༧ གོང་ས་མཆོག།

མ་འོངས་པའི་གནས་ཚུལ་འདི་རང་བཞིན་བརྗོད་བདེར་གྱུར་པ་ཞིག་མ་ཡིན་ཡང་།  མ་འོངས་པའི་དོན་དུ་གྲ་སྒྲིག་བྱེད་རྒྱུ་ནི་འགྲོ་བ་མིར་གྱུར་ཀུན་གྱི་ལས་འགན་ ཡིན། ང་ཚོའི་བསྒྲུབ་བྱ་ནི་བདེན་པ་ཡིན་པས་དེ་ལ་རང་བཞིན་གྱི་ནུས་པ་ཞིག་ཡོད་པ་དང་། བསླུ་མེད་མཆོག་གསུམ་གྱི་ཐུགས་རྗེ་དུས་ལས་ཡོལ་བ་མེད་པའི་བྱིན་མཐུ་ལས་རང་ཅག་རྣམས་དུས་རྟག་དུ་འདི་མུར་སྡོད་མ་དགོས་པའི་འགྱུར་བ་ཞིག་ཡོང་རྒྱུ་ཐེ་ཚོམ་ མེད།

འདས་པའི་དུས་རབས་ལ་ཕྱི་མིག་གཅིག་བལྟས་ན་བསྒྱུར་བཅོས་དེ་ཙམ་མ་ཕྱིན་པའི་བོད་ཀྱི་སྤྱི་ཚོགས་དང་སྲིད་དོན་གྱི་ལམ་ལུགས་ལ་སྐྱོན་ཆ་ཡོད་ལ།  ལེགས་པའི་ཆ་ཡང་མང་པོ་ཡོད།  མ་འོངས་པའི་བོད་ཀྱི་མདུན་ལམ་གསལ་པོ་སྟོན་ཆེད་ང་ཚོས་བཙན་བྱོལ་སྤྱི་ཚོགས་ལ་སྤྱི་སྲོལ་དང་མཐུན་པའི་བཅའ་ཁྲིམས་གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་ནང་སེར་སྐྱ་དང་། ཕོ་མོ། སྐད་ཡིག ཆོས་ལུགས།  སྤྱི་ཚོགས་ཀྱི་འབྱུང་ཁུངས། རིགས་རྒྱུད། དབུལ་ཕྱུག  དབུས་མཐའ་སོགས་གནས་སྟངས་གང་ཅི་དབྱེ་བ་མེད་པར་མི་ཚང་མ་འདྲ་མཉམ་ཡིན་པ་དང་། མི་སོ་སོའི་བསམ་བློ་དང་རྣམ་དཔྱོད། ཆོས་ལུགས། ལུས་སྲོག འོས་བསྡུ། སྨྲ་བརྗོད་བཅས་ཀྱི་རང་དབང་ཐོབ་ཐང་རྣམས་ཀྱང་གསལ་པོར་འཁོད་ཡོད་པ་དང་། མི་མང་ནས་རང་དབང་དང་། འདོད་མོས་ཀྱི་ཐབས་ཤེས་སྤྱད་དེ་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་འགྲོ་བའི་མང་གཙོའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་གསར་གཏོད་གཏན་འབེབས་བྱས་ཡོད།

མང་གཙོའི་ལམ་སྲོལ་ནི་དེང་གི་དུས་དང་མཐུན་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་དང་ཡང་མཐུན་གྱི་ཡོད། འཛམ་གླིང་འདིའི་ཐོག་ལམ་ལུགས་མི་འདྲ་བ་མང་པོ་ཡོད་པའི་ནང་སྐྱོན་ཆ་རྩ་བ་ནས་མེད་པའི་ལམ་ལུགས་ཤིག་མེད། ཡིན་ཡང་། བབས་ལྷིང་བརྟན་གསུམ་དང་། མང་ཚོགས་ཀྱི་ཐེ་བྱུས་བྱེད་ཆོག་པ་བཅས་ཀྱི་ཐོག་ནས་ཐབས་ལམ་བཟང་ཤོས་དེ་མང་གཙོའི་ལམ་སྲོལ་ཡིན་པ་རེད། མ་འོངས་པའི་བོད་གསར་པ་དེ་མང་གཙོ་མཚན་ཉིད་ཚང་བ་ཞིག་ཡོང་བའི་དམིགས་ཡུལ་བཟུང་ སྟེ་ང་ཚོས་བཙན་བྱོལ་དུ་སྡོད་རིང་མང་གཙོའི་ལམ་ལུགས་སྒོ་གང་ས་ནས་ལག་ལེན་བསྟར་ཏེ་ཉམས་མྱོང་བསགས་པ་དང་གསོག་བཞིན་ཡོད།

མང་གཙོ་ལ་གོ་བ་ལོག་སྒྲུབ་བྱས་ནས་མགོ་མཇུག་གང་ཡང་མེད་པ་བྱས་ན་གཏན་ནས་མི་ འགྲིགས།  མང་གཙོ་ནི་མགོ་མཇུག་གང་ཡང་མེད་པ་དང་རང་སྣང་གང་དྲན་བྱེད་ཆོག་པའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་གཏན་ནས་མིན། དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཡོད་རིགས་ཕུད།  དེ་མིན་རྒྱ་ཆེའི་མི་མང་མང་ཚོགས་ཀྱི་དགོས་འདུན་དང་བསམ་འཆར་གཙོ་བོར་འཛིན་ དགོས་པའི་སྤྱི་མོས་ཀྱི་ལུགས་སྲོལ་ལ་མང་གཙོ་ཟེར་བ་ཡིན།

མང་གཙོའི་ཐོབ་ཐང་དང་རང་དབང་འདྲ་མཉམ་གྱི་སྒོ་ནས་བེད་སྤྱོད་བྱེད་པ་ལ་གཞི་ རྩའི་མང་གཙོའི་ངོ་བོ་གསལ་པོ་ཤེས་པའི་སྒོ་ནས་རང་འཁྲིའི་འོས་འགན་ཁག་ཚུལ་བཞིན་བསྒྲུབ་དགོས།  སོ་སོས་ལས་འགན་གང་ཡང་སྒྲུབ་མི་དགོས་པར།  མང་གཙོའི་ཐོབ་ཐང་ཧམ་རྩོད་བྱེད་པ་ནི་རྨོངས་རྟགས་རྒྱུགས་སྤྲོད་བྱས་པ་རེད།  མང་གཙོའི་ཐོབ་ཐང་ཧམ་རྩོད་བྱེད་པ་ནི་རྨོངས་རྟགས་རྒྱུགས་སྤྲོད་བྱས་པ་རེད།  མང་གཙོ་ལག་ལེན་ཞིག་ཡོང་བར་མི་མང་ལ་ཤེས་ཡོན་མ་བྱུང་ཐབས་མེད་ཡིན། ཤེས་ཡོན་མེད་ན་སྐབས་འཚོལ་བ་འགའི་བེད་སྤྱོད་བྱེད་ཡུལ་བླུན་པོ་ཆུ་སྣ་གང་འཁྲིད་ལྟར་ཡོང་བའི་ཉེན་ཁ་ཡོད།

ལས་ཀྱི་སྣེ་ལ་ཡོད་པ་ཚོས་མང་གཙོ་ལག་ལེན་དོན་འཁེལ་ཡོང་ཐབས་སུ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས། འགའ་རེས་རང་ཉིད་འདོད་ན་ལས་དོན་བྱས། མ་འདོད་ན་ཉིན་འགྱངས་ཞག་འགྱངས་ཁུར་ལེན་མ་བྱས་པ་དང་། གལ་ཏེ་འབྲེལ་ཡོད་ལས་བྱེད་པས་དེ་ལྟར་ལས་དོན་མ་བསྒྲུབ་ན་ལས་བྱེད་པ་ཞེས་པའི་བདག་སྒྲ་དེ་ཐོབ་མི་ཐུབ།  ང་ཚོའི་མང་གཙོའི་སྒྲིག་འཛུགས་འདི་ནི་འདི་ཕྱི་གཉིས་ཡོད་དང་ཡ་རབས་ལུགས་བཟང་གི་སྒྲིག་འཛུགས་ཚུལ་དང་མཐུན་པ་ཞིག་ཡོན། ཡར་རྒྱས་ལ་མཐའ་མེད་པས་ང་ཚོས་ནམ་ཡང་ཆོག་ཤེས་བྱེད་མི་རུང་། མིག་དཔེ་ཡར་བལྟ་བྱེད་དགོས་པ་ལས་ཐུར་བལྟས་བྱེད་ན་མི་འགྲིགས། དེ་ལུགས་ལས་བྱེད་པ་ཚོས་རང་རང་ངོ་སྐལ་གྱི་ལས་དོན་ལ་ཞེ་ཐག་པ་ནས་ཧུར་བརྩོན་ཆེར་བསྐྱེད་བྱེད་པ་དང་ལས་དོན་ཁག་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་རྒྱུ་གནད་ཀྱི་སྙིང་པོ་ཡིན།

________________________________________
<<བཀའ་སློབ་སྙིང་གི་ནོར་བུ།>>ལས་བཤུས།    ཡོང་ཁུངས་རྒྱལ་བ་རིན་པོ་ཆེའི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading