དངོས་མིང་།    བཅུད་པར་གཡང་མཁོ་རྒྱལ།

སྨྱུག་མིང་།    བཅུད་པར་རྫ་སྐྱེས་ཟེར། 

༡༩༧༡ ་ལོར་མཚོ་སྔོན་མང་ར་རྫོང་དུ་ཕ་རྟ་མང་ཚང་མདོ་སྔགས་སྐྱབས་དང་མ་ཟླ་ཚང་དཔོན་ཚང་རྡོ་རྗེ་འཚོ་གཉིས་ཀྱི་བུར་རྟ་མང་འཚོ་བར་སྐྱེས།

༡༩༨༥་ ལོར་ཐར་ཤུལ་དཀྱིལ་སྙིང་སློབ་གྲྭ་ནས་སློབ་མཐར་ཕྱིན། 

༡༩༨༩་ལོར་མང་ར་རྫོང་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན། 

༡༩༩༢་ ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན།  

༡༩༩༨་ལོར་ལན་གྲུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། སྔ་རྗེས་སུ་སུམ་མདོ་ཞང་ཁ་རྒྱ་གཏན་སྡོད་སློབ་གྲྭའི་སློབ་སྤྱི་དང་། མང་ར་རྫོང་བོད་ཡིག་ཆ་ཚང་སློབ་གྲྭའི་དགེ་རྒན་དང་།  སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཅས་ཀྱི་ལས་ཁུར་གནང་མྱོང་།ད་བར་བོད་ཕྱི་ནང་གཉིས་སུ་དགེ་རྒན་དང་རྩོམ་སྒྲིག་པའི་ལས་ཀ་ལོ་ངོ་ཉི་ཤུ་ལྷག་ལ་གཉེར་མྱོང་།

༡༩༩༡་ལོར་མཚོ་སྔོན་ <<གངས་རྒྱན་ན་ཆུང་ཚགས་པར>> དང་། ༢༠༠༠་ལོར་མཚོ་སྔོན་ <<ཁྲིམས་ལུགས་ཚགས་པར>> གྱི་ལས་ཞོར་འཕྲིན་གཏོང་བའི་ལས་ཀ་གཉེར་མྱོང་།

༡༩༩༧་ལོར་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་སྔ་ཕྱིར་དུས་དེབ་དང་ཚགས་པར་དྲ་རྒྱ་བཅས་སུ་སྙན་རྩོམ་གཙོས་རྩོམ་ཡིག་བརྒྱ་ལྷག་སྤེལ་མྱོང་། ད་བར་བོད་ཕྱི་ནང་གཉིས་ཀར་ <<དག་གསར>> གཙོས་དཔེ་དེབ་དང་དུས་དེབ་གྲངས་སོ་བདུན་ལྷག་རྩོམ་སྒྲིག་བྱས་ཡོད།  

ཕྱི་ལོ་ ༢༠༠༣་ ནས་ ༢༠༡༠ ་ལོའི་ཟླ་༥་པའི་བར་དུ་༧སྐྱབས་རྗེ་ཨ་ཀྱྰ་རིན་པོ་ཆེ་མཆོག་གིས་བཙུགས་གནང་མཛད་པའི་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་རྩོམ་སྒྲིག་པ་དང་ཞུ་དག་པ་དྲུང་ཆེ་བཅས་ཀྱི་འགན་ཁུར་མྱོང་།

༢༠༠༨་ལོར་ཁོའི་སྙན་དེབ་ཐོག་མ <<རོ་ལངས>> ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས། 

༢༠༠༩་ལོར་སྐབས་བཅུ་གཅིག་པའི་རྡ་ས་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོའི་འགན་ཁུར།

ཕྱི་ལོ་༢༠༠༣་ལོར་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། པེན་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས། 

༢༠༠༩་ལོའི་ཟླ་༦ ་པའི་ཚེས ༢༣་ཉིན་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱ་ནག་རྩོམ་པ་པོ་ཝང་ལི་ཞོན་ལ་དོན་ཚན་བརྒྱད་ཅན་གྱི་ཡིག་ཆུང་བཏོན་ནས་ངོ་རྒོལ་དང་ལྷན་དུ་རྕོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་དང་།ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་གཉིས་ལ་ཚོགས་མིའི་ལག་ཁྱེར་བྱང་བུ་ཕྱིར་སྤྲད་དེ་ཚོགས་པའི་ནང་ནས་རྩ་དགོངས་ཞུས།  

ཕྱི་ལོ་༢༠༡༠་ལོའི་ཟླ་༥་པའི་ཚེས་༤་ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུ་འགན་འཛིན་ལས་འཕར་གྱི་འོས་འཆར་ཕུལ་བའི་འོས་མིའི་ནང་ནས་ཕྱག་རྟགས་དགོངས་དོན་གནང་བ་ལྟར་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་བསྐོ་གཞག་བསྩལ་ཏེ་བོད་མི་མང་སྤྱི་འཐུས་སྐབས་༡༥་པ་དང་། སྐབས་༣་པའི་བཀའ་བློན་ཁྲི་པ་བཅས་ཀྱི་འོས་བསྡུའི་ལས་དོན་ཕྱི་ལོ་༢༠༡༡་ལོའི་ཟླ་༩་པའི་ཚེས་༡༣་ཉིན་ཚགས་ཚུད་པར་བསྒྲུབས་ནས་ལས་འཁྱུར་ཞུས། 

ཕྱི་ལོ་༢༠༡༢་ལོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་དང་ཚོགས་གཞོན་གྱི་འགན་ཁུར་ནས་ཕྱི་ལོ་༢༠༡༤་ལོའི་ཟླ་༡་ཚེས་༢༡་ཉིན་མང་གཙོ་ཚོགས་པའི་ལས་ཁུར་རྩ་དགོངས་ཞུས།ཕྱི་ལོ་༢༠༡༣་ལོའི་ཟླ་༣་པ་ནས་བཟུང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པའི་ལས་ཀར་འཇུས།

༢༠༡༣་ལོ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་བཀོད་སྒྲིག་ཚོགས་མི་དང་།    

ཕྱི་ལོ་༢༠༡༣་ལོའི་ཟླ་༡༢   ཚེས ༡༩་ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུ་འགན་འཛིན་ལས་འཕར་གྱི་འོས་འཆར་ཕུལ་བའི་འོས་མིའི་ནང་སྤྱི་མོས་བྱུང་བ་ལྟར་ཕྱི་ལོ་༢༠༡༣་ལོའི་ཟླ་༡༢་ཚེས་༢༤་ཉིན་རང་གཞུང་སྲིད་སྐྱོང་དབུས་ཀ་བ་རྣམ་གསུམ་མཉམ་འཛོམས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་དཔོན་ཆེ་བའི་མདུན་དུ་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དམ་འབུལ་བྱས་ཏེ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གྱི་ལས་ཀར་ཞུགས་ནས་ཕྱི་ལོ་༢༠༡༤་ལོའི་ཟླ་༦་ཚེས་༢༤་ཉིན་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་ལས་དོན་ཆ་ཚང་ལེགས་པར་འགྲུབ་རྗེས་ལས་འཁྱུར་བྱས་ཏེ་སྔོན་གྱི་ལས་གནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་ཁང་དུ་ཕྱི་ལོ་༢༠༡༤་ལོའི་ཟླ་༦་ཚེས་༢༥་ཉིན་ལས་ཁུངས་ནས་རྩ་དགོངས་ཞུས། ད་ལྟ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐབས་བཅོ་ལྔ་པའི་རྒྱུན་ལས་དང་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་རང་དབང་རྩོམ་པ་པོའི་ལས་སྣེར་འཇུས་མུས་སུ་ཡོད།

འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d