འཕགས་བོད་ཀྱི་འབྲེལ་བ་དང། གཉིས་ཕན་གྱི་བདེ་སྐྱིད།

 འཕགས་བོད་ཀྱི་འབྲེལ་བ་དང། གཉིས་ཕན་གྱི་བདེ་སྐྱིད།

དེ་ནས་རྒྱ་གར་ཡུལ་མི་ཚོར་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཡིན། མི་བྱེ་བྲག་པ་མི་རེ་ངོ་རེའི་ཆ་ནས་བོད་མིར་མཐོང་ཆུང་ཁྱད་གསོད་བྱེད་མཁན་ངེས་པར་ཡོང་གི་རེད་དེ། རྩ་བ་ནི་ང་ཚོ་རྒྱ་གར་འཕགས་པའི་ཡུལ་ཞེས་འབོད་པ་ལྟར། བོད་མི་དགེ་ཕྲུག་དང༌། རྒྱ་གར་ང་ཚོའི་དགེ་རྒན་ལྟ་བུ་ཡིན། བསམ་བློ་བཏང་ན། རྒྱ་གར་འཕགས་པའི་ཡུལ་དུ་བཅོམ་ལྡན་འདས་བྱུང་མེད་ན། ང་ཚོའི་བོད་ད་དུང་མུན་པའི་གླིང་དུ་སྡོད་ཀྱི་རེད། ང་ཚོ་མགོ་བཏེགས་བཏེགས་འདི་བྱེད་མི་ཐུབ།
དེ་བཞིན་རྒྱ་གར་རང་དབང་གི་ཡུལ་འདི་བོད་དང་ལོ་སྟོང་ཕྲག་རིང་གི་འབྲེལ་བ་ཡོད་པའི་ཉེར་ལེན་གྱིས་ང་ཚོ་བཙན་བྱོལ་བར་གྱར་ཏེ་མི་ཡུལ་དུ་སླེབས་པའི་ཚེ་ཁྱིམ་མཚེས་རྒྱལ་ཁབ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་གྱིས་ང་ཚོར་བདག་སྤྲོད་དང༌། གཅེས་སྐྱོང་བྱེད་པ་འདི་དག་བཀའ་དྲིན་ཆེན་པོ་རེད། བོད་མི་ཚང་མས་མིས་ཚུར་བྱེད་སྟངས་བཟང་ངན་ལ་མ་ལྟོས་པར་ང་རང་ཚོའི་ཕར་བྱེད་སྟངས་ཀྱི་ཐད་ལ། བོད་མི་ཚོ་ཚུལ་མཐུན་སྙོམ་ཆུང་ལེགས་པོ་འདུག་ཟེར་རྒྱུའི་མཐོང་ཚུལ་ཡོད་པ་ཞིག་ངེས་པར་དགོས་ཀྱི་རེད། དེས་ཕྱོགས་གཅིག་ནས་འཕྲལ་སེལ་ལའང་དགོས་པ་ཡོད་ཅིང༌། ཕུགས་རྒྱང་རིང་པོའི་ཆ་ནས་ཀྱང་དགོས་པ་ཆེན་པོ་ཡོད།
ཚང་མས་ཤེས་གསལ་ལྟར། ངས་གནས་ཚུལ་ཕྲན་བུ་བརྗོད་ན། ང་ཚོ་བོད་ཀྱི་བདེ་སྐྱིད་དང༌། རྒྱ་གར་གྱི་བདེ་སྐྱིད་གཉིས་མགོ་མཇིང་སྦྲེལ་ནས་བསྡད་ཡོད། རྒྱ་གར་འདི་ལོ་ཉིས་བརྒྱ་ལྷག་གི་རིང་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་ཏུ་ཚུད་ནས་སྟོབས་ཤུགས་ཆེན་པོ་རྒྱས་མ་ཐུབ་པ་དང་ ༡༩༤༧ ལོ་གཞི་ནས་རང་བཙན་བྱུང་སྟེ་ཡུན་རིང་མ་སོང་བའི་མུར་ ༡༩༤༩ ནས་ ༥༠ བོད་དུ་རྐྱེན་ངན་བྱུང་ནས་བོད་ཕུང་པ་རེད། དེ་དག་གཙོ་ཆེ་ཤོས་བོད་པ་རང་གིས་ལན་ཡོད་ཀྱང༌། རྒྱ་གར་དཔུང་སྟོབས་ཞན་པའི་རྐྱེན་གྱིས་ཀྱང་ཉེར་ལེན་བྱས་ཡོད་པ་རེད།
བོད་ལ་ ༡༩༤༡ ནས་བཟུང་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ནས་ད་ལྟའི་ཆར་རྒྱ་གར་ལ་ཡང་འདི་འདྲའི་ཉེན་ཁ་ཆེན་པོ་ཆགས་ཡོད། རྒྱ་གར་གྱི་འབྲས་ཞིང་ཚོའི་ནང་དཀའ་སྡུག་ཆེན་པོ་སྤྱད། ཉིན་རེ་ཨ་ན་འགའ་ཤས་ཀྱིས་རང་གི་གྲོད་པ་བརྒྱངས་ནས་སྡོད་མཁན་ཚོས་དཀའ་ལས་བརྒྱབ་ནས་བསགས་པ་དེ་ད་ཆ་རྒྱ་གར་བྱང་རྒྱུད་ས་མཚམས་སུ་འགྲོ་སོང་སྒོར་ས་ཡ་མང་པོ་འགྲོ་གི་ཡོད། བོད་ལ་བདེ་སྐྱིད་དང༌། རང་དབང་ཞིག་ཡོད་ན་རྒྱ་གར་གྱི་བྱང་རྒྱུད་ལ་དམག་མི་དགོས་དོན་མེད་ལ། འགྲོ་སོང་གཏོང་དགོས་དོན་མེད། ད་ཆ་བོད་ཀྱི་རང་དབང་ཉམས་པ་དེས་རྒྱ་གར་རང་གི་དོན་ལ་ཧ་ཅང་གནོད་རྐྱེན་ཆེན་པོར་གྱུར་ཡོད། དེར་བརྟེན་བོད་དང༌། རྒྱ་གར་གྱི་བདེ་སྐྱིད་ལ་འབྲེལ་བ་ཆེན་པོ་ཡོད།
འདས་པའི་ལོ་རྒྱུས་ལ་མཚོན་ན། རྒྱ་གར་དཔུང་སྟོབས་ཆུང་བའི་རྐྱེན་གྱིས་བོད་ཕུངས། བོད་ཕུངས་པ་དེས་རྒྱ་གར་ལ་གནོད་པ། དེ་བཞིན་དུ་ཕྱིན་ཆད་བོད་ཡུལ་ལེགས་པོ་བྱུང་ན་རྒྱ་གར་དུ་སྐྱིད་པོ་ཡོང་ངེས་ཡིན། གནས་ལུགས་དེ་རྒྱ་གར་གཞུང་དང༌། རྒྱ་གར་མི་མང་གིས་གསལ་པོ་ཤེས་ཀྱི་ཡོད་པ་རེད། རྒྱ་གར་བ་རྣམས་བཅོམ་ལྡན་འདས་འཁྲུངས་ཡུལ་གྱི་མི་ཤེས་ལྡན་ཞིག་ཡིན་པས་ངེས་པར་བོད་ལ་ཕན་པའི་བསམ་བློ་གཏོང་རྒྱུ་ཡིན་པར་ངས་ཐག་གཅོད་ཐུབ་པ་ཡིན།
དེ་སྔ་རྒྱ་གར་དཔོན་རིགས་འགའ་རེའི་བསམ་ཚུལ་དུ་འཛམ་གླིང་ཤར་ཕྱོགས་སུ་སྟོབས་ཤུགས་ཆེ་ཤོས་རྒྱ་ནག་དང༌། རྒྱ་གར་ཡིན། དེ་གཉིས་སྤྱི་ཚོགས་ཀྱི་འགྲོ་སྟངས་ཐ་དད་ཡིན་ཀྱང༌། རྩ་དོན་ལྔ་གཞིར་བཞག་གི་ལག་པ་སྦྲེལ་ཐུབ་ན། ནུབ་ཕྱོགས་རྒྱལ་ཁབ་ལ་མགོ་རྒྱུག་ཅིག་གཞུ་ཐུབ་པའི་རེ་བ་བྱས་ཀྱང་ད་ཆ་དེ་ལྟར་མ་བྱུང༌། ༡༩༦༢ ལོའི་གནས་ཚུལ་དེས་འཆར་གཞི་ཚང་མ་འཁྲུགས་པ་རེད། དེ་འདྲའི་བསམ་ཚུལ་ཕྲན་བུ་ཡོད་མཁན་ཚོ་ཡང་ད་ཆ་ཀླད་པ་གཙང་མར་བཀྲུས་ཏེ་ད་ཆ་བོད་ལ་བདེ་སྐྱིད་མ་བྱུང་ན་རྒྱ་གར་ལ་བདེ་སྐྱིད་མི་ཡོང་བར་ཁ་གཅིག་གྲགས་ལྟ་བུར་གྱུར་ཡོད། རྒྱ་གར་གྱི་བདེ་སྐྱིད་དེ་བོད་ཀྱི་བདེ་སྐྱིད་ལ་འབྲེལ་བ་ཡོད་སྟབས། བོད་ཀྱི་བདེ་སྐྱིད་དེས་བོད་མི་སྨོས་ཅི། རྒྱ་གར་ལ་ཡང་ཕན་གྱི་ཡོད་པ་རེད།
ངས་ཐག་གཅོད་མི་ཐུབ་ཀྱང་ང་རང་གི་བསམ་ཚོད་བྱས་ན། ང་ཚོའི་བསྒྲུབ་བྱ་ནི་བོད་ཀྱི་རང་དབང་ཡིན། ད་ཆ་རྒྱ་གར་གྱིས་ཀྱང་བོད་རང་དབང་ཡོང་བའི་ལམ་གཅིག་གི་ཐོག་ཏུ་རིམ་པས་ཡོང་གི་མེད་དམ་སྙམ། དེ་ནི་བསམ་བློའི་ཚོད་དཔག་ཙམ་ལས་རྒྱ་གར་གཞུང་གི་བསམ་ཚུལ་འདི་རེད་ཅེས་ངས་བརྗོད་པ་མིན་པས་དེ་འདྲར་ངོས་འཛིན་བྱས་ན་མི་འགྲིགས། ད་དུང་ ༡༩༦༥ ནས་ ༦༦ ཙམ་བར་སྒུག་ན་རིམ་བཞིན་གསལ་པོ་ཡོང་ཤས་ཆེ། དེར་བརྟེན་མ་འོངས་པའི་ཆར་བོད་ཀྱི་རང་དབང་ཡོང་བར་གཙོ་ཆེ་ཤོས་བོད་མི་རང་གིས་འབད་བརྩོན་བྱེད་དགོས་ཀྱང༌། ཕྱིའི་རྐྱེན་བཟང་ཤོས་རྒྱ་གར་ལ་ཐུག་པ་ལྟ་བུ་ཡོད། འགའ་ཤས་ཀྱི་བསམ་པར་ང་ཚོར་ཨ་རི་ནས་སྐྱོབ་གསོ་མང་པོ་བཏང་ཡོད་པས་ཨ་རིས་བོད་རང་བཙན་སྤྲོད་ཐུབ་མི་ཡོང་ངམ་བསམ་ན་ཨ་རིས་སྤྲོད་མི་ཐུབ། གལ་ཆེ་ཤོས་རྒྱ་གར་རང་ལ་ཐུག་ཡོད།
དེར་བརྟེན་རྒྱ་གར་གྱི་མི་ཤེས་ལྡན་ཡ་རབས་ཚོས་ང་ཚོ་བོད་མིར་ཞེ་ཐག་པ་ནས་དགའ་པོ་བྱས་ཏེ་ང་ཚོ་བུ་སྤུན་ཡིན་ཟེར་གྱི་ཡོད་པ་རེད། ཤ་མདོག་དང༌། བཟོ་དབྱིབས་ནས་བུ་སྤུན་མི་འདྲ་ཡང༌། ལོ་རྒྱུས་ཀྱི་གནས་ལུགས་ལ་གཞིགས་ན་ང་ཚོ་ངོ་ཐོག་ལྟ་བུ་སྤུན་ཡིན། ང་ཚོས་རྒྱ་གར་ལ་མཐུན་འབྲེལ་གང་གཟབ་བྱེད་དགོས། ལས་བྱེད་པའི་ཆ་ནས་བྱས་ན། ང་ཚོ་དྷ་རམ་ས་ལར་ལུང་ཁུག་གྲོང་གསེབ་གཟི་བརྗིད་གང་ཡང་མེད་ཀྱང༌། དྷ་རམ་ས་ལ་དང༌། ལྡི་ལིར་འབྲེལ་བ་མི་དམན་ཙམ་ཡོད་ཅིང༌། རྒྱ་ཆེའི་མི་མང་ནས་ཀྱང་འབྲེལ་བ་ལེགས་པོ་ཞིག་བྱ་རྒྱུ་གལ་ཆེན་པོ་འདུག དེ་ནི་སྒེར་པ་གཅིག་གི་དོན་དུ་བརྗོད་པ་མ་ཡིན། བོད་སྤྱིའི་དོན་དུ་རྒྱ་གར་དང་འབྲེལ་བ་ལེགས་པོ་དགོས་གལ་ཆེན་པོ་རེད་ཅེས་བརྗོད་པ་ཡིན་པས་ཡུལ་མི་རྒྱ་གར་བ་རླུང་ལང་མདོག་ཁ་པོ་ཚོར་མཐོང་ཆུང་ཁྱད་གསོད་མ་བྱས་པར་མཐུན་འབྲེལ་ལེགས་པོ་བྱེད་དགོས།

ཡོང་ཁུངས་དྲ་གནས་གཞན།

དཔྱད་མཆན་སྤེལ།

%d bloggers like this: