Skip to content
བཅར་འདྲི་བྱེད་མཁན་འོད་དཀར། ཡི་གེ་བ་གཟུངས་ཕྱུག་སྐྱིད།
དྲི་བ། དང་པོ་ཁྱེད་ཀྱིས་རྩོམ་རིག་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
ལན། སྤྱིར་རྩོམ་རིག་ཟེར་བ་ནི་གཞུང་ལུགས་ཀྱི་སྐད་ཆ་ཞིག་རེད། དེ་ནི་གཙོ་བོ་རྩོམ་རིག་གི་གཞུང་ལུགས་སམ་ཡང་ན་རྩོམ་རིག་གི་བྱུང་རིམ་ཐད་ནས་བརྗོད་པ་ཡིན་ན་ཅུང་གསལ་བཤད་བྱེད་བདེོ་བ་ཞིག་ཏུ་མཐོང་སོང་། སྤྱིར་ང་ཚོ་བོད་ལ་མཚོན་ན་དེང་སྐབས་གསལ་བོ་བྱུང་ཡོད་པ་མ་གཏོགས་སྔོན་ཆད་རྩོམ་རིག་ཟེར་བ་དང་སྙན་ངག་ཟེར་བ་གཉིས་ལ་དབྱེ་བ་གསལ་བོ་འགར་ཤེས་ཀྱི་ཡོད་པ་མ་རེད། ཡིན་ཡང་དེ་ནི་ང་ཚོ་གཅིག་པོ་ཙམ་མ་རེད་སྔོན་གྱི་གྷི་རེ་སི་ཡིན་ན་ཡང་གཅིག་འདྲ་རེད། གནའ་བོའི་གྷི་རེ་སིའི་ཐོག་མའི་རྩོམ་རིག་གི་གཞུང་ལུགས་འབྲི་མཁན་ནི་ཨད་རོལ་སི་ད་ཐི་ལེ་སི་ཟེར་བ་དེ་རེད། གཞུང་ལུགས་དེའི་ནང་དུ་རྩོམ་རིག་ཟེར་བའི་ཐ་སྙད་དེ་མ་བྱུང་བར་སྙན་རིག་ཅེས་བྱུང་ཡོད་པ་རེད། དེ་ནི་ནུབ་ཕྱོགས་པའི་ཐོག་མའི་རྩོམ་རིག་གི་ཁུངས་གཏུགས་ས་གཙོ་བོ་ཞིག་རེད། དེ་མིན་ཁོང་གིས་ཚིག་རྒྱན་རིག་པ་ཞེས་པ་ཞིག་དང་གཉིས་བྲིས་ཡོད་པ་རེད་ལ། ཨད་རོལ་སི་ད་ཐི་ལེ་སི་ཡི་སྙན་རིག་གི་ནང་དུ་སྙན་ངག་ཅེས་བྲིས་ཡོད་ཀྱང་ཁྱབ་ ཆེན་པོ་རེད། དེ་ནི་ང་ཚོས་དེང་སང་རྩོམ་རིག་གི་ཁྱབ་ཁོངས་ཐད་ཀྱི་བཤད་ཚུལ་དང་ཕལ་ཆེ་གཅིག་འདྲ་རེད། དང་ཐོག”སྙན་རིག’’བྱུང་བ་རེད་ལ’’རྩོམ་རིག’’ཅེས་ པའི་ཐ་སྙད་དེ་དངོས་སུ་གཏན་འབེབ་གནང་དུས་ནི་དུས་རབས་བཅོ་བརྒྱད་པའི་ནང་རེད། སྐབས་དེར་ནུབ་ཕྱོགས་པའི་རྩོམ་རིག་དང་སྙན་ངག་ཅེས་པ་གཉིས་གསལ་བོར་སོ་སོར་ ཕྱེས་པ་རེད།དེའི་ཡར་སྔོན་དུ་སྙན་ངག་དང་རྩོམ་རིག་གཉིས་ཀ་གཅིག་བྱས་ཏེ་བཤད་ཀྱིན་འདུག ང་ཚོ་ཡིན་ནའང་ཐོག་མར་སྙན་ངག་མེ་ལུང་མ་དར་བས་རྩོམ་གཞུང་དར་སོང་ཟེར་བཞིན་ཡོད་མོད། དེ་གཉིས་ལ་མི་འདྲ་ས་གཅིག་ཡོད་པ་ནི་དེང་སང་ནུབ་ཕྱོགས་པའི’’རྩོམ་རིག’’ཟེར་བ་དང’’སྙན་རིག’’ཅེས་པ་དེའི་ནང་དུ། དེང་སེང་གི་རྩོམ་རིག་གི་ཆ་ཅི་འདྲ་ཡོད་པ་དང་རྩོམ་རིག་གི་ཁྱབ་ཁོངས་ཀྱི་སྙན་རིག་ཅེས་པ་གཉིས་ཀྱི་ཆ་དེ་གསལ་བོ་ཕྱེས་ཡོད་ཀྱང་། ང་ཚོས་ད་དུང་དེ་གཉིས་གསལ་བོ་ཕྱེས་ཡོད་པ་མ་རེད། མི་འདྲ་ས་གཙོ་བོ་ཡང་དེ་རེད། ཐོག་དང་པོ་ནུབ་ཕྱོགས་པ་ཡིན་ན’’སྙན་རིག’’ཅེས་པ་དང’’རྩོམ་རིག’’ཅེས་པ་གཉིས་གཅིག་བྱས་ནས་བྱུང་ཡོད་པ་རེད། ང་ཚོས་ད་དུང་གཞུང་ལུགས་ཐོགས་ནས་སྙན་རིག་དང་རྩོམ་རིག་གཉིས་ལ་ས་མཚམས་གསལ་བོ་ཕྱེས་ཡོད་པ་གཅིག་ཀྱང་བྱུང་མེད། མི་འདྲ་ས་གཙོ་བོ་དེ་རེད། དེ་ན’’རྩོམ་རིག’’ཟེར་བ་ནི་སྤྱིར་བཤད་ན’’སྐད་ཆའི་སྒྱུ་རྩལ’’ཞིག་ཡིན་ཟེར་བ་ལྟ་བུ་སོགས་ནུབ་ཕྱོགས་པའི’’རྩོམ་རིག་གི་གྲུབ་མཐའ་ཁག་གིས་སྤྱི་སྡོམ་བྱེད་སྟངས་འདྲ་གི་མ་རེད། དཔེར་ན་རྩོམ་རིག་ནི’’ལྷ་ཡི་ལེགས་སྐྱེས’’ཡིན་ཟེར་བ་ལྟ་བུ་དང་། ཡང་ན་རྩོམ་རིག་ནི’’སེམས་ཁམས་རིག་པའི་ཆ་ཤས་ཤིག་ཡིན’’ཟེར་བ་སོགས་གྲུབ་མཐའ་དག་གིས་འགྲེལ་ཚུལ་རེད། རྩོམ་རིག་ནི་’’ལྷ་ཡི་ལེགས་སྐྱེས་ཡིན་’’ཟེར་དུས་དེ་ནི་གཙོ་བོ་ཆོས་ལུགས་དང་ལྷ་སྒྲུང་གི་ཁྱབ་ཁོངས་ནས་བཞག་པའི་སྤྱི་སྡོམ་ཙམ་རེད། དཔེར་་ན་ང་ཚོ་བོད་ལ་མཚོན་ནའང་སྙན་ངག་ནི་དབྱངས་ཅན་ལྷ་མོ་ལྟ་བུ་ཞིག་གིས་མར་གནང་བར་བཤད་ཚུལ་ཡོད་པ་ལྟ་བུ་རེད། རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་སྙན་ངག་གི་ཚོར་བ་ནི་རྟོགས་པ་ཀློང་བརྡོལ་ལྟ་བུ་ཡིན་ཟེར་བ་ལྟར་གོང་ནས་ལྷ་ཞིག་གིས་གནང་བར་འདོད་མཁན་ནི་ང་ཚོ་བོད་ཙམ་དུ་མ་ཟད་ཕལ་ཆེར་ནུབ་ཕྱོགས་པའི་ཧོམ་མར་སོགས་ཀྱིས་ཀྱང <<ཨེ་ལེ་ཡ་སྒྲི>> དང <<ཨོ་སྒྲི་སི>> སོགས་འབྲི་དུས་གཅིག་མཚུངས་རེད། ཐམས་ཅད་དེ་ལྟར་ཡོང་བ་རེད་ལ། ཧོམ་མར་ཀྱིས <<ཨོ་སྒྲི་སི >>སོགས་འབྲི་དུས་ཀྱང་འགོ་ལ་མེའོ་གཟད་སི་ཞེས་པའི་སྙན་ངག་གི་ལྷ་མོ་དེ་ལ་མཆོད་བརྗོད་བྲིས་ཡོད། དེ་ལྟ་བུར་སྤྱི་སྡོམ་ཞིག་རྒྱག་དགོས་ཚེ་ང་ཚོས་རྩོམ་རིག་ནི་’’སྐད་ཆའི་སྒྱུ་རྩལ་’’ཞིག་གམ་ཡང་ན་’’དངོས་འབྲེལ་འཚོ་བའི་འབུར་གཟུགས་ཕྱིར་ཐོན་པ་ཡིན་’’ཟེར་བ་ལས་རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཞེས་ན་སྔོན་མའི་སྲོལ་རྒྱུན་རྩོམ་རིག་དང་ལྷག་པར་ཏུ་ལྷ་སྒྲུང་དང་ཆོས་ལུགས་བརྗོད་བྱ་བྱས་ནས་བྲིས་པའི་རྩོམ་རིག་ལ་འགྲེལ་རྒྱག་ཐུབ་ཀི་རེད་ལ། གསལ་བོ་ཡང་རེད། དེ་བས་ཕར་དེད་ན་རྩོམ་རིག་ལ་མཚན་ཉིད་མང་པོ་བཞག་ཡོད་པས་དེ་ལ་མཚན་ཉིད་གཅིག་ཁོ་ནས་འགྲེལ་བཤད་རྒྱག་མི་ཐུབ་པའི་གནས་ལུགས་ང་ཚོས་ངེས་པར་ཏུ་ཤེས་དགོས། དེ་མིན་ཁ་ཤགས་དང་ཤགས་རྒྱག་ལྟ་བུའི་རྩོམ་རིག་སྒྱུ་རྩལ་ལ་མཚོན་ན་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ཞེས་པའི་སྡོམ་ཚིག་དེ་འཇོག་པ་ལས། རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཤིག་ཡིན་ཞེས་པ་ལྟ་བུའི་སྡོམ་ཚིག་རྒྱག་མི་ཐུབ་པ་དེ་རེད། དེ་ བས་རྩོམ་རིག་ལ་ཁྱབ་ཁོངས་མང་པའི་རྒྱུ་མཚན་གྱིས་མཚན་ཉིད་ཀྱང་དེ་བཞིན་མང་དགོས་པ་ཞིག་རེད།དེ་བཞིན་དུ་རྩོམ་རིག་ལྟ་བུ་ཡིན་ནའང་མཚན་ཉིད་གཅིག་ཡིན་དགོས་པའི་ ངེས་པ་མེད། དེ་ལ་གྲུབ་མཐའ་མང་བས་རྐྱེན་གྱིས་རྩོམ་རིག་ཡོད་ཚད་གཅིག་ཡིན་དགོས་པའི་ངེས་པ་ཡང་མེད། ང་ཚོར་སྐྱོན་ཞིག་ཡོད་པ་ནི་རྩོམ་རིག་གི་མཚན་ཉིད་གཅིག་ཡིན་ཟེར་བ་དེ་རེད། དེ་ལྟ་བུའི་བསམ་བློ་ཞིག་གང་ནས་བྱུང་བ་རེད་ཅེས་ན་ང་ཚོས་རྩོམ་རིག་གི་ནང་དུ་ཆོས་ལུགས་ཀྱིས་མཚན་ཉིད་དེ་ཚུར་བཏོན་པས་རེད་སྙམ། གང་གིས་ཞེ་ན་ཆོས་ལུགས་ཀྱི་ནང་དུ་བུམ་པ་ལྟ་བུའི་མཚན་ཉིད་གཅིག་འཇོག་པའི་སྲོལ་ཡོད་ལ།དེ་ལ་མཚན་མཚོན་ཁྱབ་བ་སྒོ་བརྒྱད་ཅེས་མཚན་ཉིད་ཅིག་གིས་མཚོན་བྱ་གཅིག། མཚོན་བྱ་གཅིག་གིས་མཚན་ཉིད་གཅིག་གསལ་བཤད་བྱེད་པ་ལྟ་བུའི་རིག་པ་འདི་རྩོམ་རིག་ནང་ལ་ཁྱེར་ཡོང་བས་རེད་སྙམ། དེ་ལྟར་ཡོང་བ་ཡིན་ན་ཏག་ཏག་ཞིག་ཡིན་སྲིད་ཀྱི་མ་རེད། དཔེར་ན་ནུབ་ཕྱོགས་པའི་logic ་ཟེར་བ་དེ་ནི་ང་ཚོའི་གཏན་ཚིགས་རིག་པ་ཞེས་པ་དེ་རེད། གཏན་ཚིགས་རིག་པ་དེའི་ནུས་པ་སྒྱུ་རྩལ་རྩོམ་རིག་གི་ཁྱབ་ཁོངས་ཁྲོད་དེ་འདྲིའི་ནུས་པ་ཞིག་ཡོད་མེད་ཀྱང་མི་ཤེས་ལ་ཡོད་སྲིད་མིན་ཡང་མི་ཤེས། དེ་བཞིན་དུ་དེའི་ཁྱབ་ཁོངས་ཀྱི་ནུས་པ་དེ་ཁྱབ་ཁོངས་གཞན་གྱི་ཁྲོད་དེ་འདྲའི་བརྩི་དགོས་པའི་གཏན་སྲོལ་ཞིག་དང་ངེས་སྲོལ་ཞིག་ཡིན་མིན་ད་དུང་ཤེས་ཀི་མ་རེད། དེ་བཞིན་དུ་རྩོམ་རིག་གཅིག་པུ་ཙམ་མ་ཡིན་པར་མཚན་ཉིད་གཅིག་གི་སྟེང་ནས་བྱ་དངོས་གང་ཡིན་ཡང་གསལ་བཤད་བྱེད་རྒྱུ་དཀའ་མོ་རེད། དཔེར་ན་ཅི་ཞིག་ལ་མི་ཟེར་ལྟ་བུར་མཚན་ཉིད་ཅིག་བཞག་པ་ཡིན་ན་ཡང་། ང་ཚོས་སྨྲ་ཞིང་དོན་གོ་བ་མིའི་མཚན་ཉིད་དུ་འཇོག་ལ། ནུབ་ཕྱོགས་པས་རྣམ་དཔྱོད་རྒྱུད་ལྡན་གྱི་གང་ཟག་མིའི་མཚན་ཉིད་དུ་འཇོག་ལ། དེ་བཞིན་གནའ་བོའི་གྷི་རེ་སིས་སྐད་ཆ་བཤད་ཤེས་པ་མིའི་མཚན་ཉིད། ཨད་རོལ་སི་ད་ཐི་ལེ་སིས་ཆབ་སྲིད་ཀྱི་སྡེར་གཏོགས་པ་མིའི་མཚན་ཉིད་ཅེས་མི་ལ་མཚན་ཉིད་མང་པོ་བཞག་ཡོད། དེ་བས་མི་ཡིན་ཡང་རུང་ལ།དེ་མིན་ཀྱིི་བྱ་དངོས་གང་ཡིན་ཡང་དེ་ཉིད་གཞུང་ལུགས་ཤིག་ གིས་གཏན་འབེབ་བྱེད་ན་ཐོག་མར་དེ་ལ་བལྟ་སྟངས་མང་པོ་ཞིག་གིས་བལྟ་དགོས་པ་ལས་ མཚན་ཉིད་གཅིག་གིས་ཐག་གཅོད་བྱ་མི་རུང་། དེ་ལྟ་ཡིན་ན་གཞུང་ལུགས་དེ་ནི་ཕུན་སུམ་ཚོགས་པ་ཞིག་དང་། བལྟ་རན་ཡོད་པ་ཞིག་རེད། སྤྱིར་བཏང་གི་ཆ་ནས་མཚན་ཉིད་ཟེར་བ་ནི་ཟུར་ངོས་རེ་རེ་ལེན་ཐུབ་མཁན་ཞིག་ཡིན་དགོས་པ་ ལས་བརྒྱ་ཁ་གཅིག་གཅོད་ཀྱི་མཚན་ཉིད་ཅིག་བྱུང་རྗེས་གཞན་ཐམས་ཅད་འགོག་ཐུབ་པ་ཞིག་ སྲིད་ཀྱི་མ་རེད། ཡིན་ནའང་གཞན་ལུགས་བཀག་ནས་རང་ལུགས་འཇོག་རྒྱུ་ཡིན་ཟེར་ན་དེ་ནི་གཏན་ཚིགས་ཀྱི་འགྲོ་སྟངས་ཤིག་རེད། འཇོག་ཐུབ་ཀྱང་ཆོག་ལ་མ་ཐུབ་ཀྱང་ཆོག། གཞན་ལུགས་བཀག་ནས་རང་ལུགས་འཇོག་པ་དང་རྩོད་པ་སྤོང་པ་ཟེར་བ་ནི་ང་ཚོ་ཐེ་བའི་མཚན་ཉིད་རིག་པ་ཚང་མས་ལས་རྒྱུ་ཞིག་རེད། དེ་ལས་ཐུབ་མིན་ཡང་གནས་ཚུལ་གཞན་ཞིག་རེད། གཞུང་ལུགས་ཁྲོད་རྩོད་པ་ནི་དུས་དང་རྣམ་པ་ཀུན་དུ་མཇུག་སྒྲིལ་སོང་བ་ཞིག་ཡོད་པ་མ་རེད་ལ། དེ་བཞིན་དུ་རྩོམ་རིག་ལ་ཡང་གཅིག་མཚུངས་རེད། ང་རང་ལ་མཚོན་ནའང་སྤྱིར་རྩོམ་རིག་གཅིག་ལ་བལྟས་ནས་སྤྱི་སྡོམ་གཅིག་རྒྱག་གི་མེད། དཔེར་ན་ངས་ཧོམ་མར་གྱི <<ཨེ་ལི་ཡ་སྒྲི་>> ལྟ་བུའི་ཁྲོད་ནས་དེང་སང་གི་དངོས་འབྲེལ་འཚོ་བ་དང་ཚན་རིག་རང་བཞིན་གྱི་བསམ་བློ་ཞིག་གིས་སྤྱི་སྡོམ་བྱེད་དགོས་ན་དེ་ནི་དཀའ་མོ་རེད། དེ་བས་ངས་དེ་ཚོའི་རྩོམ་རིག་ལ་སྤྱི་སྡོམ་བྱེད་ཚེ’’རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན’’ཟེར་བ་དེ་ལས་བལྟ་གི་ཡོད་ལ། ཁོང་ཚོས’’རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན’’ཟེར་བ་དེས་དོན་དངོས་ཐོག་རྩོམ་རིག་ལ་སྤྱི་སྡོམ་ག་ཚོད་བྱེད་ཐུབ་མིན་ལ་བལྟས་པ་ཡིན། དེ་བཞིན་དུ་དངོས་ཡོད་རང་ལུགས་ནི་རྩོམ་རིག་ཡིན་ཟེར་དུས་ངས་གོང་གི་རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཞེས་པའི་མཚན་ཉིད་གཅིག་པུས་མ་བལྟས་པར་གཙོ་བོ་ཁོ་ཚོའི་ལུགས་ཀྱི་རྩོམ་རིག་དེས་རྩོམ་རིག་ལ་གསལ་བཤད་ག་ཚོད་ཅིག་བྱེད་ཐུབ་མིན་ལ་བལྟ་བཞིན་ཡོད་ལ། གཞན་རྩོམ་རིག་དེ་དག་གི་མཚན་ཉིད་དང་ཚབས་མཚོན་ཞིག་གི་བར་ནས་ལྟ་བ་ལས་རྩོམ་རིག་གཅིག་ཁོ་ན་ཀླད་པའི་ནང་ཁྱེར་ནས་རྩོམ་རིག་ཚང་མར་ལྟ་མཁན་སྤྱིར་གཞན་དུ་ཡོད་སྲིད་ཀྱང་། ངས་དེ་ལྟར་མཐོང་གི་མེད། རེ་བ་ཞིག་ནི་སྤྱིར་འཛམ་གླིང་སྟེང་རྩོམ་རིག་ལ་་མཚན་ཉིད་མང་པོ་བཞག་ཡོད་པས། དེ་དག་ཚང་མ་ཤེས་རྗེས། དེ་དག་ཁྲོད་ཀྱི་ཁྱབ་ཁོངས་གང་ལ་བལྟ་བ་ངོས་ཟིན་དགོས་རྒྱུ་གཙོ་བོ་རེད་འདོད། དེ་ལྟར་མ་བྱས་ཚེ་ད་གཟོད་རྩོད་པ་མང་པོ་བྱུང་གི་ཡོད་པ་རེད།
དྲི་བ། དེང་སྐབས་མང་པོ་ཞིག་གིས་རྩོམ་པ་པོ་ཡིན་ན་སྙན་ངག་པ་ཡིན་དགོས་མིན་དང་། དེ་བཞིན་དུ་མཁས་པ་ཡིན་ན་བསམ་བློ་བ་ཡིན་མིན་སྐོར་གྱི་བསམ་ཚུལ་མང་པོ་ཞིག་བྱུང་གི་འདུག་པས་དེའི་ཐད་ཀྱི་བསམ་ཚུལ་ཞིག་གསུང་རོགས།
ལན། སྤྱིར་བཤད་ན་’’མཁས་པ་’’ཞེས་པ་ནི་རྩོམ་རིག་རྐྱང་མའི་གྲས་ནས་གསལ་བྱེད་བྱ་ཆོག་པ་ཞིག་མ་རེད། ང་ཚོ་བོད་ལ་མཚོན་ནའང་མཁས་པའི་རྣམ་བཞག་གི་གཞུང་ལུགས་ཀྱང་གང་ལ་གང་འཚམ་ཡོད། དཔེར་ན་ས་སྐྱ་པཎྜ་ཏའི <<མཁས་འཇུག>>ཡོད་ལ། འཇུ་མི་ཕམ་གྱིས་ཀྱང་ <<མཁས་འཇུག་>> བརྩམས་ཡོད་པ་རེད། མཁས་འཇུག་དེ་གཉིས་ཀའི་མིང་གཅིག་ཀྱང་ཁྱད་པར་ཡོད་པ་རེད། འཇུ་མི་ཕམ་གྱི་<<མཁས་འཇུག་>> ལས་གཙོ་བོ་མཁས་པ་ཞིག་བྱེད་དགོས་ཚེ་རྒྱུ་གང་ལ་འབབ་དགོས་པ་དེ་གཙོ་བོར་བཤད་ནས་མཁས་པའི་འཇུག་སྒོ་བཅུ་བོ་སོགས་ལ་མཁས་དགོས་ཅེས་རང་འགྲེལ་སོགས་མང་པོ་བརྩམས་ཡོད་པ་རེད། ས་སྐྱ་པཎྜི་ཏའི <<མཁས་འཇུག>>ནི་དེ་ལྟར་མ་ཡིན་པར་མཁས་པར་གྱུར་པའི་རྗེས་སུ་མཁས་པ་དེས་ལས་གང་ཞིག་བྱེད་དགོས་པ་དེ་གཙོ་བོར་བཟུང་དེ་ཁོང་གིས་མཁས་པར་གྱུར་པའི་རྗེས་ཀྱི་བྱ་བ་ནི་འཆད་རྩོད་རྩོམ་གསུམ་ཡིན་པར་བསྟན་ཡོད་ལ། དེའི་ནང་ནས་ཀྱང་གཙོ་ཕལ་སོགས་བསྟན་ཡོད། དེ་ནི་དེ་གཉིས་ཀའི་ཁྱད་པར་རེད། སྤྱིར་ང་ཚོས་གཞུང་ལུགས་དེ་དག་ལ་བལྟས་ནས་བཤད་ན་ཡང’’མཁས་པ’’ཞེས་པ་ནི་རྩོམ་རིག་གི་གཞུང་ནས་འདི་འདྲ་ཞིག་ལ་མཁས་དགོས། དེ་ལྟར་མིན་ཚེ་མཁས་པ་མིན་ཟེར་བ་ལྟ་བུ་ཞིག་མ་རེད། དེ་བས་མཁས་པ་ཞིག་ཡིན་ཚེ་དེ་ནི་འཆད་རྩོད་རྩོམ་གསུམ་ལ་མཁས་དགོས་ཟེར་བ་ནི་སྤྱིར་བཏང་གི་སྤྱི་སྡོམ་ཞིག་རེད། འཆད་རྩོད་རྩོམ་གསུམ་ཤེས་ན་མཁས་པ་ཡིན་ངེས་ལ། དེ་ཡང་
མཁས་གང་ཤེས་བྱ་དེ་ཁོ་ན།།
ཇི་བཞིན་རྟོགས་པ་ཡིན་པར་འདོད།།
བྱེ་བྲག་སྦྱང་པའི་དོན་ཤེས་ན།།
དེ་ཡང་དེ་ལ་མཁས་ཞེས་བྱ།།
ཞེས་ང་ཚོར་རིག་གནས་བཅུ་བོ་ལ་མཁས་པ་ཡིན་ན་མཁས་པར་བརྩི་སྲོལ་ཡོད། ལྷག་པར་ས་སྐྱ་པཎྜི་ཏས་སྟོང་པ་ཉིད་རྟོགས་པ་ཡིན་ན་མཁས་པ་རབ་ཡིན་པར་བསྟན་ཡོད་ ལ། གཞན་ཐ་སྙད་རིག་གནས་ལ་མཁས་ན་ཡང་མཁས་པར་བཞག་ཡོད་མོད། ནུབ་ཕྱོགས་སུ་’’མཁས་པ་’’ཞེས་པར་དེ་འདྲའི་ས་མཚམས་ཤིག་མེད་པར་དེ་ལས་’’བསམ་བློ་བ་’’ཞེས་པ་དེར་ས་མཚམས་ཡོད་པ་རེད། ནུབ་ཕྱོགས་པས་བསམ་བློ་བར་འབོད་པ་དེ་དང་ང་ཚོས་མཁས་པར་འབོད་པ་དེ་གཉིས་ཀ་བརྗོད་སྟངས་མ་འདྲ་བས་མ་གཏོགས་གོ་གནས་ཕལ་ཆེར་གཅིག་འདྲ་རེད། དཔེར་ན་ནུབ་ཕྱོགས་པ་ཡིན་ན་གཞུང་ལུགས་གཅིག་སྦྱངས་ནས་མཐའ་གཅིག་ཏུ་གཞན་ཐམས་ཅད་ལ་བསམ་བློ་གཏོང་ཐུབ་མཁན་ལ་བསམ་བློ་བ་ཟེར་ལ། དཔེན་ན་ཆབ་སྲིད་གཅིག་པུར་བསམ་བློ་གཏོང་ཐུབ་མཁན་ལ་ཆབ་སྲིད་བསམ་བློ་བ་ལྟ་བུ་དང་། དེ་བཞིན་དཔའ་འབྱོར་གཅིག་པུར་བསམ་བློ་གཏོང་ཐུབ་མཁན་ལ་དཔའ་འབྱོར་བསམ་བློ་བ་ཟེར་བ་ལྟ་བུ་མང་པོ་ཡོད་པ་རེད། དེ་བཞིན་ང་ཚོ་ལྟར་ན་ཡང་རིག་གནས་ལྔ་ལ་མཁས་ན་མཁས་པ་ཟེར་ལ། དེ་མིན་སྙན་ངག་དང་སྒྲ་སོགས་ལ་མཁས་ནའང་མཁས་པ་ཟེར། ང་ཚོར་མཚོན་ན་ཡང་བསམ་བློ་བ་ཟེར་བའི་སྐད་ཆ་འདིའི་ཚབས་མཚོན་བྱེད་ཐུབ་པའི་སྐད་ཆ་སྔོན་ནས་ཡོད་པ་ནི་མཁས་པ་ཟེར་བ་དེ་རེད། ཡིན་ནའང་དེང་སང་ང་ཚོས་བསམ་བློའི་ཟབ་ཚད་ལ་མི་ལྟ་བར་ཚིག་སྦྱོར་སྤེལ་ཐུབ་མིན་དང་འབྲི་ཤེས་མིན་དེར་གཙོ་བོ་ལྟ་གི་རེད། ཡིན་ནའང་ནུབ་ཕྱོགས་པར་མཚོན་ན་ང་ཚོ་ལྟར་ཚིག་སྦྱོར་དང་མངོན་བརྗོད་ཀྱིས་བཅིངས་པའི་ རིགས་དེ་འདྲ་མ་ཡིན་པར་སྐད་ཆ་རྒྱུན་ལྡན་ལྟར་གོ་སླ་བར་འབྲི་གི་རེད་ལ། དཔེར་ན་ཤེད་ཁི་སི་པེ་ཨར་དང་རྒོད་ཁྲེད་སོགས་ལ་མཚོན་ན་ཡང་ཚིག་སྦྱོར་གོ་སླ་མོར་འབྲི་གི་རེད། ཡིན་ནའང་དེའི་རྒྱབ་ལྗོངས་ཀྱི་བསམ་བློ་གཏོང་སྟངས་དེ་ཚད་མཐོན་པོ་རེད། དེ་ནི་རྩོམ་རིག་གི་བསམ་བློ་ཟེར་བ་དེ་རེད། ང་ཚོ་དེ་ལྟར་མིན་པར་རྩོམ་རིག་གི་བསམ་བློ་ལས་ཚིག་སྦྱོར་གཙོ་བོར་འཛིན་གི་རེད། བསམ་བློ་ཡོད་མེད་ལ་མི་ལྟ་བར་ཚིག་བཅད་ཤོ་ལོ་ཀ་ཞིག་བྲིས་ཚེ་དེ་ནི་སྙན་ངག་ལ་བརྩི་གི་རེད། དེང་སང་ང་ཚོའི་སྙན་ངག་མང་པོ་ཞིག་ལ་བལྟས་ཡོང་དུས་ནུབ་ཕྱོགས་པའི་རྩོམ་རིག་གི་བསམ་བློ་གཏོང་སྟངས་ལྟར་རྒྱ་ཆེན་པོ་དེ་འདྲ་མ་རེད། སྤྱིར་བཤད་ན་ཚིག་སྦྱོར་ནི་སོ་སོའི་ ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཡིན་པས་དེ་ལ་མཐའ་གཅིག་ཏུ་ཤར་ནུབ་ཚང་མ་གཅིག་འདྲ་ཡིན་དགོས་པས་ངེས་པ་མེད། ཡིན་ ནའང་བསམ་བློ་ཟེར་དུས་དེ་ནི་གཞུང་ལུགས་སོགས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད་ མ་གཏོགས་སྤྱིར་བཏང་གི་བསམ་བློ་གཏོང་སྟངས་ཤིག་ལ་ངེས་འཛིན་བྱས་ན་འགྲིག་གི་མ་ རེད། དེ་ཚོས་སྙན་ངག་གི་བརྗོད་བྱ་གཙོ་བོར་བཟུང་ཡོད་པས་ཆ་ནས་དེ་ནི་བསམ་བློའི་རང་བཞིན་ཞིག་རེད་མ་གཏོགས་ཚིག་སྦྱོར་གཙོ་བོ་མ་རེད། ང་ཚོར་དེ་ལྟར་ཡོང་མི་ཐུབ་པའི་རྒྱུ་མཚན་ནི་བརྗོད་བྱའི་དོན་ལ་མི་ལྟ་བར་རྗོད་བྱེད་ཚིག་ལ་བལྟས་ནས་དེ་ནི་སྙན་ངག་ཞིག་མ་རེད། དེ་ལྟ་བུ་ཅིག་ཅིག་གིས་འབྲི་ཐུབ་གི་རེད།དེ་ནི་སྐད་ཆ་རྒྱུན་ལྡན་ཞིག་རེད་ཟེར་གི་རེད། དེ་ལྟར་ང་ཚོས་སྙན་ངག་ཞིག་འབྲི་དགོས་ཚེ་ཡིན་གཅིག་མིན་གཅིག་མཁས་དགོས་པ་དེ་རེད། དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་ནི་གཙོ་བོ་རྩོམ་ཞིག་འབྲི་དགོས་ཚེ་གཞན་གྱི་བརྗོད་བྱེད་ཚིག་ཅིག་བཤད་དགོས་པར་མངོན་བརྗོད་སོགས་མང་པོ་མང་པོ་ཞིག་སྦྱངས་ཚར་ནས་ད་གཟོད་འབྲི་དགོས་པ་དེ་རེད། ནུབ་ཕྱོགས་པ་ཚོ་དེ་ལྟར་མ་ཡིན་པར་རྩོམ་ཡིག་ཚད་ལྡན་ཞིག་འབྲི་བར་གཞུང་ལུགས་མ་སྦྱང་ན་ཡང་ཆོག་གི་རེད། རྒྱུ་མཚན་ཁོ་ལ་རྩ་བའི་བསམ་བློ་དེའི་ཚད་གཞི་ལོངས་སོང་བ་ཡིན་ན་བརྗོད་བྱེད་ཚིག་ལ་དེ་འདྲའི་ཁྱད་པར་མི་འདུག དེ་ནི་ནུབ་ཕྱོགས་པས་སྙན་ངག་གི་ཚད་གཞི་ལེན་སྟངས་རེད་ལ། ང་ཚོས་སྙན་ངག་པ་ཞིག་ཡིན་དགོས་ཚེ་ཡིན་གཅིག་མིན་གཅིག་བརྗོད་བྱེད་ཚིག་གི་སྟེང་ནས་ཤེས་ཡོན་ཞིག་གིས་ཚད་གཞི་འབྱེད་ཀྱིན་འདུག། དེ་བས་ངའི་ལྟ་ཚུལ་དང་རེ་བ་ཡིན་ན་ཚིག་སྦྱོར་གྱི་ཆ་དེ་ང་ཚོ་བོད་རང་ལ་ཡོད་པ་གཞིར་བཞག་བྱེས་ཏེ་གཞན་ལ་ལད་ཟློས་མི་བྱེད་པར་རང་གི་མཁས་པ་ཚོར་ལྟ་རྒྱུ་གལ་ཆེན་པོ་རེད་ལ། དེ་བཞིན་དུ་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་དང་དབྱེ་ཞིབ་བྱེད་སྟངས་དེ་ལ་སྦྱངས་ཤིང་མཐར་དེ་གཉིས་ཟུང་འབྲེལ་བྱེད་ཐུབ་པ་བྱུང་ན། ད་གཟོད་སྙན་ངག་ལ་མཁས་པར་གྱུར་སྲིད་པའི་མི་ཚད་མཁས་པ་བསམ་བློ་བར་ཡང་འགྱུར་ཐུབ་ཀི་རེད།
དྲི་བ། དེང་སྐབས་བོད་ཕྱི་ནང་གཉིས་ཀར་རྩོམ་པ་པོ་ཡིན་ཟེར་མཁན་མང་པོ་ཞིག་བྱུང་གི་ཡོད་པས། རྩོམ་པ་པོ་ཞིག་གི་འགན་འཁྲི་གཙོ་བོ་གང་རེད་འདོད་དམ།
ལན། སྤྱིར་བཤད་ན་’’རྩོམ་པ་པོ་’’དང་’’རྩོམ་རིག་’’ཟེར་བ་ནི་སྒྱུ་རྩལ་གྱི་ཁྱབ་ཁོངས་ཤིག་རེད། ང་ཚོ་སུ་ཡིན་ཡང་བཀག་སྡོམ་ཞིག་ཡོད་པ་རེད། ང་ཚོས་ <<སྙན་ངག་མེ་ལོང་མ་>> དར་བས་གཞུང་ལུགས་ཀྱིས་བཀག་སྡོམ་བྱས་པ་རེད་ཟེར་གྱིན་འདུག་མོད། སྤྱིར་སྒྱུ་རྩལ་ཟེར་དུས་དེའི་ཁྱབ་ཁོངས་ནས་གློག་བརྙན་ཡིན་ཡང་ཆོག་ལ། དེ་བཞིན་དུ་ཁ་ཤགས་དང་རི་མོ། ཟློས་གར། རོལ་དབྱངས་སོགས་ཚང་མར་བལྟས་ཡོང་ན་གཞུང་ལུགས་བཀག་རྐྱེན་ཞིག་ཏུ་འགྲོ་གི་ཡོད་ཀྱང་། ངས་བལྟས་ན་དེ་ནི་གཙོ་བོ་མ་རེད་སྙམ། སྒྱུ་རྩལ་གྱི་ཁྱབ་ཁོངས་ཁྱབ་ཁོངས་གཞན་ཞིག་གིས་ཚོད་འཛིན་བྱེད་དུས་ད་གཟོད་སྒྱུ་རྩལ་གྱི་ཚད་གཞི་དེ་ལོངས་ཀི་ཡོད་པ་མ་རེད། སྒྱུ་རྩལ་གྱི་ཚད་གཞི་དངོས་ནི་སྒྱུ་རྩལ་ཁྲོད་ནས་བཤད་པའི་རེ་བ་དེ་ཁྱེད་ལ་ཚང་དགོས་པ་རེད་མ་གཏོགས། ཀུན་སྤྱོད་ཚང་མིན་དེ་གཙོ་བོ་མ་རེད། དེ་བས་ང་ཚོས་སྒྱུ་རྩལ་གྱི་ཁྲོད་དུ་སྒྱུ་རྩལ་གྱི་ཚད་གཞི་དེ་ལ་འགན་མི་འཁུར་བར། ཀུན་སྤྱོད་ཀྱི་ཚད་གཞི་དེ་ལ་འགན་འཁུར་གྱི་འདུག། སྒྱུ་རྩལ་ཡིན་པའི་ཆ་ནས་དེ་ལྟར་ལས་རུང་བ་ཞིག་དང་ལས་ཆོག་པ་ཞིག་ཡིན་ཡང་། ང་ཚོས་དེ་ལྟར་མ་ཡིན་པར་ཡ་རབས་སྤྱོད་བཟང་ཟེར་བ་ལྟ་བུ་དང་། ཀུན་སྤྱོད་ཟེར་བ་ལྟ་བུ་མང་པོ་ཞིག་གིས་སྒྱུ་རྩལ་ལ་ཚོད་འཛིན་བྱེད་ཀྱིན་འདུག། གཙོ་བོ་དེ་འགྲིག་གི་མི་འདུག། ཀུན་སྤྱོད་ཀུན་སྤྱོད་རེད་ལ། སྒྱུ་རྩལ་སྒྱུ་རྩལ་རེད། དེ་བཞིན་དུ་མི་ཆོས་མི་ཆོས་ཡིན་པའི་ས་མཚམས་དང་དབྱེ་བ་ཞིག་ངེས་དགོས་རྒྱུ་གཙོ་བོ་རེད། དེ་དག་གང་ཡིན་ཡང་གཅིག་གིས་གཅིག་ལ་ཚོད་འཛིན་བྱས་ཆོག་པ་ཞིག་མ་རེད། དཔེར་ན་ཧོ་ལེ་བོར་སྒྲི་ལྟ་བུའི་གློག་བརྙན་འཁྲབ་སྟོན་པ་དེ་ཚོ་ཡང་ང་ཚོས་བཤད་པ་ལྟར་ལྭ་བ་ཕུད་ནས་གཅེར་བུར་འགྲོ་བའི་ཀུན་སྤྱོད་མི་ཤེས་མཁན་དེ་འདྲ་རྐྱང་རྐྱང་མ་རེད། དེ་ཚོ་ནི་དངོས་འབྲེལ་འཚོ་བའི་ཁྲོད་ཀུན་སྤྱོད་ཀྱི་ཚད་གཞི་མཐོན་པོ་ཅན་རྐྱང་རྐྱང་རེད། ཡིན་ནའང་སྒྱུ་རྩལ་གྱི་དགོས་མཁོའི་དབང་གིས་དེ་དག་གིས་ལྭ་ཕུད་ནས་གཅེར་བུར་འགྲོ་ཐུབ་ཀི་རེད། དེ་ནི་དེ་ཚོར་ཀུན་སྤྱོད་ཀྱི་ཚད་གཞི་མེད་སོང་བས་མ་རེད། གཙོ་བོ་སྒྱུ་རྩལ་ལ་ཀུན་སྤྱོད་ཀྱིས་ཚོད་འཛིན་མ་བྱས་པས་རེད། སྒྱུ་རྩལ་ལ་སྒྱུ་རྩལ་བརྩམས་ཆོས་ཀྱི་མཇུག་འབྲས་ཡོང་དགོས་ན་དེ་འདྲ་རེད། ང་ཚོ་ནི་དེ་ལྟར་མ་ཡིན་པར་གློག་བརྙན་ཞིག་འཁྲབ་དགོས་ནའང་ཐོག་མ་དེ་ཀུན་སྤྱོད་དང་མཐུན་མི་མཐུན་གཙོ་བོར་འཛིན་གི་རེད། སྤྱིར་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་བཤད་ན་སྲོལ་རྒྱུན་དང་མི་རིགས་རང་ལུགས། ཡ་རབས་སྤྱོད་བཟང་སོགས་ལ་ས་མཚམས་ཤིག་ཡོད་པ་མ་རེད། སྒྱུ་རྩལ་ཁྲོད་ནས་དེ་དག་ཚང་མ་དོར་དགོས་པ་རེད། ང་ཚོར་མཚོན་ན་ཚོད་འཛིན་དེ་དག་གི་དབང་གིས་སྒྱུ་རྩལ་གྱི་ཚད་གཞི་ལོངས་ཀི་མི་འདུག། དེང་སྐབས་བཙན་བྱོལ་ཡིན་ཡང་རེད་ལ། དེ་བཞིན་དུ་བོད་ནང་ཡིན་ནའང་རེད། ཐོག་དང་པོ་སྒྱུ་རྩལ་གྱི་ཚད་གཞི་མ་ལོངས་གོང་ལ་ཆབ་སྲིད་དང་ཆོས་ལུགས། དེ་བཞིན་མི་རིགས་རང་ལུགས་སོགས་ཀྱི་ཚད་གཞི་དེ་ལེན་པར་འབད་ཀྱིན་འདུག། དེ་ལྟར་བྱས་པ་ཡིན་ན་དོན་དངོས་ཐོག་སྒྱུ་རྩལ་གྱི་རིན་ཐང་དེ་ཙམ་ཡོད་པ་མ་རེད། སྒྱུ་རྩལ་གྱི་ཚད་གཞི་ནི་གཙོ་བོ་སྒྱུ་རྩལ་རང་ངོས་ནས་ཨེ་ལོན་ལྟ་་རྒྱུ་ལས་གཞན་གྱིས་ཚོད་འཛིན་བྱས་ཆོག་པ་ཞིག་མ་རེད། དེ་བས་ང་ཚོས་སྒྱུ་རྩལ་ལས་དུས་བོད་ཀྱི་ལྟ་བ་དང་མཐུན་མི་མཐུན། དེ་བཞིན་དུ་ནང་ཆོས་དང་ཀུན་སྤྱོད་ཀྱི་བསམ་བློ་དེ་ཡོད་མེད། གཞན་ད་དུང་མི་རིགས་རང་ལུགས་དང་ཆབ་སྲིད་ཀྱི་ལངས་་ཕྱོགས་དང་མཐུན་མིན་སོགས་མང་པོ་ཞིག་ཡོད་པ་རེད། དེ་དག་ཐམས་ཅད་ནི་སྒྱུ་རྩལ་གྱི་འཇུག་སྒོ་ཡིན་ནི་མ་རེད། ཡིན་ནའང་སྒྱུ་རྩལ་ཁྲོད་ན་ཡང་མི་རིགས་རང་ལུགས་མཚོན་བྱེད་ཀྱི་སྒྱུ་རྩལ་ཞིག་ཡོད་པ་རེད། དེ་ནི་ཐོག་དང་པོ་སྒྱུ་རྩལ་གྱི་ཚད་གཞི་དེ་ལོངས་པའི་རྗེས་སུ་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་ཚད་གཞི་དེ་གསལ་བཤད་བྱེད་ས་ཞིག་ཡོད་པས། ཁྱབ་ཁོངས་དེ་ནས་ད་གཟོད་ང་ཚོས་མི་རིགས་རང་ལུགས་ཡིན་ན་རེད། ཡང་ན་ཆབ་སྲིད་ཡིན་ན་འང་རེད། སྒྱུ་རྩལ་དང་འབྲེལ་ནས་མིའི་སེམས་སུ་བག་ཆགས་ཇི་ལྟར་འཇོག་དགོས་པ་དང་མིའི་སེམས་ཁམས་དང་ཇི་ལྟར་མཐུན་པར་བྱེད་པ་སོགས་ནི་སྒྱུ་རྩལ་ཁྲོད་བྱེད་དགོས་པ་ཞིག་རེད་མ་ གཏོགས། སྤྱིར་སྒྱུ་རྩལ་རང་ངོས་ནས་བྱས་ཆོག་པ་ཞིག་མ་རེད། ང་ཚོས་དེ་ལྟར་མ་ཡིན་པར་དེ་ཚང་མ་མཉམ་གཅིག་ཏུ་བསྲེས་བཞག་ཡོད་པ་རེད། དེ་བས་ང་ཚོའི་རྩོམ་རིག་ཡིན་ན་རེད། སྒྱུ་རྩལ་ཡིན་ན་རེད། ཚང་མར་ཁྱབ་ཁོངས་གཞན་ཞིག་གིས་ཚོད་འཛིན་བྱས་པའི་དབང་གིས་སྒྱུ་རྩལ་སྒྱུ་རྩལ་ལ་འགྱུར་མ་ཐུབ་པ་རེད་ལ། རྩོམ་རིག་ཡང་རྩོམ་རིག་ཏུ་འགྱུར་མ་ཐུབ་པ་རེད། དེ་ནི་གཙོ་བོ་རིག་སྡེ་ཞིག་ལ་གཞན་ཞིག་གིས་དབང་བསྒྱུར་བྱས་པས་རེད། སྤྱིར་ རིག་གནས་གང་ཡིན་ཡང་སྐྱ་ཐིག་གཅིག་གི་སྟེང་ནས་དར་དགོས་པ་ཞིག་དང་།གོ་རིམ་གཅིག་ གི་སྟེང་དུ་གནས་དགོས་པ་རེད་མ་གཏོགས་སྔོན་ལ་དར་བ་དེས་རྗེས་མར་དབང་བསྒྱུར་ བྱེད་དགོས་པ་ཞིག་དང་། ལྷག་པར་རྗེས་མ་དེས་སྔོན་མར་ངོ་རྒོལ་བྱེད་དགོས་པ་ཞིག་མ་རེད། ཡིན་ནའང་དེ་ལ་དར་ཁྱབ་ཀྱི་ཆ་ནས་ཆེ་ཆུང་ཞིག་ཡོད་པ་རེད། རིག་གནས་སྔོན་མ་དར་བ་དེས་བག་ཆགས་བཞག་ཡོད་མེད་རྗེས་མ་དར་བའི་རིག་གནས་དེར་གནོད་པའི་ལས་ཀ་བྱེད་ཐུབ་མིན་ལ་ལྟ་དགོས་པ་དེ་འདྲ་མ་རེད། མདོ་དོན་ང་ཚོའི་རྩོམ་རིག་ཡིན་ཡང་ཆོག་ལ། དེ་བཞིན་དུ་སྒྱུ་རྩལ་ཀྱི་ཁྱབ་ཁོངས་ཚང་མར་མི་ཆོས་སོགས་ཀྱིས་དབང་བསྒྱུར་དང་ཚོད་འཛིན་བྱས་འདུག། དེ་ལྟར་མ་བྱས་ཚེ། སྒྱུ་རྩལ་གྱི་སེམས་ཁམས་ལ་ཤར་ནུབ་གང་ཡིན་ཡང་རུང་ལ། ལྷག་པར་ང་ཚོ་བོད་ལ་ཡང་ནུབ་ཕྱོགས་པ་ནང་བཞིན་གྱི་ཚད་ལྡན་སྔོན་ཆད་བྱུང་མྱོང་ཡོད་ན་ཐང་ལ། ད་ལྟ་ཡོད་ནའང་ཐང། མ་འོངས་པར་འབྱུང་སྲིད་ནའང་ཐང་མོད། འོན་ཀྱང་འདི་ལྟར་ཚོད་འཛིན་བྱས་པ་ཡིན་ན། ད་གཟོད་སྒྱུ་རྩལ་ཟེར་བ་དེར་དེ་ལྟར་བཟང་ངན་ཤོར་སོང་བ་ཡིན་པས་ཚང་མས་དེ་ལ་མཉམ་འཇོག་བྱེད་དགོས་པ་གལ་ཆེན་པོ་རེད།
དྲི་བ། གོ་ཐོས་སུ་ཁྱེད་ཀྱིས་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཞིག་བྲིས་འདུག་ཟེར་བས་དེའི་སྐོར་ནས་ཅུང་གསུང་རོགས།
ལན། ནུབ་ཕྱོགས་མཚན་ཉིད་རིག་པ་ཟེར་ན་རེད། སྤྱིར་བཏང་མཚན་ཉིད་རིག་པ་ནི་དབྱིན་ཇིའི་སྐད་ལ་ ཧྤི་ལ་སོ་ཧྥེ(Philosophy)ཟེར་བ་དེ་རེད། གཙོ་བོ་ངས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་འདི་བཤད་ཀི་མེད། ང་ཚོར་གཞུངས་ལུགས་ལ་ནང་ཆོས་སོགས་མང་པོ་ཡོད་པས། ངའི་མཐར་ཐུག་གི་འདོད་པ་ནི་’’བོད་ཀྱི་མཚན་ཉིད་རིག་པ་’’ཞེས་ཅིག་བཤད་འདོད་ཡོད་པ་དེ་ཡིན། མི་རིགས་སུ་ཡིན་ཡང་དེང་ཐོག་ཚང་མར་མཚན་ཉིད་རིག་པ་ཞེས་པ་ཡོད་པ་རེད། དཔེར་ན་རྒྱ་ནག་ཡིན་ན་ཡང་རྒྱ་ནག་གི་མཚན་ཉིད་རིག་པ་ཡོད་ལ། དེ་བཞིན་དུ་ཁ་ཆེ་ལ་ཁ་ཆེའི་མཚན་ཉིད་རིག་པ་ཡོད། དེ་ཐམས་ཅད་པོར་མཚོན་ནའང་མཚན་ཉིད་རིག་པའི་བྱུང་རིམ་དང་ལོ་རྒྱུས་ཡོད་པ་རེད། དེ་ནི་ང་ཚོར་མ་དར་གོང་ནས་ནུབ་ཕྱོགས་སུ་དར་བའི’’མཚན་ཉིད་རིག་པ’’(Philosophy) ཧྤི་ལ་སོ་ཧྤི་ཟེར་བ་དེ་རེད། ང་ཚོས་མཚན་ཉིད་རིག་པར་རྒྱུས་ལོན་བྱེད་ན་དེང་ཐོག་མཚན་ཉིད་རིག་པའི་ལོ་རྒྱུས་ཤེས་དགོས་ལ། དེ་ནས་མཚན་ཉིད་རིག་པའི་གཞུང་ལུགས་ལ་བལྟ་དགོས། དེ་གཉིས་ང་ཚོས་ངེས་རྟོགས་བྱེད་དགོས། དེ་ཡང་ངེས་རྟོགས་བྱེད་པ་ལ་སྔོན་དུ་དེ་ཉིད་ཀྱི་ལོ་རྒྱུས་ལ་ངེས་རྟོགས་བྱེད་དགོས་པ་རེད། དེ་ནི་ང་ཚོས་གྲུབ་མཐའི་གཞུང་ལུགས་མ་སྦྱང་གོང་ལ་གྲུབ་མཐའི་བྱུང་རིམ་སྦྱང་དགོས་པ་དང་གཅིག་པ་རེད། དཔེར་ན་གྲུབ་མཐའི་སྐོར་ནས་ང་ཚོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ <<གྲུབ་མཐའ་ཆེན་མོ>> ལྟ་བུ་དང་ <<གྲུབ་མཐའ་རིན་ཆེན་ཕྲེང་བ>> སོགས་མཚོན་ན་དེ་ནི་གྲུབ་མཐའི་གཞུང་ལུགས་ཀྱི་སྐོར་རེད། དེའི་ཡར་སྔོན་དུ་ང་ཚོར་གྲུབ་མཐའི་བྱུང་རིམ་ཡོད་པ་ནི <<ཐུའུ་བཀྭན་གྲུབ་མཐའ>> ལྟ་བུ་རེད། དེ་ནི་གྲུབ་མཐའི་གཞུང་ལུགས་མ་ཡིན་པར་གྲུབ་མཐའི་བྱུར་རིམ་རེད། དེ་བས་གྲུབ་མཐའི་གཞུང་ལུགས་ཤེས་པ་ལ་ཐོག་མར་གྲུབ་མཐའི་བྱུང་རིམ་ཤེས་དགོས་པ་རེད། མཚན་ཉིད་རིག་པ་ཡང་དེ་བཞིན་རེད། དང་ཐོག་དེའི་གཞུང་ལུགས་ཤེས་པ་ལ་དེའི་ལོ་རྒྱུས་ཤེས་དགོས་པ་རེད། གཞུང་ལུགས་དང་ལོ་རྒྱུས་དེ་གཉིས་ལ་ད་གཟོད་མཚན་ཉིད་རིག་པ་ཟེར། ང་ཚོས་ཀྱང་གྲུབ་མཐའི་བྱུང་རིམ་དང་གྲུབ་མཐའི་གཞུང་ལུགས་གཉིས་ལ་གྲུབ་མཐའ་ཟེར་གི་རེད། གཙོ་ བོ་དེའི་སྦྱང་རིམ་ལ་གོ་རིམ་ཡོད་པས་ངས་ནུབ་ཕྱོགས་མཚན་ཉིད་རིག་པ་འབྲི་དོན་ཡང་ སྤྱིར་བཤད་ན་ང་ཚོས་མཚན་ཉིད་རིག་པ་ཞེས་པ་དེའི་བྱུང་རིམ་ཤེས་རྒྱུ་གལ་ཆེ་བས་ དེར་དམིགས་པ་ཡིན། ཐོག་མར་ང་ཚོར་མཚན་ཉིད་རིག་པའི་གཞུང་ལུགས་སོགས་འཐུས་སྒོ་ཚང་བ་ཞིག་ཕལ་ཆེར་ མེད་པས་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་གཞུང་ལུགས་སོགས་ལ་ལྟ་དགོས་ཀི་རེད། དེའི་དབྱེ་ཞིབ་བྱེད་སྟངས་དང་བྱུང་རིམ་ཐམས་ཅད་ནི་ང་ཚོའི་གྲུབ་མཐའི་བྱུང་རིམ་དང་གཏན་ནས་འདྲ་བ་མ་རེད། ངའི་རེ་བ་ཡིན་ན་ང་ཚོས་དེའི་ལེགས་ཆ་དང་དབྱེ་ཞིབ་བྱེད་སྟངས་ཐམས་ཅད་ཤེས་རྟོག་བྱུང་རྗེས་ད་གཟོད་བོད་རང་གི་མཚན་ཉིད་རིག་པའི་མ་ལག་ཞིག་གསར་འཛུགས་བྱེད་རྒྱུ་གལ་ཆེན་རེད། དེ་ལྟ་བུ་གསར་འཛུགས་བྱེད་པར་ང་གཅིག་པུས་ལས་དགོས་པ་ཞིག་མ་ཡིན་པར་སུས་ཀྱང་ལས་ཆོག་གི་རེད། དཔེར་ན་ང་ཚོར་མཚན་ཉིད་རིག་པ་ཟེར་བའི་རིག་པ་ཞིག་ཡོད་པས། བོད་རང་གི་མཚན་ཉིད་རིག་པ་ནི་བོད་རང་གི་རིག་གནས་ཤེས་མཁན་སུ་ཡིན་ཡང་བྲིས་ཆོག་གི་རེད། དེང་སྐབས་ནུབ་ཕྱོགས་པ་དང་རྒྱ་ནག་སོགས་སུ་ཡང་སོ་སོའི་མཚན་ཉིད་རིག་པའི་མ་ལག་གསར་འཛུགས་བྱས་ཡོད་པ་རེད། རྒྱ་ནག་གི་ཤེས་རིག་ཁྲོད་ན་ཡང་ཀུན་སྤྱོད་མ་ཐེ་བའི་མཚན་ཉིད་རིག་པའི་གཞུང་ལུགས་དང་ལོ་རྒྱུས་རྐྱང་མ་སོགས་བྲིས་ཡོད་པ་རེད། ཡིན་ནའང་ང་ཚོ་དེ་ལྟར་མ་རེད། ནང་ཆོས་སོགས་མཚན་ཉིད་རིག་པ་ཡིན་ཟེར་གྱི་འདུག་མོད། དེའི་ནང་དུ་མཚན་ཉིད་རིག་པའི་ཆ་གཅིག་མ་གཏོགས་ཡོད་པ་མ་རེད། དེས་ན་ང་ཚོས་དེ་ལ་གསལ་བསལ་བྱེད་དགོས་པ་རེད།དོན་ངེས་ཐོག་བོད་ཀྱི་རིག་གནས་ཁྲོད་མཚན་ཉིད་རིག་པར་གཏོགས་པ་གང་འདུག་གམ། ཡང་ན་མཚན་ཉིད་རིག་པ་མ་ཡིན་པ་གང་དག་ཡོད་དམ། གཙོ་བོ་དེ་གཉིས་ལ་དབྱེ་ཞིབ་གསལ་བོ་བྱས་ཏེ། ཡིན་པ་དེ་ལ་ཡང་བྱུང་རིམ་གསལ་བོ་ཞིག་དགོས་པ་རེད། དེའི་ སྟེང་དུ་ང་ཚོའི་མཚན་ཉིད་རིག་པ་ཡིན་པའི་རྒྱུ་མཚན་ལ་ནུབ་ཕྱོགས་ཀྱི་མཚན་ཉིད་ རིག་པའི་གཞུང་ལུགས་ཀྱི་སྟེང་ནས་གསལ་བཤད་བྱེད་དགོས་པ་རེད་མ་གཏོགས། ང་ཚོའི་ནང་ཆོས་ནང་གི་མཚན་ཉིད་རིག་པ་དེ་ཁྱེར་ཡོང་ནས་གསལ་བཤད་བྱེད་རྒྱུ་ཁག་པོ་རེད། དེས་ནང་ཆོས་ནང་གི་མཚན་ཉིད་རིག་པ་དེ་གསལ་བཤད་བྱེད་ཐུབ་ཀྱང་ནུབ་ཕྱོགས་པའི་ ཧྤི་ལ་སོ་ཧྤི(Philosophy) ཟེར་བའི་མཚན་ཉིད་རིག་པ་དེ་གསལ་བཤད་བྱེད་ཐུབ་ཀི་མ་རེད།ང་ཚོས་དེ་ལྟར་བྱས་པ་ ཡིན་ན་དེ་ནི་མ་ལག་གསར་བ་ཞིག་དང་ཁྱབ་ཁོངས་གསར་བ་ཞིག་ཏུ་འགྱུར་སྲིད་ཀི་རེད་ལ། དེ་ལྟ་བུ་ནི་ང་ཚོར་ཡིན་གཅིག་མིན་གཉིས་དགོས་ཀྱི་འདུག། མ་མཐའ་མི་རིགས་ཤིག་ལ་མཚོན་ན་དེ་འདྲ་བཙུགས་ཆོག་ཆོག་རེད། བོད་ལ་མཚོན་ན་དབྱིན་ཇིས་ལོ་རྗེ་ཁུགས་(logic)ཟེར་བ་ནང་ཆོས་ཀྱི་གཏན་ཚིག་རིག་པ་སོགས་དང་འདྚ་བའི་གཏན་ཚིག་རིག་པ་ཡིན་པའི་ཆ་ནས་གཅིག་བྱས་ན་ནུབ་ཕྱོགས་པ་ལས་ཚད་མཐོན་པོ་ཞིག་ཡོད་ཀྱང་སྲིད། ཡིན་ནའང་དེ་དག་ལ་མ་ལག་གསར་བ་ཞིག་མ་བཙུགས་ཚེ་དེ་ནི་སྡེ་ཚན་ཞིག་ཏུ་ཁྱབ་ཀི་མ་རེད་ལ། རྒྱ་ནག་ཡིན་ནའང་སྤྱིར་བཏང་གི་བོད་ནང་བཞིན་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་མ་རེད། དཔེར་ན་རྒྱ་ནག་ལྟ་བུ་ཡིན་ནའང་ལོ་ཙི་དང་ཁུང་ཙི་སོགས་ཀྱིས་སྲོལ་རྒྱུན་དང་ཀུན་ སྤྱོད་ཀྱི་གཞུང་ལུགས་ཙམ་བཙན་གྱིས་བཙལ་ཡོང་ནས་མཚན་ཉིད་རིག་པའི་མ་ལག་ཞིག་ལ་གྲུབ་ཏུ་བཅུག་པ་རེད། དེ་བས་ང་ཚོ་དེ་ལྟར་མ་རེད། མཚན་ཉིད་རིག་པའི་གཏན་ཚིག་གི་འགྲོ་སྟངས་ཡོད་ལ་དེ་བཞིན་མཚན་ཉིད་རིག་པའི་བསམ་བློ་གཏོང་སྟངས་ཀྱང་ཡོད་པ་རེད། དེ་བཞིན་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གི་བཤད་སྟངས་སོགས་གྲུབ་མཐའི་ནང་དུ་ཡོད་པ་རེད། ཡིན་ན་ཡང་ང་ཚོས་དེ་དག་ཐམས་ཅད་ལ་མཚན་ཉིད་རིག་པས་གསལ་བཤད་མ་བྱས་པར་ནང་ཆོས་ཀྱིས་གསལ་བཤད་བྱས་བསྡད་པ་རེད། དེ་བས་ངས་བལྟས་ན་ང་ཚོའི་གཞུང་ལུགས་འདིའི་ཁྲོད་ན་མཚན་ཉིད་རིག་པ་སྟེ་ཧྤི་ལ་སོ་ཧྤི་(philosophy )ཟེར་བའི་རིག་པ་དེ་ག་ཚོད་ཅིག་འདུག་གམ། ཆ་ཤས་དེ་ཕར་བླངས་ནས་མ་ལག་གསར་འཛུགས་བྱེད་དགོས་ལ། དེ་ནས་མི་ཆོས་རྣམ་བཞག་སྐོར་ག་ཚོད་ཅིག་འདུག་པ། དེ་བཞིན་གཞན་གྱི་མཚན་ཉིད་རིག་པའི་གཞུང་ལུགས་ཁྲོད་བྱུང་བའི་སྡེ་ཚན་ནང་གི་མི་ཆོས་སོགས་ཀྱི་ཐ་སྙད་ཁྱེར་ཡོང་ནས་བོད་རང་གི་གཞུང་ལུགས་ནང་ནས་གསལ་བསལ་གཏོང་དགོས་ལ། དེའི་འཕྲོ་ནས་ང་ཚོས་ནང་ཆོས་ཁྲོད་ནས་ཀྱང་མཚན་ཉིད་རིག་པ་ལ་མཚན་ཉིད་རིག་པའི་ཆ་དང་། མི་ཆོས་ལ་མི་ཆོས་ཀྱི་ཆ། ཆབ་སྲིད་ཀྱི་བསམ་བློ་ལ་ཆབ་སྲིད་ཀྱི་ཆ། དཔལ་ འབྱོར་གྱི་ཆ་ཅི་ཙམ་ཡོད་པ་དཔལ་འབྱོར་གྱི་ཆ། སྒྱུ་རྩལ་ལ་སྒྱུ་རྩལ་གྱི་ཆ་བྱས་ཏེ་དེ་དག་སྡེ་ཚན་རེ་རེར་བཀར་ཐུབ་པ་ཡིན་ན།ང་ ཚོས་ཀྱང་བོད་རང་གི་རིག་གནས་ཀྱི་ཐོག་ནས་རིགས་གཅིག་རྐང་འཛིན་གྱི་ཁྱབ་ཁོངས་ཤིག་འཛུགས་ཐུབ་ཀི་རེད། མ་མཐར་རིག་གནས་ཤིག་ཤུགས་ཆེར་དར་དགོས་ཚེ་དེ་འདྲ་དགོས་ཀི་རེད། དེ་ལྟར་མ་ཡིན་པར་ང་ཚོས་ཚང་མ་ནང་ཆོས་ནང་ན་ཡོད་པ་འདྲ་བོ་ཞིག་བཤད་ཀྱང་། དེ་དག་ལ་རིགས་གཅིག་རྐང་འཛིན་གཅིག་ཀྱང་ཡོད་པ་མ་རེད། མ་མཐར་སྒྱུ་རྩལ་ཞེས་པའི་ཐ་སྙད་དེ་ལ་ཡང་གསལ་བཤད་གསལ་བོ་ཞིག་བྱེད་ཐུབ་ཀི་མི་འདུག། དེ་ལྟ་བུའི་སྐྱོན་མང་པོ་ཞིག་ཡོད་པ་རེད། དེ་བས་ངའི་དམིགས་ཡུལ་ཡང་ཐོག་མར་ང་ཚོར་ལ་ནུབ་ཕྱོགས་མཚན་ཉིད་རིག་པ་སོགས་ཕྱི་ཡོང་རིག་གནས་ཤིག་གིས་བརྡ་སྤྲད་དེ་ད་གཟོད་རང་གི་ནང་གི་རིག་གནས་དེར་མ་ལག་གསར་ཛུགས་བྱེད་ཐུབ་པ་བྱུང་ན་རྗེས་ཕྱོགས་ཚང་མར་ཕན་གི་རེད་བསམ་གི་ཡོད་ལ། ཤུགས་རྒྱག་ས་གཙོ་བོ་དེ་ཡང་བོད་རང་གི་མཚན་ཉིད་རིག་པའི་གཞུང་ལུགས་ཤིག་འཛུགས་རྒྱུ་དེའི་ཕྱོགས་ཡིན།
དེ་ལ་ཡང་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་ཡོད། གཙོ་བོ་དེ་ནི་ཕྱི་ཡོང་རིག་གནས་ཤིག་ཡིན་པས་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་གཞུང་ལུགས་དང་དབྱེ་ཞིབ་བྱེད་སྟངས་ཀྱི་རིག་པ་དེ་ངེས་པར་དགོས་ཀི་འདུག་ལ། དེའི་རྨང་གཞིའི་ཐོག་ནས་གསར་འཛུགས་བྱས་ཆོག་པ་རེད་མ་གཏོགས། རྨང་གཞི་དེ་འདྲ་ཞིག་མེད་ཚེ་དེ་ནི་གཏན་ནས་ཡོང་སྲིད་པ་ཞིག་མ་རེད། དཔེར་ན་ད་ལྟའི་ང་ཚོ་ལྟ་བུ་རེད།དེ་བས་ངས་མཚན་ཉིད་རིག་པའི་ལོ་རྒྱུས་འདི་འབྲི་དོན་ མདོར་དྲིལ་ན་རྨང་གཞི་དེ་འདྲ་ཞིག་གི་སྟེང་ནས་དེའི་སྐོར་ཅུང་ཇེ་གསལ་དང་། ཇེ་ལེགས། གཞན་གྱི་ཁྱབ་ཁོངས་སུ་འགྲོ་ཨེ་ཐུབ་པར་ལྟ་འདོད་པ་དེ་ཡིན།
དྲི་བ། ང་ཚོ་བཙན་བྱོལ་དུ་མང་ཆེ་བས་ངེས་འཛིན་བྱེད་སྟངས་ནི་མཚན་ཉིད་རིག་པ་ཟེར་དུས་ནང་ཆོས་ནི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཡིན་པ་ཞིག་ལ་ངེས་འཛིན་བྱེད་ཀྱིན་འདུག ཡིན་ནའང་ཁྱེད་རང་ལྟར་ན་ནང་ཆོས་ཟེར་བ་དེའི་ཁྱབ་ཁོངས་ན་མཚན་ཉིད་རིག་པ་ཡོད་པ་རེད་ མ་གཏོགས་ནང་ཆོས་དེ་ནི་མཚན་ཉིད་རིག་པ་མ་རེད་ཟེར་བ་ཡིན་ནམ།
ལན། དེའི་སྐོར་སྔོན་ཆད་ཀྱང་ངས་བཅར་འདྲི་ཞིག་གི་སྐབས་བཤད་མྱོང་། གཙོ་བོ་དེ་གཉིས་ལ་མི་འདྲ་ས་མང་པོ་འདུག། གཅིག་རིག་པས་དཔྱད་སྟངས་དང་རིག་པ་གཏོང་སྟངས་འདྲ་གི་མ་རེད།་དཔེར་ན་རིག་པས་དཔྱད་སྟངས་ཀྱི་ཆ་ནས་བཞག་ན་ནུབ་ཕྱོགས་པའི་ ཧྤི་ལ་སོ་ཧྤི་སེ་ཟེར(Philosophy)བའི་ཐ་སྙད་དེ་བོད་སྐད་དུ་བསྒྱུར་ན་ཤེས་རབས་ལ་དགའ་བ་ཞེས་པ་དེ་རེད། དེའི་ཐོག་མའི་འབྱུང་ཁོངས་ཀྱང་གནའ་བོའི་གྷི་རེ་སིའི་སྤྱིར་བཏང་མ་ཡིན་པའི་སྐད་ཆ་ཞིག་རེད། དེ་བཞིན་དུ་རྒྱ་ནག་ལ་མཚོན་ནའང་རྒྱ་ནག་གི་ ཀྲིག་ཞོ(哲学)ཟེར་བ་དེ་རེད་ལ། དེ་ནི་དེང་ཐོག་འཇར་པན་པ་སྐུ་ཞབས་ ཞིས་ཀྲིག(西周)ཟེར་བ་ཞིག་གིས་བྲིས་པ་རེད།དེ་ནི་རྒྱ་ནག་གི་མཚན་ཉིད་རིག་པའི་ལོ་རྒྱུས་དང་པོ་རེད་ལ། ཁོང་གིས་རྒྱ་ནག་གི་གཞུང་ལུགས་ཤིག་ན་ཀྲིག་ཀྲི་ཡེས(哲智也)ཟེར་བའི་སྐད་ཆ་ཞིག་ཡོད་པ་དེར་ཁོངས་གཏུགས་ནས་ ཀྲིག་ཞོའོ(哲学)ཞེས་བསྒྱུར་བ་རེད་མ་གཏོགས།དོན་དངོས་ཐོག་རྒྱ་ནག་གི་སྐད་ནི་ ཨེ་ཀྲི་ཧེ(爱智慧)ཟེར་བ་སྟེ་ཤེས་རབས་ལ་དགའ་ཞེས་པ་དེའི་དོན་རེད། དེ་ ནི་ང་ཚོའི་ཤེས་རབ་ཀྱི་བསླབ་པའི་ནང་གི་ཀུན་རྫོབ་སྟོན་པ་གནས་ལྔ་རིག་པའི་ཤེས་ རབ་ཅེས་དང་གནས་ལུགས་རྟོགས་པ་དོན་དམ་རིག་པའི་ཤེས་རབ་ཟེར་བ་ལྟ་བུ་རེད། དེ་ནི་ཕར་དེད་ན་གནས་ལུགས་རྟོགས་པ་དོན་དམ་རིག་པའི་ཤེས་རབ་ཟེར་བ་སྟེ་ཆོས་ཉིད་ རྣམ་འབྱེད་ཀྱི་ཤེས་རབ་དེར་དགའ་ཞེས་པ་དེ་རེད།ཆོས་དེ་དང་དེ་གཉིས་མི་འདྲ་བའི་རྒྱུ་མཚན་ཤེས་དགོས་ན་ཆོས་ཉིད་རྣམ་འབྱེད་ཀྱིས་གང་གང་ཡིན་པ་དེ་ངེས་དགོས་རྒྱུ་དེ་རེད།
དེ་བས་མཚན་ཉིད་རིག་པའི་བསམ་བློ་གཏོང་སྟངས་ནི་ཅི་ཞིག་ལ་མཚན་ཉིད་རིག་ཡིན་ཟེར་བ་ལྟ་བུ་མ་ཡིན་པར་ཅི་ཞིག་ནི་མཚན་ཉིད་རིག་པ་མ་ཡིན་ནམ་ཞེས་པར་བསམ་བློ་གཏོང་གི་རེད། དེ་ཡང་དཔེར་ན་ང་ཚོས་སེང་གེ་ཞིག་རི་མོར་འབྲི་བའི་དབང་དུ་བཏང་ན། སེང་གེ་འདི་རེད་ཅེས་བསྟན་ཆོག་པའི་རི་མོ་དེ་མཚན་ཉིད་རིག་པའི་བསམ་བློ་གཏོང་སྟངས་མ་ཡིན་པར། དེ་ལས་ལྡོག་ཏེ་སེང་གེ་མིན་པའི་ཆ་དེ་ཐམས་ཅད་བཙལ་ནས་ནག་པོ་བཟོས་རྗེས་ཤུལ་དུ་སེང་གེ་ཡིན་པའི་ཆ་དེ་འབུར་དུ་ཐོན་ཡོང་གི་རེད། དེ་ནི་མཚན་ཉིད་རིག་པའི་བསམ་བློ་གཏོང་སྟངས་གཙོ་བོ་རེད། དེ་ལྟ་བུའི་རིག་པ་ཞིག་བྱུང་བ་ལ་དང་ཐོག་དོགས་པ་དགོས་པ་རེད། ནང་ ཆོས་ཡིན་ན་དེ་ལྟར་མ་ཡིན་པར་ཅི་ཙམ་དུ་བསམ་བློ་དང་དཔྱད་པ་བཏང་བཏང་བའི་རྗེས་ སུ་སྤྱི་སྡོམ་ཞིག་བྱུང་བ་ནི་བདག་ཅག་གི་སྟོན་པ་མི་སླུ་བ་ཡིན་ལ། དཀོན་མཆོག་གསུམ་མི་སླུ་བ་ཡིན་ཟེར་བའི་ཚད་གཞི་དེ་ལས་ཕར་བརྒལ་མི་རུང་བ་ནི་ སྔོན་འགྲོའི་ཆ་རྐྱེན་རེད། མཚན་ཉིད་རིག་པ་ནི་དེ་ལྟར་མ་ཡིན་པར་དཀོན་མཆོག་གསུམ་ནི་ཅི་ཞིག་ལ་མ་སླུ་བ་ཡིན་སོང་ བ་རེད་ཅེས་ཐོག་མར་དཀོན་མཆོག་གསུམ་དཔྱད་གཞིར་བཟུང་ནས་དོགས་པ་སྐྱེས་ཆོག་གི་རེད། ང་ཚོས་དེ་ལྟར་མ་ཡིན་པར་ལྟ་བ་ལྟ་གྲུབ་དང་། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དེ་བཞིན་དུ་གྲུབ་མཐའ་གོང་མ་གོང་མ་དག་ལ་དོགས་པ་སྐྱེས་སྐྱེས་མཐར་སངས་རྒྱས་མི་སླུ་བ་ཡིན་མིན་ལ་དོགས་པ་གཅིག་གིས་ཀྱང་བྱེད་ཀི་མ་རེད། དེ་བས་མཚན་ཉིད་རིག་པའི་ཁྲོད་ན་འདི་ལྟ་བུའི་ཡིད་ཆེས་གཏད་ས་ཞིག་ཡོད་པ་མ་རེད། དེས་སྟོན་པ་ནི་ཅི་ཞིག་ལ་ཚད་མའི་སྐྱེས་བུ་ཡིན་སོང་བ་རེད་ཅེས་དེ་ཉིད་ལ་དེང་ཐོག་ནས་དོགས་སྐྱེས་དགོས་ཀི་རེད།
ད་དུང་མཚན་ཉིད་རིག་པས་གཞན་དག་ལ་དོགས་པ་བྱས་བྱས་མཐར་རང་ཉིད་ལ་ཡང་དོགས་པ་བྱེད་ཀི་རེད། དེ་ལྟར་དོགས་པ་རྐྱང་རྐྱང་གི་ནང་ནས་མིའི་ཤེས་རབ་འཕེལ་ནས་འགྲོ་གི་ཡོད་པ་དེ་ལ་མཚན་ཉིད་རིག་པ་ཟེར་བ་རེད། ནང་ཆོས་ལ་མཚོན་ན་དེ་ལྟ་ཡོད་པ་མ་རེད། དེའི་སྟེང་ནས་དེ་གཉིས་མ་འདྲ་བ་རེད། གཞན་ཁྱབ་ཁོངས་ཀྱི་ཆ་ནས་འདྲ་བ་མ་རེད། མཚན་ཉིད་རིག་པའི་ཁྱབ་ཁོངས་ན་ཆོས་ལུགས་མཚན་ཉིད་རིག་པ། སེམས་ཁམས་མཚན་ཉིད་རིག་པ། སྒྱུ་རྩལ་མཚན་ཉིད་རིག་པ། དམག་དོན་མཚན་ཉིད་རིག་པ། དཔལ་འབྱོར་མཚན་ཉིད་རིག་པ། དེ་བཞིན་དུ་དེང་སང་གྲངས་རྩིས་མཚན་ཉིད་རིག་པ། རྫས་འགྱུར་མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་མ་འདྲ་བ་རེ་རེར་མཚན་ཉིད་རིག་པ་རེ་རེ་འདུག དེ་བས་མཚན་ཉིད་རིག་པ་ཟེར་དུས་སྤྱི་ཞིག་དང་ཆོས་ལུགས་མཚན་ཉིད་རིག་པ་ཟེར་དུས་བྱེ་བྲག་ཞིག་རེད། དེ་བཞིན་དུ་ཆོས་ལུགས་མཚན་ཉིད་རིག་པའི་ཁྲོད་ནའང་ནང་ཆོས་མཚན་ཉིད་རིག་པ་ཟེར་བ་དང་། ཡེ་ཤེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ཟེར་བ། དེ་བཞིན་དུ་ཁ་ཆེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ཟེར་བ་སོགས་ཀྱི་ཁྲོད་དུ་ནང་ཆོས་མཚན་ཉིད་རིག་པ་ནི་ཁྱབ་ཆུང་ཆུང་ཞིག་རེད། ལྷག་པར་དུ་བོད་ཀྱི་ནང་ཆོས་ཁྲོད་ཀྱི་ཐེག་ཆེན་ཟེར་བ་དེ་ལ་ཡང་རྒྱལ་མཚམས་དང་ས་མཚམས་ཀྱི་དབང་དུ་བྱས་ན་ཉི་ཧོང་ལ་ཡང་ཐེག་ཆེན་བ་ཟེར་ཡོད་ལ། དེ་བཞིན་དུ་རྒྱ་ནག། སོག་པོ། བོད། རྒྱ་གར་སོགས་མང་པོར་ཐེག་ཆེན་ཡོད་པས། ང་ཚོས་ཐེག་ཆེན་ཟེར་བ་འདིས་དེ་དག་ཚང་མའི་ཚབས་བྱེད་མི་ཐུབ་ཀ དེ་ལྟར་བལྟས་ཚེ་དེའི་ཁྱབ་ཁོངས་ཇེ་ཆུང་དུ་བུད་སོང་བ་རེད་ལ། ཁྱབ་ཁོངས་དེ་ནས་བལྟས་ཀྱང་དེ་གཉིས་འདྲ་བ་མ་རེད། ང་ཚོས་ནང་ཆོས་མཚན་ཉིད་རིག་པ་ཡིན་ཟེར་བ་དེ་ལ་ཕྱིར་འཁོར་ནས་མཚན་ཉིད་རིག་པའི་ཁྲོད་ནས་ནང་ཆོས་མཚན་ཉིད་རིག་པ་ཡིན་མིན་ལ་ད་དུང་གསལ་བསལ་བྱེད་རྒྱུ་མིང་གི་ འདོད་ཀི། ནང་ཆོས་ལ་མཚན་ཉིད་རིག་པ་མ་ཡིན་པའི་དད་པ་བྱེད་སའི་ཆ་ཆ་ཚང་ཞིག་ཡོད་པ་ན། དཔེན་ན་དག་པའི་ཞིང་ཡོད་མེད་དང་། ཚེ་ཕྱི་མ་ཡོད་མེད། དེ་བཞིན་དུ་འཇིག་རྟེན་ལ་འགོ་མཇུག་མེད་ཅེས་པ་ལྟ་བུ་རེད་ལ། དེ་ལ་མཚན་ཉིད་རིག་པས་དཔྱད་པ་བཏང་བ་ཡིན་ན་ད་དུང་དཔྱད་པ་གཏོང་རྒྱུ་མང་པོ་ཡོད་ལ། དེ་ནི་དཔྱད་པ་འགོ་བཟུང་ཡང་མཇུག་བསྡུ་རྒྱུ་མེད་པའི་དཔྱད་པ་ཞིག་ཡིན་ཡང་། ང་ཚོས་དེ་ལ་དོགས་ཙམ་ཡང་མ་བྱུང་བར་ཚེ་ཕྱི་མ་ཡོད་པ་རེད། དག་པའི་ཞིང་ཡོད་ནི་རེད་ཅེས་མཇུག་སྡོམ་བླངས་སོང་བ་རེད། དེ་བས་འཇིག་རྟེན་ལ་མགོ་མཇུག་ཡོད་མེད་ནི་གཙོ་བོ་དགག་སྒྲུབ་ཀྱི་སྟེང་ནས་ཡོང་ དགོས་པ་ཞིག་རེད་མ་གཏོགས་དེ་ལ་མཐའ་མའི་ཐག་གཅོད་ཀྱི་རང་བཞིན་གཅིག་ཀྱང་ཡོད་པ་མ་རེད། འཇིག་རྟེན་ལ་མགོ་མཇུག་ཡོད་ཚུལ་རིག་པ་སྟོང་གིས་བསྒྲུབ་ཆོག་གི་རེད་ལ། དེ་བཞིན་དུ་མེད་ཚུལ་ཀྱང་རིག་པ་ཁྲི་ཡིས་བསྒྲུབ་ཆོག་གི་རེད། དེ་ནི་ལུགས་གཉིས་འགལ་སྤྲོད་ཡིན་པས་འཇིག་རྟེན་ལ་མགོ་མཇུག་མེད་ཚུལ་རིག་པ་བརྒྱ་ཡིས་དཔྱད་ན་ཡང་བསྐྱར་ཡོད་ཚུལ་རིག་པ་སྟོང་གིས་དགག་ཀྱང་ཆོག་གི་རེད། དེ་ནི་རྩོད་པའི་རང་བཞིན་ཞིག་ཡིན་པ་ལས་སྤྱི་སྡོམ་ཞིག་ལེན་རྒྱུ་ཡོད་པ་མ་རེད། ནང་ཆོས་ཀྱིས་དེ་དག་ཐམས་ཅད་ལ་སྤྱི་སྡོམ་བླངས་ཡོད་པ་རེད་ལ། མཚན་ཉིད་རིག་པའི་ཆ་ནས་དེ་ལྟར་མ་ཡིན་པར་ད་དུང་དོགས་པ་མང་པོ་ཡོད་པས་དེ་གཉིས་ནི་མང་པོ་ཞིག་གི་ཐོག་ནས་འདྲ་བ་མ་རེད། ང་ཚོས་དཀོན་མཆོག་གསུམ་མི་སླུ་བ་ཡིན་ཟེར་བ་དེ་ཡང་གཙོ་བོ་མི་ཆོས་ཁྲོད་ནས་སྤྱི་སྡོམ་ལེན་རྒྱུ་ཞིག་ལས་མཚན་ཉིད་རིག་པའི་བསམ་བློ་གཏོང་ཐུབ་པ་ཞིག་མ་རེད། དེ་ཐམས་ཅད་པོའི་དབྱེ་བ་གསལ་བཤད་བྱེད་དགོས་ཀྱི་འདུག དེ་དག་ཚང་མ་ས་མཚམས་འདྲེས་སོང་བས་ང་ཚོས་དབྱེ་འབྱེད་བྱེད་མ་ཐུབ་པ་རེད། དེ་བས་འདི་དག་ཐམས་ཅད་མཚན་ཉིད་རིག་པའི་ཁྲོད་ནས་ས་མཚམས་གསལ་བོ་བྱུང་བ་ཡིན་ན་ང་ཚོའི་དད་པ་ཡིན་ཡང་ཆོག་ལ། དེ་བཞིན་དུ་དཔྱད་པ་གཏོང་སྟངས་སོགས་གང་ཡིན་ཐམས་ཅད་ལ་ཡང་ཕན་གི་རེད། གཙོ་བོ་དེ་དག་ལ་ས་མཚམས་གསལ་བོ་ཞིག་ཕྱེས་རྒྱུ་དེ་གལ་ཆེན་རེད།
དྲི་བ། མདོ་ཡི་ནང་དུ་
དགེ་སློང་དག་ཀུན་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །
བླངས་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་པའི་ཚིག་དེ་ཁྱེད་རང་ལྟར་ན་མཚན་ཉིད་རིག་པའི་ཚིག་ལ་འགྲོ་གི་འདུག་གམ།
ལན། ངས་བལྟས་ན་ལུང་ནི་ལུང་གིས་ཐག་གཅོད་དགོས་པ་ཞིག་རེད། ང་ཚོའི་གཞུང་ལུགས་གཙོ་བོ་དེ་འདྲ་རེད། ང་ཚོའི་དགོན་པ་གྲྭ་ཚང་ནས་སློབ་སྦྱོང་བྱེད་དུས་གཞུང་ལུགས་ཀྱིས་གཞུང་ལུགས་གཏན་འབེབ་བྱས་ནས་འགྲོ་བཞིན་འདུག། དཔེན་ན་ཁྱེད་ཀྱིས་གོང་ནས་བཤད་པ་ལྟར་དགེ་སློང་དག་ཀུན་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་པར་བྱ་ཡི་གུས་ཕྱིར་མིན། ཞེས་པ་དེ་ཡང་གཞུང་ལུགས་ཤིག་གི་གཏན་འབེབ་གནང་གི་ཡོད་པ་རེད། གཞུང་ལུགས་དེ་ནི་དྲང་ངེས་ཀྱི་ནང་དུ་རྟོན་བཞིའི་གཞུང་ལུགས་བཤད་ནས་གཏན་ཕབ་བྱས་ཡོད་པ་རེད། དྲང་ངེས་ཀྱི་དགོས་དོན་དེ་ཡང་ཡིག་ཆའི་མཁན་པོ་དག་གི་དགོངས་པ་གསལ་བྱེད་བྱས་ནས་དེ་ལྟར་གཞུང་ལུགས་ཁྲོད་གཞུང་ལུགས་བཙལ་བཞིན་ཡོད་པ་རེད། ཡིན་ནའང་ལུང་དེ་ལ་སུ་ཞིག་ཀྱང་དོགས་པ་སྐྱེས་ཡོད་པ་མ་རེད། དཔེར་ན་བོང་གི་ལེགས་པར་བརྟག་ལ་ང་ཡི་བཀའ་ཞེས་པ་དེ་ལ་ལེགས་པར་བརྟགས་བརྟགས་པའི་རྗེས་སུ་སངས་རྒྱས་ནི་མི་སླུ་བ་ཡིན་པ་དེ་བླངས་སོང་བ་རེད། སྤྱིར་བཤད་ན་སངས་རྒྱས་དེ་སླུ་བ་ཡིན་པའང་བླངས་ཆོག་གི་རེད། མཚན་ཉིད་རིག་པའི་རིག་ཁྲོད་ནས་གཅིག་བྱས་ན་འདི་ལེན་མི་ཐུབ་ན་ཐང་། སངས་རྒྱས་ཀྱི་བཀའ་དེ་ལེགས་པར་བརྟགས་བརྟགས་མཐར་མི་སླུ་བ་ཡིན་པ་་མ་གཏོགས་ལེན་མི་ཐུབ་པའི་རྒྱུ་མཚན་མི་འདུག་ག ཆོས་ལུགས་ཁྲོད་དེ་ལྟར་ཡིན་ཡོད་ཀྱང་མཚན་ཉིད་རིག་པའི་ཁྲོད་སྤྱི་སྡོམ་དེ་འདྲ་ལེན་པའི་ཁྱབ་ཀི་མ་རེད། གོང་ གི་ལུང་དེ་ལ་མི་བརྒྱ་ཡིས་བརྟག་པའི་དབང་དུ་བཏང་ན། དེའི་ནང་ནས་མི་དགུ་ཅུ་གོ་དགུས་སངས་རྒྱས་མི་སླུ་བ་ཡིན་པ་བླངས་ཀྱང་མི་གཅིག་ གིས་སླུ་བ་ཡིན་པ་ལེན་སྲིད་ཀི་རེད་ལ་དེ་ལྟར་བླངས་ཆོག་ཆོག་ཞིག་ཀྱང་རེད། དེ་མཚན་ཉིད་རིག་པའི་དཔྱད་སྟངས་རེད། ང་ཚོར་’’གནས་གསུམ་པར་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས’’ཞེས་པ་ལྟ་བུའི་དཔལ་ལྡན་ཆོས་གྲགས་ཀྱི་ལུང་དེ་འདྲ་རྣམ་འགྲེལ་སོགས་ཀྱི་ནང་ན་མང་པོ་ཡོད་པ་རེད། གནས་གསུམ་པ་ནི་མཁས་པ་འཕོས། །ལུང་འདྲེན་པ་ནི་མཁས་པའི་ལུགས།ཞེས་ལུང་འདྲེན་དེ་བཞིན་གནས་གསུམ་པར་མཁས་སོང་ན་ལྐོག་གྱུར་གྱི་རིགས་ལུང་གིས་བསྒྲུབ་དགོས་ཟེར་མོད། མཚན་ཉིད་རིག་པའི་ཁྲོད་ན་ལུང་གིས་བསྒྲུབ་རྒྱུ་གཅིག་ཀྱང་ཡོད་པ་མ་རེད། འདི་དག་ཚང་མ་ནི་ལུང་འདྲེན་ཡིན་པས་མཚན་ཉིད་རིག་པའི་ཁྲོད་དུ་ལུང་འདྲེན་དེའི་རིགས་ཡོད་པ་མ་རེད། དེ་ལྟར་མེད་པའི་རྐྱེན་གྱིས་གོང་གི་ང་ཡི་བཀའ་ཞེས་པ་དེར་མཚན་ཉིད་རིག་པས་བརྟག་ན་སངས་རྒྱས་སླུ་བ་ཡིན་པར་ངེས་འཛིན་ཡང་བྱུང་སྲིད་ཀི་རེད། དེ་འདྲ་ཞིག་རེད།
ཁྱེད་ཀྱིས་ང་ལ་འདི་འདྲིའི་གོ་སྐབས་ཤིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག
Like this:
Like Loading...