ཁྲི་སེམས་དཔའ།
ཞོགས་པ་ནས་ས་སྲོད་བར་དུ།
རང་ལ་མི་དབང་བའི་སེམས་པ་འདི།
རླུང་གིས་བུས་པའི་རྐྱལ་བ་བཞིན།
ཡང་ཡང་སྦོས་ཤིང་ཡང་ཡང་ཞུ།
གནམ་གཤིས་ཀྱི་དྲོ་གྲང་ཙམ་ནི་ཕྱི་རུ་བཀག་ཅིང་ཆོག
ཡང་ན་ནང་དུ་བསུས་ཀྱང་ཆོག
ཚོར་བ་འཁྲིགས་པའི་དུས་སྐབས་འདི་འདྲ་ལ།
སྟོན་ལོ་ལྟར་ལྗོན་རྩེ་ནས་བྲུལ་བ་དེ།
ལུས་པོ་བདག་གིར་འཛིན་པའི་བསམ་གཞིག་གི་ཁ་དོག་ཡིན།
ཚོར་བ་ཚོར་བ་ཟེར་བ་དེ།
ལྷོག་ལྷོག་ཏུ་གདུ་བའི་ནང་སེམས་ཀྱི་འགྱུ་བག་རྒོད་པོ་དེ་ཡིན་ཆོག་ལ།
ཁུ་སིམ་གྱི་ཀློང་དུ་ཁུ་སིམ་དུ་ལུས་པའི་སྟོང་འདང་རིང་མོ་དེ་ཡིན་ཀྱང་ཆོག
བདེ་ལ་དགོད་ཐབས་བྲལ་བའི་སྙིང་ཆུང་གི་འཕར་ལྡིང་འདི།
ཞགས་པས་ཟིན་ཐབས་བྲལ་བའི་རྟ་མཆོག་བཞིན།
རྟོགས་བཏགས་ཀྱི་ཞིང་ཁམས་སུ་བང་གིས་རྒྱུག
ཚོར་བ་འཁྲིགས་པའི་སྐབས་སུ།
རྨི་ལམ་འཇམ་པོ་ཞིག་ལ་སེམས་པ་གླན་པའི་རེ་བ་ཕྲན་བུ་ཡང་།
སྐད་ཅིག་ཙམ་ཡང་མི་སྡོད་བར་མེད་འཁྲིགས་པའི་ཚོར་བས་དབང་དུ་སྡུད་པས།
མཐོང་ལམ་གྱི་ཡོད་ཚད་དེ་འདྲའི་དོན་སྙིང་གིས་སྟོང་ཞིང་།
དེ་འདྲའི་དོན་སྙིང་གིས་སྟོང་བའི་ཁྲོད་ནས་ཁོ་བོའི་མིག་ལ་བཙངས་འོངས།
ཨ་ཁ་ཁ། ཚོར་བ་འཁྲིགས་པའི་སྐབས་སུ།
ངའི་འཇིག་རྟེན་གྱི་ཉི་འོད་སྣོག་མཁན་དེ་སུ་ཞིག་ཡིན་ནམ།
སྤྲིན་པའི་འཕྱོ་འཇགས་ནི་རང་བྱུང་གི་སྣང་བ་རེད།
ཁ་ཆར་འཇོ་བ་ཡང་གནམ་རྒན་མའི་རྩེད་མཚར་རེད།
ཡིན་ཀྱང་། ཡིན་ཀྱང་།
ཚོར་བ་འདི། སྤྲིན་བཞིན་འཇགས་དུས།
ཚོར་བ་འདི། ཆར་བཞིན་འགྲམས་དུས།
སྣང་བའི་རྒྱལ་ཁམས་ཉུལ་བའི་ན་ཚོད་ལ་སེར་ཤ་བབས་ཤིང་།
དྲན་པ་མག་མོག་གི་གསེང་དུ་བརྐོས་པའི་རྐང་རྗེས་ཐར་ཐོར་དེ་ཚོ་ཡང་།
ད་ནི་མག་མོག་གི་དྲན་པའི་གསེང་དུ་རླུང་གིས་གཅོལ་སོང་།
ཚོར་བ་འཁྲིགས་པའི་དུས་སྐབས་འདི་འདྲ་ལ།
ང་ཁེར་རྐྱང་དུ་བསྡད་དེ།
ཞེད་སྣང་ཡོད་ཚད་ཁོག་ལ་མིད།
སྣང་བ་ཡོད་ཚད་རུམ་ལ་བཅུག
ངས་ཁུ་སིམ་མེར།
རང་གི་སྙིང་ཆུང་གི་འཕར་སྒྲར་མཉན་པ་ཡིན།
2014/8/20 ༢༠༡༤། ༨ ། ༢༠
ངེད་དྲ་ཚིགས།