རིག་གནས་སློབ་གསོ་དང་རིག་གཞུང་གོང་འཕེལ་ཐད།

བོད་ལྗོངས་ནི་མི་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་ལ།བོད་ཀྱི་སྐད་ཡིག་ངེས་པར་དུ་གཙོ་བོར་སྦྱོང་དགོས་པ་དང་། དེ་བཞིན་དུ་རྒྱའི་སྐད་ཡིག་སྦྱངས་ཏེ། བོད་མི་རྣམས་ཀྱིས་ཐད་ཀར་རྒྱ་ཡིག་ཐོག་ནས་གསར་བརྗེའི་གཞུང་ལུགས་སོགས་ཡིག་ཆ་མང་པོ་ལྟ་ཀློག་དང་སློབ་བྱེད་བདེའི་ཆེད། བོད་རྒྱ་ཕན་ཚུན་ཕྱོགས་གཉིས་པོས་སྐད་ཡིག་ཐོག་ནས་གོ་ཤེས་མི་ཐུབ་པའི་དཀའ་ངལ་སེལ་རྒྱུ་ནི་གལ་ཆེན་པོ་རེད། ད་ལྟ་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད། འོན་ཀྱང་ཀྲུང་དབྱང་ནས་ས་གནས་བར་གྱི་སློབ་གྲྭ་ཁག་དང་། ལས་ཁུངས། རྩོམ་བསྒྱུར་སྡེ་ཚན་ནང་རང་ཉིད་མཁས་རློམས་ཀྱིས་ང་ཚོའི་བོད་ཡིག་ལ་གང་བྱུང་དུ་ལེགས་ཉེས་དབྱེ་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་ག ཡར་ཏེ། བོད་ཡིག་སྐད་ཡིག་ཞན་གྲས་ཡིན་པ་དང་། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱིན་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བ་ནི་དོན་དངོས་ཡིན་ཀྱང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་འདང་ངེས་ཀྱི་ཐ་སྙད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་། རྗེས་སུའང་མཐོང་དཀོན་པ་ཞིག་རེད། དེའི་ཕྱིར་ཚང་མས་སོ་སོའི་སྐད་ཡིག་མཆོག་འཛིན་གྱི་ཁེངས་སེམས་དོར་ནས། སྐད་ཡིག་གཞན་ལ་དཔྱད་ཞིབ་དང་ལེགས་ཆ་བསྡུས་ཏེ་རང་ཉིད་ཀྱི་སྐད་ཡིག་འཕེལརྒྱས་བཏང་ཐོག་དེ་འཐུས་ཚང་ཕན་ནུས་ལྡན་པ་ཞིག་དང་། དགོས་མཁོ་སྐོང་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི་དོན་དམ་དུ་བྱེད་དགོས་ངེས་ཤིག་རེད། གལ་སྲིད་མིང་ཚིག་གིས་མི་འདང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་ཀྱང་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་པས་ཚིག་དོན་བརྡ་སྤྲོད་དང་གོ་བདེ་དོན་ཟབ་ཡོང་དཀའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་།
བོད་ལྗོངས་བཅིངས་གྲོལ་བཏང་རྗེས་དང་ལྷག་པར་དུ་ཕྱི་ལོ་ ༡༩༥༨ ལོར་ནས་བཟུང་། ཏང་གི་ཐུགས་ཁུར་འོག རིག་གནས་སློབ་གསོ་འཕེལ་རྒྱས་ཧ་ཅང་ཆེན་པོར་ཕྱིན་པ་དང་། ཡིག་རྨོངས་ཀྱི་ཞྭ་མོ་ཕུད་དེ། སྟབས་བདེའི་ཕྲིན་ཡིག་སོགས་འབྲི་ཀློག་ཐུབ་མཁན་སྔོན་ལས་ལྡབ་འཕར་གྱིས་མང་དུ་སོང་ཡོད་པ་དང་། བོད་ཡིག་ཤེས་མཁན་ཆེས་ཆེར་འཕར་སྣོན་སོང་ཡོད་པར་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དུའང་དོན་སྙིང་ལྡན་པའི་ནུས་པ་ཞིག་འདོན་གྱིན་ཡོད། འདི་ནི་ཚང་མས་དགའ་མོས་བྱེད་འོས་པའི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས། བོད་ཡིག་ནང་གི་སྔར་ཡོད་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་ཉམས་ཞན་དུ་ཕྱིན་ཏེ་ཚིག་ཉོག་ཆེས་ཆེར་མང་དུ་སོང་བའི་རྐྱེན་གྱིས། བོད་ཡིག་གི་ཁྱད་འཕགས་རང་བཞིན་དེ་རིམ་བཞིན་ཡལ་འགྲོ་གི་ཡོད། རྒྱུ་མཚན་ནི་བོད་རིགས་ཀྱི་ས་ཁུལ་ཁག་རྒྱ་ཁྱོན་ཧ་ཅང་ཆེ་བ་དང་། མི་འབོར་ཆེས་ཉུང་བའི་དམིགས་བསལ་ཁྱད་ཆོས་འོག་ཐུན་མོང་དུ་སྤྱོད་པའི་ཁ་སྐད་ཅིག་མེད་པ་དང་ཡུལ་སྐད་བར་ཁྱད་པར་ཆེ་བས། ཕན་ཚུན་གོ་དཀའ་བ་ཞིག་ཡིན་མོད། ཚང་མ་ཐུན་མོང་དུ་སྤྱོད་པའི་ཡིག་ཞིག་གིས་གཅིག་གྱུར་བྱས་ཡོད། འདི་ནི་བོད་ཡིག་ལ་གཅིག་གྱུར་གྱི་དག་ཡིག་ཅིག་དང་། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་ཅིག་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང་། ཨ་མདོ། མངའ་རིས། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས་བཅས་དང་། ཐ་ན་སོག་ཡུལ་སོགས་མི་རིགས་གཞན་དག་ཁྲོད་ཀྱི་བོད་ཡིག་ཤེས་མཁན་གྱིས་ཀྱང་ནང་འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས། སོག་ཡུལ་སོགས་ས་ཁུལ་ནས་བྲིས་པའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་དོན་ཆ་ཚང་རྟོགས་ཐུབ། དེར་བརྟེན་བོད་ཡིག་ནི་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཡིག་རིགས་ལེགས་པོ་ཞིག་ཡིན།
འོན་ཀྱང་ཉེ་བའི་ལོ་ཤས་རིང་བོད་ཡིག་ལ་རིགས་གནས་གསར་བརྗེ་དང་། ཡིག་རིགས་ཚང་མ་ཁ་སྐད་ཅན་དུ་བསྒྱུརབ་སྤེལ་བའི་འོག བོད་ཡིག་ཤེས་ཚད་ཞན་ལ་ང་རྒྱལ་རི་ལྟར་མཐོ་ཞིང་། ངོ་དགའ་སྤྲེལ་ལད་ཁྲབ་མཁན་ཚོས་ང་ཚོའི་བོད་ཡིག་གི་བྱེད་པོ་ཐུ་མིས་གསར་བཏོད་མཛད་པའི་བོད་ཡིག་གི་ཕྱི་མོ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ། དེ་བཞིན་ལོ་རྒྱུས་ཐོག་མཁས་པ་ཚོས་བརྩམས་པའི་དག་ཡིག་དང་། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་རྣམས་ལ་བྱུང་རྒྱལ་དུ། དེ་དག་ནི་མི་འགྲིག་པ་དང་། འཐུས་ཚང་མེད་ལུགས་བརྗོད་ནས་རང་སྣང་གང་ཤར་དང་རང་ཉིད་མཁས་རློམས་ཀྱིས་བོད་ཡིག་ལ་བསྒྱུར་བཅོས་བཏང་ཏེ། གོ་བདེ་ལ་དོན་ཟབ་པའི་བརྡ་སྤྲོད་ཀྱི་ནུས་པ་དེ་མེད་པར་སོང་ཡོད། དེར་མ་ཟད། ཀྲུང་དབྱང་དང་བོད་ལྗོངས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐད་དེ་བོད་ཀྱི་སྤྱི་སྐད་དུ་བརྩིས་ནས་དག་ཡིག་དང་མི་མཐུན་པའི་ཁ་སྐད་རྣམས་རང་འདོད་ལྟར་ཡིག་ཐོག་ཏུ་བྲིས་ཡོད། དེ་བས་ཡིག་ཆ་དེ་དག་ནི་ལྷ་སའི་ཡུལ་སྐད་ཤེས་མཁན་མ་གཏོགས་མི་གཞན་པས་ནང་དོན་ཆ་ཚང་བ་རྟོགས་མི་ཐུབ། དེ་མཚུངས་སུ་མཚོ་སྔོན་དང་། ཀན་སུའུ། སི་ཁྲིན། ཡུན་ནན་སོགས་ས་ཁུལ་གྱི་བོད་ཡིག་དགེ་རྒན་དང་། དྲུང་ཡིག་ཚོས་རང་རང་སོ་སོའི་ཡུལ་སྐད་དེ་སྤྱི་སྐད་དུ་བརྩིས་ཏེ་ཡིག་ཐོག་དུ་བྲིས་པར་བརྟེན། ཡུལ་སྐད་དེ་རིགས་སྤྱོད་ཡུལ་ལས་གཞན་གྱི་མི་ཚོས་བརྗོད་དོན་ཐ་ཚང་ཞིག་རྟོགས་དཀའ། འདི་ལྟར་བོད་ཡིག་གི་གཅིག་གྱུར་གྱི་རང་བཞིན་ཡང་བརླགས་པ་རེད། ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་དེ་ཤུལ་དུ་བཞགས་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་འགྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ་རྒྱུ་མཚན་མེད་པར་ཞིག་རེད།
གོང་གསལ་རྒྱུ་རྐྱེན་སྣ་ཚོགས་རྐྱེན་པས་དེ་སྔ་བོད་ཡིག་ལ་ལྡན་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ཁྱད་འཕགས་ཀྱི་རང་བཞིན་རྣམས་ཉིན་རེ་བཞིན་ཇེ་ཞན་དུ་ཕྱིན་པ་དང་། ཡི་གེ་ཤེས་མཁན་ཚོའམ་ཚིག་དོན་རྒྱུས་ལོན་ཐད་ཡིག་རྨོངས་སུ་འགྱུར་བཞིན་ཡོད། འདི་ནི་བོད་རིགས་ཀྱི་གྱོང་གུད་ཞིག་ཡིན་པ་མ་ཟད་མེས་རྒྱལ་རིག་གནས་ཀྱི་གྱོང་གུད་ཞིག་ཀྱང་རེད། ད་ལྟའི་བོད་ཡིག་གི་གནས་སྟངས་ནི། ཐོབ་འོས་པའི་ཆབ་སྲིད་ཀྱི་གོ་གནས་ཤིག་མེད་པ་དང་། བོད་ཡིག་འཕེལ་རྒྱས་གཏོང་རྒྱུར་ཐབས་ཤེས་འོས་འཚམ་མེད་པའི་ཉེར་ལེན་ལས་བོད་རིགས་གཞོན་ནུ་མང་ཆེ་བས་བོད་ཡིག་རོབ་ཙམ་ཤེས་ཐབས་བྱེད་པ་ལ་མཐར་ཕྱིན་པའི་སྒོ་ནས་སྦྱོང་འདོད་མེད་པ་དང་། འགོ་ཁྲིད་ཀྱིས་ཀྱང་དེའི་ཐད་དོ་སྣང་མི་བྱེད་པ་སོགས་ཀྱི་རྐྱེན་པས། བོད་ཡིག་གི་མདུན་ལམ་ཐོག་ཉེན་ཁ་ཞིག་དང་། བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ཆག་སྒོའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་དོ །།

ཡོང་ཁུངས་དྲ་གནས་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading