ཙོང་ཁ་ཚེ་བརྟན་རྒྱལ།

སྨྱུག་མིང་ལ་ཆར་སྡོད་བྱིའུ།

ཕྱི་ལོ་༡༩༧༧ ལོར་བོད་མདོ་སྨད་ཙོང་ཁའི་གྲོ་ཚང་དུ་སྐྱེས།  སྔ་གཞུག་ཏུ་སློབ་གྲྭ་ཆུང་འབྲིང་དག་འགྲིམ་ཞིང་། བོད་ཁུལ་གྱི་ ༼སྦྲང་ཆར་༽ དང་ ༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽  ༼ གངས་རྒྱན་མེ་ཏོག ༽  དང་མཚོ་སྔོན་བོད་ཡིག་ཚགས་པར་སོགས་ཀྱིས་མཚོན་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་ལྷུག་རྩོམ་སྙན་ངག་མང་དུ་སྤེལ་མྱོང་།   ཕྱི་ལོ་༡༩༩༩ ལོར་ཕྱི་ཡུལ་དུ་ཕེབས་ནས་ ༼ མདོ་སྨད་ལོ་རྒྱུས་ཆེན་མོའི་༽ ལས་རོགས་དང་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་ཉམས་ཞིབ་པ། བོད་ཀྱི་ས་ཁྲའི་ལས་གཞིའི་ཉམས་ཞིབ་པ། འབྲས་ལྗོངས་སུ་དགེ་རྒན་སོགས་གནང་མྱོང་། ཁོང་གིས་ད་བར་དུ་ལོ་རྒྱུས་ཉམས་ཞིབ་ཀྱི་ཞོར་དུ་སྙན་ངག་འབྲི་རྒྱུ་མཚམས་མ་བཞག

འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།


འབྲོག་ཕྲུག་མ།

རྟོགས་སྒྲུང་འདྲ་བའི་འཇིག་རྟེན
ནམ་ཡང   ནམ་ཡང་དྲན་པས
འཛུམ་མདངས་དེ་མིག་ཆུས་བཅུམས་ལ
མིག་ཆུ་དེ་འཛུམ་མདངས་ལ་བཅོལ་ཡང
ས་སྲོད་རེ་རེ་ནི
རེ་ཞིག་རི་མོ་ལྟ་བུར་གྱུར

ནམ་ཡང་ངུས་མ་མྱོང་བའི་ལྷ་སྐུ་དེ་ཚོ
འོད་ངོགས་སུ་ཐེངས་གཅིག་ཕེབས་ཚེ
མུན་ནག་དང་མུན་ནག
ལོ་ཟླ་འདིའི་ཕ་རོལ་ལ་དཀྲིས
གསོལ་འདེབས་འདེང་ཚད་ཅིག་མེད་དུས
ངུ་བསམ་བསམ་གྱི་ལས་དབང
ལག་པ་ཆུང་ཆུང་དུ་ཐོགས་པའི་མར་མེ་ལ་འཁྲུལ་བཞིན
གོམ་པ་གཅིག
ཤར་ནུབ་གང་རུང་ལ་སྤོ

ཨོ   དྲན་མྱོང་བའི་འཇིག་རྟེན
ཨོ   དྲན་མ་མྱོང་བའི་མི་ཚེ
ཉན་བཞིན་པའི་ཡུལ་གྱར་བའི་གཏམ་རྒྱུད་དུ
ཆེས་མཐའ་མའི་རྩྭ་ཐང་དུ
སུ་ཞིག་གཅེར་བུར་ཉལ་འདོད

འགྱུར་ཁུགས་དྭངས་པའི་ལ་གཞས་ཐར་ཐོར
བྲག་ཆ་དང་བསྡོངས་ན
ངའི་རྣམ་ཤེས་བྱེའུ་བཞིན་དཀྲོགས་ནས
ཁྱེད་ཀྱིས་འཐུ་བཞིན་པའི་རྨི་ལམ་ལ་འཐིམས་སྐབས
ཁྱེད་ཀྱིས་ང་ལ་འཁང་ར་མ་བྱེད

“ སྒྲུང་བཤད་ན་ཐག་རིང
སྒྲུང་དྲན་ན་སྒྲུང་དུ་ཁྱོད་ཉིད་སླེབས་པས”
ཆེས་མཐའ་མའི་རྩྭ་ཐང
ངའི་དྲན་གདུང་དུ་ལྕི་ཞིང
ངས་སྙན་ངག་ཏུ་འབྲི་དུས
ལྷམ་ཆུང་མེད་པའི་རྫི་མོ་དེ་ཁྱོད་ཡིན་ནམ
དར་ལྕོག་བཞིན་ལྷགས་རླུང་གིས་ཟད་དུས
ཕམ་མ་མྱོང་བའི་མིག་ཟུང་གིས
ནང་དོན་ཟབ་པའི་ཚོར་སྣང་བྱོ་བཞིན
གངས་རི་ནི་ཡབ་ཆེན་གྱི་བང་སོ་རུ་སྒོམ

ངུ་འབོད་དེའི་མཇུག་ཏུ
ནོར་གནག་གི་ཁྱུ་རྩྭ་ཐང་དུ་ཡོད་ཡོད་འདྲ་ནའང
གཟུགས་མེད་ཀྱི་དབུགས་ཤིག་གིས་སེམས་ཡོངས་སུ་བསྡམས་ཏེ
བརྗོད་འདོད་པའི་སྐད་ཆ
གློ་བུར་དུ་བརྗེད་ཀྱང
རྒྱང་མིག་ཏུ་ལྷུང་བའི་གྲིབ་མ་ནག་པོ
སའི་གོ་ལའི་སྒང་ནས་བོར་ན
ངས་མི་ཚེ་འདིར་སྒྲོལ་མ་ཉེར་གཅིག་ཚར་རེ་བཟློ་བཞིན
སྒྲོལ་མ་གཅིག་གི་བརྩེ་དུང་སྲུང་འདོད

ལས་དབང་ལ་ཇི་ལྟར་རྒོལ
ལས་དབང་གིས་བཀོད་པའི་མི་ཚེ
སྐྱོ་གདུང་ངམ་དགའ་སྤྲོ་གང་རུང་ཡིན་སྲིད
འཇིག་རྟེན་དུ་འཇིག་རྟེན་གཞན་ཞིག་སྣང་ངོར་འཁྲུག་པ་ནས
ཁྱོད་ནི་རྨ་ཁ་ཞིག་སྟེ
ཐེངས་མང་བོར་གླུ་བ་ཞིག་གི་གླུ་སྐད་དུ་བརྒྱུས
ཆེས་མཐའ་མའི་ས་སྲོད་རེ་རེར
ཆེས་མཐའ་མའི་མར་མེ་ཐོགས་པའི་འབྲོག་ཕྲུག་མ
སྨོན་ལམ་བརྒྱ་དང་བརྒྱད་ཀྱི་དོན་སྙིང་ནི
སུ་དང་གྱེས་པའི་མིག་ཆུ་ཡིན

ངེད་དྲ་ཚིགས།   གཞན་གྱི་བརྒྱུད་འགོད་དང་རྐུ་བྱེད་མི་ཆོག

2 thoughts on “ཙོང་ཁ་ཚེ་བརྟན་རྒྱལ།

  1. སྟག ཕྱི་ལོ། ༢༠༡༤ ཟླ། ༠༨ ཚེས། ༢༧ at ༡༢:༥༣ am

    སྙན་ངག་པ་ཞིག་གི་སྣང་ཚུལ་དང་ལོ་རྒྱུས་པ་སྣང་བརྙན་འདུག་པས་ཧ་ཅང་དགའ་བོ་མཐོང་།

  2. ན་བུན། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༡༩ at ༡༢:༥༢ am

    ལོ་རྒྱུས་ལ་ཁག་ཁུར་གྱི་སེམས་ཡོད་པའི་མི།

དཔྱད་མཆན་སྤེལ།

%d bloggers like this: