན།།
ངལ་བའི་སྨིག་རྒྱུ་རྒྱུགས་པར་ངེས།།
རྟག་དང་མི་རྟག་མི་ཚེ་ཚད།།
མཚན་སྨག་ཀློང་གི་གློག་འགྱུ ཙམ།།
སྐད་ཅིག་ཙམ་ལ་རྫོགས་པ་སྟེ།།
ཆུད་དུ་ཟ་བ་ཕངས་བའི་གནས།།
ཞེ་འདོད་གླང་ཆེན་ཙམ་ཞིག་ལ།།
བརྩོན་པ་རྡེའུ་ཙམ་འཇོག་པ།།
ཆོས་ཉིད་ལྡོག་པའི་ཐབས་ལོག་ཙམ།།
སྲིད་འདིར་འབྲས་བུ་འབྱུང་བ་དཀའ།།
གཞན་གྱི་འཛམ་བུ་གསེར་མའི་ཟོང་།།
མིག་གིས་བཟོད་པར་དཀའ་བ་ནི།།
སེམས་ཕུགས་ཕྲག་པ་དོག་པ་སྟེ།།
རྨ་ཡིས་ཟིན་པའི་སྦལ་བ་བཞིན།།
ང་རྒྱལ་དབུགས་ཀྱི་ལྒང་བུ་ཡིས།།
ཕ་བོང་ཐེག་པར་དཀའ་བ་སྟེ།།
ཞི་དུད་འཇག་མ་ཁེར་སྐྱེས་ཀྱིས།།
གོར་མ་ཕུག་མ་མཐོང་ངམ།།
ཕྱི་ལོ་༢༠༡༤ ༨ ༡༧ལ་ལྷ་སར་སེམས་ཚོར་ཆང་གིས་བསླད་ནས་ཤར་མར་བྲིས།
ངེད་དྲ་ཚིགས།