ལྷ་ཆབ་སྦྱིན་པ།

དངོས་མིང་།   ལྷ་ཆབ་སྦྱིན་པ།
དྲ་མིང་། གྲི་གུག
སྐྱེས་ཡུལ།  བླ་བྲང་།
སྤྱི་ལོ།  ༢༠༠༠ལོར་རྒྱ་གར་དུ་ཐོན།
བོད་ནང་དུ།   གྲྭ་པ་དང་རྩོམ་སྒྲིག་པ་བྱས་མྱོང་།
བཙན་བྱོལ་དུ།  མ་བྱན་དང་རྩོམ་སྒྲིག་པ།  དགེ་རྒན་དང་སློབ་སྤྱི་ཡང་བྱས་མྱོང་།
བརྩམས་ཆོས་ལ།

<<སྤྱང་མོའི་རྐང་རྗེས་འཚོལ་བ།>>

<<བོད་གངས་ཅན་གྱི་སྣོད་ཀྱི་བཀོད་པའི་དཀར་ཆག>>   སོགས་ཡོད།
སྔ་ཕྱིར་སྙན་ངག་གཙོ་བྱས་པའི་རྩོམ་ཡིག་བརྒྱ་ཕྲག་ལྷག་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར།  དྲ་རྒྱ་བཅས་སུ་སྤེལ།
ད་ལྟ།  ལོ་རྒྱུས་ཀྱི་དུད་པའི་རྒན་པོ་རེ་རེ་བཙལ་ནས་དེང་སང་གི་བྱིས་པ་ཚོས་ཉན་མི་འདོད་པའི་གཏམ་རྒྱུད་འཚོལ་བཞིན་ཡོད།

འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།


གླང་དར་མ་ཞེས་པ་ཡང་སྙིང་གང་འདྲ་ཞིག་ཡིན།

ང་ལག་ཤེས་བཟོ་ལས་པ་ཞིག་ཡིན་ན
ངས་ས་དམར་གྱི་འདག་པ་བརྩིགས་ནས
ཞི་བའི་ལྷ་སྐུ་དེའི་ཚབ་ཏུ་ཨུ་དུམ་བཙན་པོ་མཆོག་བཞེངས་འདོད
ད་དུང་དེ་ཡི་མཆོད་མདུན་དུ་མཆོད་ཆང་དམ་བུ་གང་བཤམས་ཏེ
འགྱོད་བཤགས་དང་འཁང་རའི་མཆོད་བསྟད་ལྟ་བུའི་སྙན་ངག་འབྲི་ངེས
དབུལ་ཕོངས་དང་མནར་གཅོད་ཀྱི་སྐྱབས་འཇུག་ཞུ་ངེས

སོམ་ཉིའི་དྲ་བར་ཚུད་པའི་བདག་གི་མི་སེར་གྱིས
སྡིག་བསྔལ་དང་ཞེ་འཁོན་གྱི་ཁུར་བོ་ཧར་གྱིས་འཁུར་ནས
ཕམ་ཁའི་དུས་ཚོད་ཅིག་ཏག་ཏག་མཛུབ་མོའི་རྩིས་གཞིར་བགྲང་གིན
མཐོ་རིས་ཀྱི་ཡུལ་ན་ཐར་བའི་ཡུལ་ལྗོངས་ཤིག་ལ་སྒུག་ཡོད
མ་གསང་དྲང་བོར་ཤོད་དང་ནག་ཉེས་དེ་སུ་ལ་འབབ་བམ

ད་དུང་བདག་ལ་འདག་པ་འདང་ངེས་ཤིག་ཡོད་ན
ཞར་དུ་ཨུ་དུམ་བཙན་ལ་རྭ་དང་མཇུག་མ་ཞིག་ཀྱང་འདོགས་ཆོག
དེ་དུས་བདག་གིས་རྟོག་བཟོ་བྱས་པའི་སྣང་བརྙན་དེར
བདུད་དང་སྲིན་པོ་དང་དམ་སྲི་སོགས་ཀྱི་མིང་བཏགས་ནས
གང་བསམ་བསམ་དང་གང་འདོད་འདོད་ཅིག་བྱའོ

སྲིད་གཞུང་མེད་པའི་མི་སེར་གྱི་ཚོགས་སྡེ་ཞིག་གིས
ར་ས་འཕྲུལ་གྱི་གཙུག་ལག་ཁང་གཅིག་བུས་ཆོག་པར་འདོད་ཀྱང
བདེན་པ་དང་དེའི་རྩ་བར་ཟུག་པའི་ལོ་རྒྱུས་ཀྱི་ཐིག་ཕྲེང་རེ་རེས
མི་སྲོག་འཕྲོག་མཁན་གྱི་བྲམ་ཟེ་ཞིག་ཐེར་འདོན་བྱས་ཏེ
ལྷ་དང་གནོད་སྦྱིན་གྱི་འཐབ་འཛིང་མཚོན་པའི་སྐྱོ་གར་གླེང་བཞིན
གནའ་བོའི་དབྱངས་རྟ་ཞིག་ཁ་བའི་ལྗོངས་སུ་དྲངས

བཙན་པོའི་ཟུངས་ཁྲག་དེ་སྐྱོ་ལྷང་ལྷང་ངང་བཞུར་ཏེ
ཐུ་བྷོད་ལོ་རྒྱུས་ཀྱི་སྐྱ་ཐིག་ནག་འཐོམ་འཐོམ་གྱིས་སུབ་སོང
གླེགས་བམ་གྱི་བར་གསེང་ཉུལ་བའི་མི་རྒན་དེ་དག་གིས
དུ་དུང་བཤད་སྒྲོས་ཀྱི་རྩ་ཚིག་ཅིག་བློ་ལ་སྐྱོར་ནས
ཡར་ཀླུང་བཙན་པོའི་ཡུལ་ལ་ལྷ་སྒྲུང་གིས་ས་བོན་འདེབས་བཞིན
མ་འོངས་པ་དང་དེའི་མ་འོངས་པ་ཁོ་ན་གླེང

རྒྱབ་ཁབ་ཀྱི་འཇིག་ཉེན་བློས་མ་བཟོད་པའི་བཙན་པོ་དེས
མི་སེར་གྱི་ཟུངས་ཁྲག་དང་རྐང་དམར་ལ་དབྱེ་བ་ཕྱེས་ཀྱང
གཉའ་གནོན་དང་བྲན་གཤིས་ཀྱིས་བཟི་བའི་སྤྱི་ཚོགས་ཁྲོད
ད་དུང་སྐྱོ་གར་གྱི་ལྷ་སྒྲུང་རིང་མོ་ཞིག་འཁྲབ་ཀྱིན་འདུག
མུ་འབྲེལ་སྙན་ངག་རིང་མོ<<ས་མཐའི་མྱི>>ལས་བདམས་བཀོད་བྱས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s