ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།

འཕྲིན་ཡིག་དང་པོ།                        གནོན་ཤུགས་ཀྱི་སྐོར།

            སྒོ་ང་།  ཕྱི་ནས་བཅགས་ན་ཟ་མ་དང་།  ནང་ནས་བཅགས་ན་ཚེ་སྲོག་རེད།   མི་ཚེ་ཡང་།   ཕྱི་ནས་བཅུན་ན་གནོན་ཤུགས་དང་།ནང་ནས་བཅུན་ན་འཚར་ལོངས་རེད།   དེས་ན་ཁྱོད་ཀྱིས་རང་ཉིད་གཞན་ཀྱིས་གཅུན་པར་བསྒུགས་པ་ཡིན་ན།   ཁྱོད་མི་གཞན་པའི་ཁ་ཟས་བྱེད་པར་ཐག་ཆོད་པ་རེད་ལ།   གལ་ཏེ་ཁྱོད་རང་ཉིད་ཀྱིས་ནང་སེམས་བཅུན་པ་ཡིན་ན།ཁྱོད་ཀྱིས་རང་ཉིད་ཀྱི་འཚར་ལོངས་དེ་སླར་སྐྱེ་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ།

 


འཕྲིན་ཡིག་གཉིས་པ།                            སློབ་སྦྱོང་གི་སྐོར།

        ལེགས་འགྲུབ་འབྱུང་བའི་མི་སྣ་ཧ་ཅང་མང་པོ་ཞིག་ལ་སློབ་གསོ་དེ་ཙམ་མང་པོ་ཐོབ་མྱོང་མེད་མོད།   འོན་ཀྱང་སློབ་སྦྱོང་ལ་འབད་བརྩོན་མི་བྱེད་མཁན་དང་གཅིག་འདྲ་མིན་པར་ཁོང་ཚོས་ཏན་ཏན་ལེགས་འགྲུབ་འབྱུང་བར་བྱེད་ཐུབ།  གང་ལྟར་ཁྱེད་ཀྱིས་སྦྱངས་པའི་ཤེས་ཡོན་ནི་ཁྱེད་ལ་ཡོད་པའི་གོ་མཚོན་ཡིན།  མིས་ལག་སྟོང་དུ་
ཁྱིམ་གཞིས་བཙུགས་ཆོག་མོད།  འོན་ཀྱང་།  གོ་མཚོན་ཅི་ཡང་མེད་ན་མི་ཆོག


འཕྲིན་ཡིག་གསུམ་པ།             མི་དང་མིའི་དབར་གྱི་འབྲེལ་བའི་སྐོར།

      ཁྱོད་ཀྱིས་རང་ཉིད་ལ་ཁ་དན་ཚིག་ལ་གནས་དགོས་པའི་དགོས་འདུན་བཏོན་ཆོག་མོད།  འོན་ཀྱང་མི་གཞན་ལ་ཁ་དན་ཚིག་ལ་གནས་དགོས་པའི་དགོས་འདུན་འདོན་མི་འོས་ཁྱོད་ཀྱིས་རང་ཉིད་ཀྱིས་མི་གཞན་ལ་ཡག་པོ་བྱེད་དགོས་པའི་དགོས་འདུན་བཏོན་ཆོག་མོད།  འོན་ཀྱང་།   མི་གཞན་གྱིས་ཁྱོད་ལ་ཡག་པོ་བྱ་བར་རེ་སྒུག་མ་བྱེད།  ཁྱོད་ཀྱིས་མི་གཞན་ལ་ཇི་ལྟར་བྱས་པ་དེས་མི་གཞན་གྱིས་ཁྱོད་ལ་དེ་ལྟར་སྒྲུབ་ངེས་པ་མཚོན་མི་ཐུབ།  གལ་ཏེ་འདི་ཙམ་ཡང་མ་རྟོགས་ན།ཁྱོད་ཀྱིས་དགོས་མེད་ཀྱི་སྡུག་ཡུས་ཁ་སྣོན་བྱ་རྒྱུ་ཉག་གཅིག་རེད།


འཕྲིན་ཡིག་བཞི་བ།                     ཁེར་རྐྱང་གི་སྐོར།

    མི་སུ་ཡིན་ཡང་ཁེར་རྐྱང་གི་ཉི་མ་ཞིག་བརྒྱུད་མྱོང་ཡོད་ལ།  ལམ་ཁ་གང་ཡིན་ཡང་ཁེར་རྐྱང་གི་དུས་སྐབས་རེ་ཡོད་ངེས།ཕ་མས་ག་དུས་ཡིན་ཡང་ཁྱེད་ལ་རོགས་རམ་བྱེད་མི་སྲིད་ལ།གྲོགས་པོས་ཀྱང་ག་དུས་ཡིན་ཡང་ཁྱེད་ཀྱི་མཐའ་ནས་བསྐོར་ཏེ་འདུག་མི་སྲིད།  ཁེར་རྐྱང་ནི་ཁེར་སྡོད་མ་རེད་ལ། ཆིག་རྐྱང་དེ་བས་ཀྱང་མ་རེད།  ཁེར་རྐྱང་གི་ལམ་ཁ་བརྒྱུད་མྱོང་བའི་མི་དེ་ད་གཟོད་བློ་བརྟན་འགྱུར་མེད་རེད།   ཁོར་ཡུག་གང་འདྲ་ཞིག་ཡིན་ཡང་རང་ཉིད་ཞི་བར་གནས་ཐུབ་པ་མ་ཟད།  གནས་སྟངས་སྙོམ་སྒྲིག་གིས་ཁོར་ཡུག་ལ་དེ་བས་ཀྱང་གདོང་གཏོད་ཐུབ།

 


འཕྲིན་ཡིག་ལྔ་བ།           བློ་སྦྱོང་གི་སྐོར།

       མི་གཞན་པའི་བློ་ལ་འབབ་ཀྱི་མེད་ན།   དེ་ནི་རང་ཉིད་ལ་བློ་སྦྱོང་གིས་འདང་མེད་པའི་རྟགས་རེད།མི་ཁོང་ཁྲོ་ཟ་བའི་སྐད་ཅིག་དེར་དཔྱོད་ཤེས་ཀྱི་ཆ་དེ་ཀླད་ཀོར་ཡིན།  སྐར་མ་གཅིག་གི་རྗེས་སུ་རྒྱུན་ལྡན་དུ་འགྱུར་ཐུབ།  མི་ཡི་སྙན་བརྗོད་ཀྱི་འགག་རྩ་དེ་རང་ཉིད་ཀྱི་བསམ་བློར་སྟངས་འཛིན་ཐུབ་མིན་ལ་རག་ལས་ཡོད།   (མདོར་ན།) ཁ་ཡིས་མི་ལ་ཕོག་ཐུག་བཟོ་བ་ནི་ཆེས་གླེན་རྟགས་ཀྱི་བྱ་སྤྱོད་ཅིག་གོ།


འཕྲིན་ཡིག་དྲུག་པ།         མངོན་འགྱུར་གྱི་སྐོར།

          ཁྱོད་ཀྱིས་རང་ཉིད་ལ་ཨ་ཕ་ཡག་པོ་ཞིག་མི་འདུག་ཅིང་།   རང་ཉིད་ལ་རྩིས་མཐོང་བྱེད་མཁན་གྱི་མི་གཅིག་ཀྱང་མི་འདུག་ཅེས་འཁང་ར་བྱེད་མི་ཉན།   མངོན་འགྱུར་ཡོང་བ་ལ་བཀྲ་མི་ཤིས་པའི་དོན་དག་མང་པོ་ཡོད།  འཚོ་བས་ཁྱོད་ལ་སྤྲད་པ་ནི་གད་སྙིགས་ཡིན་པའི་དབང་དུ་བཏང་ནའང་།  ཁྱོད་ཀྱིས་དེ་མཚུངས་ཀྱིས་གད་སྙིགས་རྐང་འོག་ཏུ་བརྫིས་ཏེ་འཛམ་གླིང་གི་ཡང་རྩེར་འཛེག་དགོས།   ཁྱོད་ཀྱིས་རང་ཉིད་ལ་ཆེས་ཆེ་བའི་འཇོན་ནུས་དང་ལྡན་པར་བྱེད་དགོས།     སུས་ཀྱང་ཁྱོད་ཀྱི་འབྱུང་འགྱུར་ལ་སྦྱིན་བདག་བྱེད་མི་སྲིད།  ཁྱོད།  ཡང་ན་ཧུར་ཐག་གིས་སྟེང་དུ་འཛེག་དགོས་ལ།  དེ་མིན་སྤྱི་ཚོགས་ཀྱི་ཆེས་དམའ་བའི་འདམ་རྫབ་ཁྲོད་རུལ་དགོས།  འདི་ནི་འཚོ་བ་རེད།

 


འཕྲིན་ཡིག་བདུན་པ།         ཕུགས་བསམ་གྱི་སྐོར།

           འཛམ་གླིང་སྟེང་དཀའ་བ་མ་སྤྱད་པར་ཐོབ་ཐུབ་པ་ནི་དབུལ་ཕོངས་འབའ་ཞིག་ཡིན་ལ།   (དཀའ་བ་མ་སྤྱད་པར་)  མི་བདེན་རྫུན་སྒྲིག་གིས་ཐོབ་པར་འདོད་པ་ནི་ཕུགས་བསམ་ཉག་གཅིག་རེད།   ལས་ལ་མ་བརྩོན་པར་མངོན་འགྱུར་ཐུབ་པའི་དོན་དག་ཅིག་མེད།  འཛམ་གླིང་ཡ་ང་སྙིང་རྗེ་མེད་པ་ཞིག་ཡིན་མོད།  འོན་ཀྱང་ཁྱོད་ལ་འགྲོ་འདོད་ཡོད་ན་ལམ་ཁ་ཡོད་ཡོད་རེད།   མཛེས་སྡུག་མཐོང་མེད་པ་ནི་ཁྱོད་མུ་མཐུད་ནས་འགྲོ་མ་ཐུབ་པས་རེད།  མི་ཚེའི་ཁྲོད་འགོ་རྩོམ་དཀའ་ཞིང་།  བློ་ཐག་མི་ཆོད་པའི་སྐབས་སུ་སྔོན་ལ་གོམ་པ་ཐུང་ཐུང་རེ་སྤོས། མདུན་དུ་སྐྱོད་པ་ལ་བློ་མ་ཕམ།  དཀའ་ལས་ནི་མཛེས་སྡུག་ཡིན་ན་དེ་ལ་ཁྱད་འཕགས་ཟེར་ཞིང་།  དཀའ་ལས་ནི་ཆག་སྒོ་ཡིན་ན་དེ་ལ་ཉམས་མྱོང་ཟེར་རོ།།

 


འཕྲིན་ཡིག་བརྒྱད་པ།          རང་ཉིད་ཀྱི་སྐོར།

          མི་ཞིག་ལ་མཚོན་ན་གནས་རིམ་མི་འདྲ་བའི་སྦྱོང་བརྡར་བརྒྱུད་དེ་གནས་རིམ་མི་འདྲ་བའི་ཡོན་ཚད་ཐོབ་ཀྱི་ཡོད།  བྲོ་རྫས་ནང་བཞིན་བརྡུངས་ནས་དེ་བས་སིལ་བུ་དང་བཏགས་ནས་དེ་བས་ཞིབ་མོ་རུ་བཟོས་པས།   ཞིམ་མངར་དེ་བས་ཆེ་བ་ཞིག་གོ  ང་ཚོས་འདི་ལྟར་ལས་དབང་གི་རླབས་རིས་ལ་རེ་ལྟོས་བྱས་ན་ཡང་།   མཐའ་མར་གཞི་ནས་རྟོགས་པ་སྟེ།    མི་ཚེ་ཡི་ཆེས་མཛེས་པའི་ཡུལ་ལྗོངས་ནི་ནང་སེམས་ཀྱི་བྲོ་མེད་སླ་ཆལ་ལམ་བག་ཕེབས་དེ་རེད།   ང་ཚོས་ཕྱིའི་འཇིག་རྟེན་གྱི་ངོས་འཛིན་དེར་རེ་ལྟོས་བྱས་ན་ཡང་།   མཐའ་མར་གཞི་ནས་རྟོགས་པ་སྟེ།འཇིག་རྟེན་ནི་རང་ཉིད་ཀྱི་ཡིན་ལ།   མི་གཞན་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་རྟོགས་སོ།།


འཕྲིན་ཡིག་དགུ་བ།           བདེ་སྐྱིད་ཀྱི་སྐོར།

           ནམ་རྒྱུན་ཁ་ཅིག་གིས་བཤད་རྒྱུར།   ད་ལྟ་ང་སྐྱིད་པོ་མི་འདུགགཉེན་སྒྲིག་བྱས་པའམ་ཁང་པ་ཉོས་པ་སོགས་བྱས་རྗེས་ད་གཟོད་སྐྱིད་པོ་ཡོད་ཟེར།  དོན་དངོས་ཐོག་མི་སྣང་བ་སྐྱིད་པོ་གང་དུ་བསྡད་ཀྱང་བདེ་སྐྱིད་ཡིན་ལ།   མི་སྣང་བ་མི་སྐྱིད་མཁན་གང་དུ་བསྡད་ཀྱང་མི་སྐྱིད།  དེར་བརྟེན།ཐོག་མར་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ནུས་པ་གསོ་སྐྱོང་བྱ་དགོས།   དོན་དག་ཅི་ཞིག་བྱུང་ཡང་།   མི་གཞན་པས་ཁྱོད་ལ་དབང་བའི་སྤྲོ་སྣང་དེ་སྒུལ་མི་ཐུབ།  འདི་ནི་ད་གཟོད་དངོས་གནས་སྟོབས་ཤུགས་ཆེ་བའི་བློ་ཁོག་དང་གདེང་ཚོད་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: