འོད་དཀར།

          སྤྱིར་ན་རྒྱལ་རབས་ལོ་རྒྱུས་ཤིག་ལ་མཚོན་ན་ཁྱེད་ཕམ་ང་རྒྱལ་གནས་ཚུལ་འདི་རྒྱུན་ལྡན་ཞིག་ཡིན་དུ་སྲིད།  ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ལྗང་མདོག་གི་ཕ་ས་གངས་ཅན་པའི་ལྗོངས་འདི་ལ་སྔོན་གྱི་ཚེ་ཟས སུ་ཤིང་ཏོག་ཟ་ཞིག་གོས་སུ་ལོ་མ་གྱོན་པའི་དུས་ནས་བཟུང་ད་ལྟའི་བར་དུ་འགྲོ་བ་མྱི་ཞིག་ཡིན་པའི་དབང་གིས་བསམ་ཚུལ་དང་ལྟ་ཚུལ་བར་ནས་རྒྱལ་ཕམ་གྱི་འཐབ་འཛིང་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་འདི་འཇིག་རྟེན་རྫུན་པའི་གཤིས་ལུགས་སུ་གྲུབ་པར་བརྗོད་ཀྱང་ཆོག་ལ།   འདི་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱུག་ལོག་པའི་རྒྱུ་མཚན་ཡང་ཡིན་ཐལ།
སྟག་གི་མཆེ་བ་ནས་འཛིན་ཕོད་ཞིང་འབྲོང་གི་རྭ་རྩེ་ནས་འཇུས་མྱོང་བའི་བཙན་པོ་རྣམས་ཀྱི་སྐབས་སུ་བོད་རྒྱལ་ཁབ་ཆེན་པོས་ས་ཆེན་དབང་དུ་བསྡུས་ནས་རྒྱ་ལ་དགྲ་རུ་བཟུང་ནས་སྲིད་པའི་ཁྱོན་འདིར་ངར་སྐད་དང་སོ་སྒྲ་དུས་གཅིག་ལ་སྒྲོགས་པའི་སྐབས་སུ་ནག་པོ་དགྱ་ལ་མགོ་སྒུར་ན་ཝ་མོའི་ཞྭ་མོ་གཡོགས་ལ་ཁྱིམ་མི་ཡོངས་ལ་ཐལ་བ་དང་མཆིལ་མ་འཕེན་ཞིང་།   དགྲ་བོ་མགོ་སྐེ་བྲེག་ན་དཔའ་དར་འཐེན་ཞིང་སྟག་དང་གཟིགས་སོགས་ཀྱི་གྱོན་པའི་གཟེངས་བསྟོད་སྟེར།  དེ་ལྟར་ངར་ཤུགས་བསྩལ་བའི་ནུས་སྟོབས་ཀྱིས་གསུམ་གཅིག་དབང་དུ་བསྡུས་པའི་བཙན་དག་གི་གཟི་ཤུགས་དམར་པོ་དགྱ་ཡིས་འགོག་མ་ཐུབ་པར་བདེན་པའི་ལོ་རྒྱུས་དེ་གོ་ལ་ཧྲིལ་བོའི་ཡང་རྩེ་ན་འཕགས་བཞིན་པ་གདོང་དམར་བ་དག་གིས་བརྗེད་ཡོད་མི་སྲིད། ཆུ་ཆེན་གྱེན་དུ་མི་ཟློག་པ་དང་།  མེ་ལྩེ་ཐུར་དུ་འབར་མི་སྲིད་པའི་དཔེ་ལྟར།  བྲེ་སར་འབྲོང་གི་རང་གཤིས་ཁུར་བའི་་བོད་པ་དང་གཡོ་ཅན་ཝ་མོའི་ངང་ཚུལ་འཛིན་པའི་དགྱ་ནག་གཉིས་མཉམ་དུ་གནས་འདོད་པ་ནི་དཔེར་མི་སྲིད་པ་ཞིག་རེད།  འདི་ནི་ལོ་རྒྱུས་བརྒྱ་ཡི་བདེན་གཏམ་དང་རིག་པ་སྟོང་གི་དཔྱོད་ལམ་ན་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་ལྷང་ངེར་མཐོང་ཐུབ།  མིག་གིས་དམར་རྗེན་རྗེན་མཐོང་བཞིན་དུ་སྦྲུལ་ཚང་དུ་འཛུལ་ནས་མྱི་རབས་རྗེས་མའི་ལས་དབང་དམར་གསོད་གཏོང་བའི་དབང་ཚད་ཅིག་ང་ཚོར་ནམ་ཡང་མེད་ཐལ།  དམར་པོ་གཞུང་གི་རྒྱ་སྟག་གི་མཆེ་གཙིགས་ལྟར་རྣོ་བའི་ཧམ་སེམས་ཀྱིས་བདག་གི་ཤ་དང་རུས་རྒྱུད་གཅིག་པའི་སྤུན་ཟླ་ཚོའི་སྙིང་རྩེ་གཤགས་དུས་འུ་ཚོས་འབོད་སྐད་གསལ་བོ་རེ་འཛམ་གླིང་གི་ཡང་སྟེང་དུ་སྒྲོགས་པ་བདེན་ཀྱང་།   བཅོས་འཛུམ་དང་གཡོ་ཟོལ་ཅན་ཚོ་ཁྱེད་ཅག་གི་མིག་མདུན་དུ་འཁོར་འོང་དུས་ཡོད་ཚད་ཀྱི་ཡོད་ཚད་ལ་བསམ་གཞིགས་གཏོང་མི་ཐུབ་པ་ནི་རྗེ་གུང་ཐང་ཚང་གིས་

སྡུག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་ལ། །

སོ་དང་འཛུམ་དཀར་བསྟན་ནས་སླུ་བ་མང། །

     ཞེས་པའི་དཔེ་ལྟར་དེང་སྐབས་གདོང་དམར་བའི་ལས་དབང་རྨེག་མེད་དུ་བཟོ་མཁན་ནི་གྲི་དང་མདེའུ་ཁུར་བའི་དགྱ་དམག་མ་ཡིན་པར་བཅོས་འཛུམ་གྱི་སྒོ་ནས་འུ་ཚོར་འཆམ་མཐུན་དང་འདྲ་མཉམ་གྱི་ལམ་ནས་ཞུ་འགུག་བྱེད་པའི་གཡོ་ཅན་དེ་དག་ཡིན་ཐལ། དེའི་ཕྱིར་བོད་པ་ཚོས་རིགས་ཞེན་ཁྲི་ལ་གནས་ལུགས་འབུམ་གྱིས་ཁ་སྐོང་ནས།  རྒྱང་རིང་གི་དམིགས་འདུན་གསར་བའི་འོད་སྣང་བློ་སྤོབས་དང་ངར་ཤུགས་ཀྱིས་འབོད་དགོས།  སྔོན་གྱི་ཚེ་འུ་ཚོའི་མི་ཐོག་གོང་མ་དག་གིས་བསྒྲུབས་ཟིན་པའི་གཟི་འོད་དེ་ང་ཚོའི་མི་ཐོག་འདིས་རྨེག་མེད་བཏང་ཚེ་ང་ཚོ་ནི་ལོ་རྒྱུས་ཀྱི་དགྲ་བོ་རེད་ལ།  བདེན་དོན་གྱི་གཤེད་མ་ཡང་རེད།   དེ་བས་ང་ཚོར་མི་རབས་སྔོན་མའི་བླ་མི་བཙོང་རྒྱུ་དང་མི་རབས་ཕྱི་མའི་མྱིག་མི་རྫོད་རྒྱུའི་འགན་དབང་ཡོད་ལ།  འགན་དབང་དེ་བསྒྲུབ་པའི་ནུས་ཤུགས་ཀྱང་ཡོད་ཐལ།  དེ་བས་རང་བཙན་ནི་ཡབ་མེས་དག་གི་ཤུལ་བཞགས་ན་གནས་པའི་སྙིང་གསོན་པོ་རེད་ལ།  རང་བཙན་ནི་མེས་པོ་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་ཀྱང་ཅི་ལ་མིན།  ཡབ་མེས་ཀྱི་ཤུལ་བཞག་སྐྱོངས་མ་ཐུབ་ཚེ་འུ་ཚོ་གསོན་ན་དོན་སྙིང་ཅི་ཞིག་ཡོད།  ཡབ་མེས་ཚོའི་ཚེ་སྲོག་གིས་བཞེངས་པའི་བོད་རྒྱལ་ཁབ་དེ་ནི་ང་ཚོའི་འོད་སྟོང་འབར་བའི་སང་ཉིན་བསུ་བའི་འབོད་སྒྲ་རེད་ལ།  འུ་ཅག་ལ་ཡོད་ཚད་ཀྱི་ཡོད་ཚད་ཐོབ་སྲིད་པའི་སྐལ་བཟང་གི་མདུན་ལམ་ཡང་ཡིན་ཐལ།  མངོར་ན་ཁྲག་དམར་གྱིས་ཆུ་བོའི་ཁ་དོག་བསྒྱུར་ཀྱང་རོ་རུས་རི་རབ་ལྟར་སྤུངས་པའི་ལོ་ཟླ་དེའི་དངོས་ཡོད་བརྒྱུད་རིམ་དེ་ཡང་ང་ཚོའི་ལེན་མ་ཐུབ་པའི་རྒྱལ་ཁབ་འདིའི་ཆེད་རེད་ལ།  གསོན་པོར་མུ་གེ་མྱངས་ཤིང་ཤི་བོས་དུར་ཁྲོད་ན་ངུ་འབོད་བྱེད་བཞིན་པ་དག་ཀྱང་ང་ཚོས་བོར་བཞིན་པའི་རྒྱལ་ཁབ་འདིའི་ཆེད་དུ་རེད།  འགོ་རྒྱལ་བོ་དང་བླ་མ་ཚུན་ཆད་མཐའ་བསྐྲོད་དང་བཙོན་འཇུག་གནང་པ་སོགས་ཀྱང་མཐར་གཏུགས་ན་རྒྱལ་ཁབ་འདི་ཉིད་ཀྱི་ཆེད་དུ་ཡིན་པ་བརྗེད་མི་ཉན་བོད་པ་ཚོ།
ངའི་སྙིང་གི་ན་ཟུག་རེ་རེ་ཁྱེད་ཚོའི་མིག་མདུན་དུ་མངོན་མི་ཐུབ་ཀྱང་སེམས་ཁོང་གི་འབོད་སྒྲ་རེ་རེ་ཁྱེད་ཚོའི་སྙན་ལམ་ལ་ཅིས་ཀྱང་འབུལ་འདོད།  འདི་ནི་རང་ཉིད་གདོང་དམར་བ་ཞིག་གི་ཁྲག་རྒྱུན་ཡིན་པའི་ཚོར་བ་ལས་བྱུང་བའི་ངེས་ཤེས་ཤིག་ཡིན་ཐལ།  ཡང་ན་རང་ཉིད་རིགས་ཞེན་གྱི་མེ་ལྕེ་འབར་བའི་མི་བུ་ཞིག་ཡིན་པས་ཀྱང་སྲིད།
༢༠༡༠།༩།༡༩ ཉིན་སྙིང་འདར་བཞིན་ཐོལ་བྱུང་དུ་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: