འོད་དཀར།

       འདས་པའི་ལོ་བརྒྱད་ལྷག་ལ་རིག་གཞུང་གྱི་ཚོགས་པ་ཁ་ཤེས་ཀྱི་སློབ་སྟོན་པའི་མིང་རྐམ་རེ་ཁུར་སྐབས་ཀྱི་ཉམས་མྱོང་ལས་འཕྲོས་ནས་བཙན་བྱོལ་གྱི་བོད་ཡིག་སློབ་གསོ་ལ་ཟུར་ལྟ་བྱེད་འདོད་བྱུང་།  སྤྱིར་ན་སློབ་གསོ་ཞེས་པ་ཡིན་གཅིག་ཤེས་ཡོན་པ་ཞིག་གི་རྣམས་དཔྱོད་ཁོ་ན་ལས་ཐོན་དགོས་པར་མཐོང་གི་མེད་ལ། དེ་ཡང་ཤེས་ཡོན་པའི་སློབ་གསོ་བྱ་ཡུལ་གྱི་གང་ཟག་དེ་ཉིད་ཀྱི་བསམ་བློ་དང་མཐུན་པར་སློབ་གསོ་གཏོང་མ་ཐུབ་ཚེ་དེ་ཡང་སློབ་གསོར་འདོད་ཀྱི་མེད།  དེའི་ཕྱིར་ང་ཚོས་བཅོམ་ལྡན་འདས་ལ་གང་ལ་གང་འདོད་དེ་ལ་དེར་སྟོན་པ་ཞེས་པའི་བསྟོད་ཚུལ་དེ་ནི་རྣམས་དཔྱོད་མངའ་བསྒྱུར་བའི་སྐྱེས་མཆོག་ཁོང་ལ་དོན་དངོས་ཀྱི་ཧར་གྱིས་འབབ་བཞིན་པའི་བདེ་དོན་གྱི་སྐད་དོན་ཇི་ལ་མིན།
སློབ་གསོ་ནི་བྱིས་པའི་སློབ་གསོ་དང་ན་གཞོན་གྱི་སློབ་གསོ་གཉིས་སུ་འབྱེད་ཆོག་ཀྱང་རྩ་བ་ནི་བྱིས་དུས་ཀྱི་སློབ་གསོ་ཡིན་པ་བརྗོད་ག་ལ་དགོས།  དེའི་ཕྱིར་གང་ཟང་སུ་འདྲ་ཞིག་ལ་མཚོན་ན་ཡང་བྱིས་པའི་སྐབས་ཀྱི་སློབ་གསོ་ནི་སེམས་སུ་ཡལ་མེད་པར་རྟགས་བརྟན་ལ་གནས་སྟེ་བག་ཆགས་གཟེབ་ཁོ་ནར་འཛུལ་ཐུབ་པར་དེང་དུས་ཀྱི་སེམས་ཁམས་སྨྲ་བ་དག་གིས་འདོལ་ཀྱི་ཡོད། དེ་ནི་བདེན་དེ་བྱིས་པའི་སྐབས་སུ་རིག་པ་གསལ་ཞིང་བག་ཆགས་འཇོག་བདེ་བར་ཡོད།  སྤྱིར་ན་མི་རྣམས་ལ་རང་གི་གཤིས་ཆོས་ཀྱི་ངང་རྒྱུད་མི་འདྲ་བ་སྣ་ཚོགས་ཡོད་པའི་དབང་གིས་དགེ་རྒན་གཅིག་གིས་དུས་གཅིག་ལ་བསྐྱངས་པའི་སློབ་བུ་གཉིས་ལ་མཚོན་ན་ཡང་ཕྱོགས་གང་ཐད་ནས་རང་ཉིད་ཀྱི་ནུས་པ་དང་ཞན་ཆ་མ་འདྲ་རེ་རེ་ཡོད་པ་ནི་གང་ཟག་རང་ཉིད་ཀྱི་གཤིས་རྒྱུད་ལ་ཧ་ཅང་རག་ལས་ཡོད་པར་འདོད། དེའི་ཕྱིར་མྱི་ཞིག་ལ་མཚོན་ན་སློབ་གསོ་གཅིག་ཁོ་ནས་བཟང་ཕྱོགས་ལ་བསྒྱུར་ཐུབ་འདོད་པ་ནི་ཁོ་བས་ཁེས་ལེན་དུ་མེད་ཐལ།  འོན་ཀྱང་ས་ཆུ་དྲོལ་གཤེར་འཛོམས་པའི་ཤིང་ལྡོང་ལ་ཡལ་འདབས་རྒྱུས་པར་ཐེ་ཙོམ་མེད་པ་ལྟར་རང་ཉིད་ཀྱི་གཤིས་རྒྱུད་བཟང་ཕྱོགས་ལ་བགོམས་པའི་མི་བུ་ཞིག་ལ་མཚོན་ན་སློབ་གཙོ་ནི་མདུན་བསྐྱོར་ཀྱི་འོད་སྣང་ཡིན་སྐད།  དེའི་ཕྱིར་སློབ་གསོ་གལ་ཆེན་ཡིན་པར་སྨྲར་དགོས་མེད།  འོ་ན་ང་ཚོས་བཙན་བྱོལ་མཚོན་ན་སྐབས་རེ་སློབ་གསོ་གལ་ཆེན་དང་གཙུག་ཆེན་དུ་མཐོང་གི་ཡོད་ན་སྙན་པའི་ཚོར་བ་འདི་ནི་ཁོ་བོས་སེམས་སུ་ཐེང་གཅིག་ཙམ་ག་ལ་ཡིན།  རྒྱལ་ཁབ་ཅིག་རྩོད་ལེན་ལ་མཚོན་ན་སློབ་གསོ་ནི་དམག་སྦྱོང་ཡིན།  དམག་སྦྱོང་འདི་ལས་ང་ཚོས་མ་འོངས་པའི་རྒྱལ་ཁ་ལེན་ཐུབ་པའི་གང་ཟག་གང་མང་རེ་བསྐྱེལ་སེང་བྱེད་པས་སྤོ་པ་དང་སྙིང་སྟོབས་བསྐྱེལ་དགོས། དགྱ་དམར་གྱི་དོན་དངོས་ཀྱི་ལོ་རྒྱུས་ཁུངས་མེད་པར་འཁྱོགས་བརྗོད་ཁོ་ནས་སློབ་གསོའི་ཐབས་ལམ་ལ་བརྟེན་ནས་རང་མི་རིགས་མགོ་སྐོར་ལ་ཚུལ་ཐབས་བྱེད་ཀྱི་ཡོད་པ་ཙམ་མ་སྲད་གང་ཙམ་རེ་ཁོ་ཚོས་ལག་ཆར་འགྱུར་ཟིན་པ་དང་འགྱུར་བཞིན་པ་སོགས་ནི་སློབ་གསོའི་གྲུབ་དོན་ནས་བྱུང་བ་རེད།   ང་ཚོར་ལོ་རྒྱུས་ཀྱི་བདེན་དོན་དང་དེང་འདུར་འཛམ་གླིང་མི་མང་ལ་མངོམས་ཆོག་པའི་རིག་གནས། འཛམ་གླིང་ཀུན་གྱི་ཡུལ་སྨོན་བྱེད་སའི་ཕ་ཡུལ་དང་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་དོགས་ལྟར་མཛེས་པའི་སྐྱེས་བུ་ཁོང་ཡོད་པ་སོགས་ནི་འུ་ཚོས་སློབ་གསོ་ལ་གྲུབ་འབྲུས་ཐོན་པར་ཐེ་ཙོམ་མེད་པའི་མངོན་རྟགས་རེ་རེར་རེད་སྐད།  དེའི་ཕྱིར་ང་ཚོས་སློབ་གསོ་ཞེས་པ་གང་ཞིག་ལ་ངོས་འཛིན་དགོས་པ་དང་ཇི་ལྟར་སློབ་གསོ་གཏོང་ཐབས་དང་གཏོང་ཕྱོགས་ལ་བསམ་གཞིགས་བྱེད་དགོས་པ་ཙམ་མ་ཡིན་པ་ལག་ལེན་པ་འཁེལ་བར་ཅིས་ཀྱང་བྱེད་དགོས། དེ་མིན་དུས་རབས་ཀྱི་འགྲོས་དང་བྲལ་ནས་སྲོལ་རྒྱུན་ཁོ་ནར་ད་དུང་མིག་བཙུམས་ནས་ཡོད་ཚད་དཀོན་མཆོག་གིས་བྱིན་རླབས་ལ་ངོས་འཛིན་བྱེད་པ་དང་།  ཡང་ན་བླ་ཆེན་ཁག་ཅིག་གིས་སླབ་བྱ་དེ་རྨང་གཞི་མེད་པའི་ཀ་ངོ་མི་ཤེས་པའི་བྱིས་པ་ཚོར་འུ་ཚིགས་ནས་སླབ་རྒྱུ་ནི་སློབ་གསོའི་བྱེད་ཐབས་ནམ་ཡང་མིན་པ་ཤེས་དགོས།  བྱིས་པ་ནི་བྱིས་པ་སྟེ་ནམ་ཡང་བྱིས་པའི་ངང་ཚུལ་ལས་འདའ་ཐབས་མེད་པའི་ང་ཚོས་ཇི་ལ་ཁོང་ཚོས་བསམ་བློ་དང་མཐུན་པའི་བོད་ཡིག་ཀྱི་སློབ་གསོ་ཞིག་སྤྲོད་པར་འབད་རྩོན་མི་བྱེད་པ་ཡིན།  འདི་ནི་བཙན་བྱོལ་གྱི་མྱི་ལོ་བཞི་བཅུ་ཆུད་སོས་སུ་བཏང་བའི་ལམ་ཁ་ཞིག་རེད་ལ།  འདི་ནི་བཙན་བྱོལ་གྱི་གཞོན་སྐྱེས་རྣམས་རང་ལ་མི་རིགས་ཀྱི་རིག་གནས་ལ་ཡིག་རྨོང་སུ་བཏང་བའི་རྨངས་གཞི་བཏང་བ་ཀྱང་རེད།   ༢༠༠༩ ལོར་༸གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་གསོ་མཐུས་ཤོར་སོང་བའི་བཀའ་སློབ་ཤུགས་ཆེར་རྩོལ་དགོས་བྱུང་པ་ནོར་འཁྲུལ་འདི་དག་ལས་བྱུང་རེད།  སྐབས་དེར་མི་གང་ཙམ་ཞིག་གིས་དེ་ནི་ཟམ་གདུང་རིན་པོ་ཆེའི་ནོར་འཁྲུལ་ཁོ་ན་ཡིན་པར་བརྗོད་པ་ནི་ཁོ་བའི་འདོད་དུ་མེད།  ང་ཚོས་ཇི་ལ་རྨང་གཞིས་སློབ་དེབ་ཁག་ལ་བསྐྱར་ཞིབ་དང་བཟོ་བཅོས་མི་བྱེད་པ་ཡིན།  དཔལ་འབྱོར་གྱི་དཀའ་ངལ་ཡོད་པར་བརྗོད་ནས་མ་འོངས་པའི་རྒྱལ་ཁབ་ཀྱི་རྩོད་ལེན་གྱི་གནད་འགག་པའི་ལམ་ཁ་འདི་ཆུད་ཟོས་སུ་གཏོང་ཕོད་དམ། ང་ཚོས་མི་རིགས་ཀྱི་དེང་རབས་སློབ་གསོ་ལ་དོ་སྣང་བྱེད་དགོས་པ་མ་ཟད་དེ་ཕྱོགས་ཀྱི་ཆེད་མཁས་གདན་འགྲེན་དང་ཁོ་ཚོ་ལས་སླབ་བྱ་ལེན་དགོས།

༢༠༡༠་ཟླ༢ཚེས་༡༢ ཡུ་རོབས་ལ་འགྲོ་སྐབས་མཁའ་ལམ་ནས་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: