མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནི་ཕྱི་ལོ་ ༡༩༣༩ལོར་བོད་མདོ་སྟོད་སྤོམ་འབུར་སྒང་གི་ཁུངས་འཇོལ་ཀོང་རྒྱལ་གསུམ་གྱི་ནང་ཚན་འཇོལ་གྱི་སྡེར་གཏོགས་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཆེན་ཧི་མྰ་ལ་ཡའི་ཁ་བ་དཀར་པོའི་ཉེ་འདབས་སུ་སྐུ་འཁྲུངས། དེ་ཡང་སྐུ་ན་ཕྲ་དུས་ནས་རྗེ་བཙུན་བློ་བཟང་འཕགས་པ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ནས་མཚན་ཡང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ་བ་མ་ཟད། འཇོལ་བདེ་ཆེན་གླིང་དུ་སྐུ་གོང་མའི་ཁྲིར་བཞུགས་ཀྱི་མཛད་སྒོ་གཟབ་རྒྱས་གནང་། དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་སྐབས་དབུས་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་དུ་ཕུ་ཁང་སྤང་སྒང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། མཁས་པའི་དབང་བོ་བློ་བཟང་གླིང་རྒྱལ་རོང་མཁན་རིན་པོ་ཆེ་རྗེ་བཙུན་འཇལ་དཔལ་བསམ་འཕེལ་མཆོག་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་མཚན་ཉིད་ཀྱི་གཞུང་ལ་སྦྱང་བ་མཛད། ལྷག་པར་དུ་ཁམས་གསུམ་འགྲོ་བའི་བླ་མ་༧སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་དང་། སྐུ་ཡི་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་སོགས་ཚད་ལྡན་བཤེས་གཉེན་དུ་མ་རིགས་ཀྱི་ཅོད་པན་དུ་བཞེས་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་ཚུལ་བཞིན་མཛད།
ཕྱི་ལོ་ ༡༩༥༩ ལོར་དམར་པོའི་རང་ལུགས་ཀྱིས་བོད་ས་ཁྱབ་པར་བརྟེན་ ༧གོང་ས་ཡིད་བཞིན་ནོར་བུ་སྐུ་འཁོར་དང་མཉམ་དུ་རྒྱ་གར་དུ་ཕེབས། ཕྱི་ལོ་༡༩༦༨ དང་ ༡༩༦༩ ལ་སོ་སོར་ཌལ་ཧོར་གདན་སའི་ཚོགས་སྡེ་དང་། གསང་ཆེན་རྒྱུད་སྟོད་བཅས་སུ་དགེ་བཤེས་ལྷ་རམས་འཕར་མ་དང་། སྔགས་རམས་པ་བཅས་ཀྱི་དམ་བཅའ་བཞག་སྟེ། མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་མཁས་པ་བདག་གིར་མཛད། ཕྱི་ལོ ༡༩༦༩ ནས་བཟུང་ལོ་མང་རིང་ ༧གོང་ས་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན་སིམ་ལ་དང་། རྡོར་གླིང་། ཌལ་ཧོར་བོད་སློབ་བཅས་སུ་ཆོས་དགེ་དང་། སློབ་སྤྱིའི་འགན་བཞེས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཛིན་སྐྱོངས་སྤེལ་གསུམ་བྱས། ལྷག་པར་དུ་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མི་ལོ་བཅུ་ཕྲག་གསུམ་གྱི་རིང་སློབ་སྤྱི་དང་ངེས་སྟོན་པའི་མཚན་གནས་འགན་བཞེས་ཀྱིས་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གསར་སྐྲུན་རྒྱུན་སྐྱོང་དང་འབྲེལ་རྒྱལ་སྤྱིའི་གདིང་ཆའི་སྟེང་ཡར་ཐོན་གྱི་རྣམ་པ་ཅན་དུ་མཛད་པ་མ་ཟད། དབྱིན་ཡིག་དང་རྒྱ་གར་གྱི་སྐད་ཡིག་ལ་སློབ་གཉེར་མཐར་ཕྱིན་པ་སྦྱངས་བརྩོན་གྱིས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཉམས་ཞིབ་བླ་ལྷག་མཛད། དེ་བཞིན་དུ་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་ཆེས་མཐོའི་གཙུག་ལག་ཁང་ ༢༤༠བརྒལ་བའི་འགན་འཛིན་རིགས་བདག་ལྷན་ཚོགས་ (A.L.U) ཀྱི་ཚོགས་གཙོའི་འགན་བཞེས་མྱོང་བ་དང་དབྱིན་ཇིའི་མཐུན་ཕྱོགས་རྒྱལ་ཁབ་ནང་ཡོད་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་(A.C.U)ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ༡༩༩༠ ལོར་ ༧གོང་ས་སྐྱབས་མགོན་རིན་པོའི་བཀའ་འབྲེལ་ལྟར་མ་འོངས་བོད་ཀྱི་རྩ་ཁྲིམས་དང་། སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་རྐང་འགན་བཞེས་པ་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས ༼༡༡-༡༢༽ཀྱི་ཚོགས་གཙོ་བཅས་མཛད། ཕྱི་ལོ་༢༠༠༠ནས་བཟུང་དམངས་གཙོའི་ལམ་ནས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱུང་བ་ལྟར་ལོ་ལྔའི་རིང་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ༢༠༠༥ ལོར་ཡང་བསྐྱར་དམངས་གཙོའི་ལམ་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱུང་བ་ལྟར་ཕྱི་ལོ་ ༢༠༡༠ ལོའི་བར་དུ་བཀའ་བློན་ཁྲི་བའི་མཛད་འགན་བཞེས། ད་ལྟ་བཀའ་བློན་ཁྲིའི་མཛད་ཁུར་ལས་ཁྱུར་གནང་སྟེ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཕྱག་ལས་གནང་མུས་སུ་ཡོད། ཁོང་གིས་ད་ལྟའི་བར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་རིག་ཆབ་སྲིད་བཅས་ཀྱི་སྐོར་ལ་ཧིན་བོད་དབྱིན་གསུམ་གྱི་ཐོག་ནས་བརྩམས་པའི་པོད་ཆེན་གསུམ་དང་། བརྙན་འཕྲིན་འཁོར་ཐག་དང་སྒྲ་འཛིན་འཁོར་ཐག་བརྒྱ་ཕྲག་གཉིས་ལ་ཉེ་བ་ཡོད།
ངེད་དྲ་ཚིགས།