༄༅།། ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་དཀའ་གནད་འགའ་
ཚིགས་བཅད་དུ་བསྡེབས་པ་དྲང་སྲོང་ཆེན་པོའི་
ཞལ་གདམས་ནོར་བུའི་དོ་ཤལ།
ཁ་བ་ཅན།
ལེགས་གསུང་དམ་ཆོས་བདུད་རྩིའི་སྙིང་པོའི་བཅུད།།
རྟེན་འབྱུང་ཇི་བཞིན་འདོམས་མཛད་འགྲོ་བའི་གཉེན།།
ཟླ་མེད་སྟོན་མཆོག་དམ་པར་ཕྱག་བགྱིས་ཏེ།།
ལྟ་བའི་དཀའ་གནད་འགའ་ཞིག་སྤེལ་ལ་སྤྲོ།།
དགག་བྱ་ཕྲ་རགས་གནད་ཀྱིས་ཐལ་རང་གི།།
ཁྱད་པར་འདོད་ཀྱང་དབུ་མ་རང་རྒྱུད་པའི།།
བཞེད་སྲོལ་ཇི་བཞིན་གསལ་བའི་རྒྱབ་རྟེན་གྱི།།
ལུང་རིགས་ཡོད་མེད་འགལ་སྤོང་ཆེས་ཆེ་བས།།
ཡང་དག་རྒྱུ་མཚན་རྙེད་པ་ཤིན་ཏུ་གཅེས།།
རིགས་པའི་རྒྱལ་པོར་གྲགས་པའི་རྟེན་འབྲེལ་གྱི།།
གཏན་ཚིགས་འདོད་ཀྱང་རྗེས་ཁྱབ་ནམ་གྲུབ་སྐབས།།
བསྒྲུབ་བྱ་གྲུབ་པར་དོགས་ཤིང་དེ་བཞིན་དུ།།
གཅིག་དུ་བྲལ་སོགས་བདེན་མེད་གསར་སྒྲུབ་ཀྱི།།
རིགས་པ་ཡོད་མེད་དཔྱད་པ་ཤིན་ཏུ་གཅེས།།
མིང་རྐྱང་བཏགས་ཡོད་ཙམ་དང་རྟོག་བཏགས་གནད།།
དེ་བཞིན་གདགས་གཞིའི་ཚད་མ་ཡོད་མེད་སོགས།།
རྟེན་ལྟོས་ཕྲ་མོ་ངེས་ཚེ་སྟོང་པ་ཉིད།།
རྟོགས་མིན་གལ་ཆེའི་དཀའ་གནད་ཆེས་མང་བས།།
ཕྲ་ཞིབ་བློ་ཡིས་བརྟག་པ་ཤིན་ཏུ་གཅེས།།
ཟབ་མོའི་གནས་ལུགས་བདག་མེད་རྣམ་པ་གཉིས།།
ཆོས་ཅན་མི་འདྲའི་དབྱེ་སྒོ་བྱས་ཙམ་ལས།།
དགག་བྱའི་ངོ་བོར་ཕྲ་རགས་མེད་ཚུལ་དང་།།
རྟོགས་པའི་གོ་རིམ་ངེས་ཅན་ཡོད་མིན་ལ།།
ལུང་རིགས་དུ་མས་དཔྱད་པ་ཤིན་ཏུ་གཅེས།།
སྟོང་དང་རྟེན་འབྱུང་གྲོགས་སུ་ཤར་བ་ན།།
སྣང་སྟོང་ཟུང་འཇུག་ལྟ་བ་རྙེད་ལུགས་དང་།།
བདེན་པར་གྲུབ་མིན་དཔྱོད་པའི་ཕ་མཐའ་རུ།།
ཅི་ཡང་རིགས་པས་དཔྱད་དུ་མི་བཟོད་པའི།།
གཏམ་འདི་འགལ་མིན་དཔྱད་པ་ཤིན་ཏུ་གཅེས།།
དོན་དམ་མཉམ་བཞག་ཡུལ་དུ་འཐད་པ་དང་།།
མཐའ་བཞི་གང་དུ་བཙལ་ཡང་མེད་པའི་གཤིས།།
དབུ་མའི་ལྟ་བའི་ཡང་རྩེར་འདོད་བཞིན་དུ།།
ཁས་ལེན་ཀུན་བྲལ་སྨྲ་བསམ་བརྗོད་མེད་སོགས།།
ཇི་ལྟར་འཇོག་མིན་རྟོགས་པ་ཤིན་ཏུ་གཅེས།།
བདེན་འཛིན་ཉོན་སྒྲིབ་ཡིན་པར་ཁས་བླངས་ནས།།
ཇི་སྲིད་ས་བརྒྱད་མ་ཐོབ་དེ་སྲིད་དུ།།
ཤེས་སྒྲིབ་གཉེན་པོ་བསྟེན་པར་མི་ནུས་ན།།
རིཊ་ངེས་མཐོང་སྤངས་མཉམ་རྗེས་འཇོག་དཀའ་བས།།
ལུང་རིགས་རྒྱབ་རྟེན་འཚོལ་བ་ཤིན་ཏུ་གཅེས།།
གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་སོགས།།
དགག་བྱ་འཛིན་ལུགས་ཚུལ་བཞིན་ངེས་དགོས་ཤིང་།།
ལྷག་པར་འཇིག་ལྟ་ཕྲ་རགས་ལས་འཕྲོས་ཏེ།།
སྤོང་གཉེན་རྣམ་གཞག་འཇོག་སྟངས་གནད་ཆེ་བས།།
མྱོང་བར་དྲངས་ཏེ་དཔྱད་པ་ཤིན་ཏུ་གཅེས།།
འགོག་བདེན་དོན་དམ་འདོད་པ་ཐལ་འགྱུར་བའི།།
ཐུན་མིན་ཁྱད་ཆོས་འདོད་བཞིན་ཐལ་རང་གཉིས།།
བདེན་གཉིས་མཚན་ཉིད་གཅིག་ཏུ་གསུངས་པ་དང་།།
ཆོས་དབྱིངས་ཟབ་མོར་འདོད་མིན་འགལ་སྤངས་སོགས།།
རྣམ་དག་རིག་པས་མཐོང་བ་ཤིན་ཏུ་གཅེས།།
འཇིག་རྟེན་གྲཊ་པའི་རྣམ་གཞག་བརླག་དོགས་ནས།།
ཕྱི་རོལ་དོན་གྲུབ་འདོད་པའི་ལྟ་བ་དང་།།
དགག་བྱ་ཕྲ་མོ་འགོག་པར་གནོད་མཐོང་ནས།།
ཡུལ་གྱི་ངོས་ནས་གྲུབ་པ་མེད་བཞེད་པའི།།
ཚུལ་འདི་འགལ་མིན་མཁྱེན་པ་ཤིན་ཏུ་གཅེས།།
ཞིག་པ་དངོས་པོར་གྲུབ་པའི་གཏན་ཚིགས་ལ།།
ཡང་ཡང་དྲང་པོའི་བློ་ཡིས་བརྟགས་པ་ན།།
སྤངས་པ་དངོས་མེད་འདོད་པའི་རྒྱུ་མཚན་ཞིག།
འཚོལ་དུ་དཀའ་ལ་ལྷག་པར་རྙེད་དཀའ་བས།།
རིགས་པའི་གཏད་སོ་ཐོབ་པ་ཤིན་ཏུ་གཅེས།།
ཀུན་གཞིའི་རྣམ་ཤེས་འདོད་ན་བདེན་གྲུབ་ཏུ།།
ངེས་པར་འགྱུར་བའི་ཐལ་བ་འཕེན་བཞིན་དུ།།
ལས་འབྲས་རྟེན་དུ་ང་ཙམ་བཞེད་པའི་སྲོལ།།
ལེགས་པར་བསམ་ན་སྐྱོན་དུ་འགྱུར་སྲིད་པས།།
གནད་འདི་འཐད་མིན་བརྟག་པ་ཤིན་ཏུ་གཅེས།།
རིཊ་པས་དཔྱད་མཐར་བཏཊ་དོན་བཙལ་འགྱུར་ཞེས།།
རང་རིག་འདོད་ལ་དགག་པ་མཛད་ཚུལ་དང་།།
མིག་ཤེས་ཚད་མར་འདོད་ལ་ལུང་རིགས་ཀྱི།།
རྒྱབ་རྟེན་སྣ་ཚོགས་འདྲེན་པ་འགལ་མིན་ལ།།
གཞུང་ལུགས་དུ་མ་བསྡུར་ཏེ་དཔྱད་པ་གཅེས།།
དོན་དམ་དཔྱོད་ཚེ་ཆོས་ཅན་མཐུན་སྣང་དུ།།
མེད་ལུགས་རིགས་པའི་སོ་ཁ་བཙན་གྱུར་ཀྱང་།།
ཀུན་རྫོབ་དཔྱོད་ཚེའང་དེ་ལྟར་ཐལ་མིན་གྱི།།
དཀའ་གནད་སྤུ་རིས་འབྱེད་པ་ཆེས་དཀའ་བས།།
ངེས་དོན་དཔྱད་འཇོག་སྤེལ་བ་ཤིན་ཏུ་གཅེས།།
གཅིག་དང་ཐ་དད་ལ་སོགས་མཐའ་གང་དུ།།
གང་ཟག་བཏགས་དོན་བཙལ་ཚེ་མ་རྙེད་པ།།
གནས་ལུགས་ཡིན་མིན་དཔྱད་པ་ཆེས་མང་ཡང་།།
ངེས་དོན་འཕགས་པའི་གཞུང་དུ་གསལ་མིན་སོགས།།
བློ་གྲོས་ཟབ་མོས་དཔྱད་པ་ཤིན་ཏུ་གཅེས།།
ཀུན་མཁྱེན་ཆེན་པོས་ཤེས་བྱ་གཟིགས་ཚུལ་སྐབས།།
རང་སྣང་གཞན་སྣང་སྒོ་ནས་རྟོགས་སྲོལ་སོགས།།
ལུགས་འདིར་ཐ་སྙད་ཚད་གྲུབ་འདོད་མིན་གྱི།།
ལྟ་བའི་གནད་འགག་གཅིག་ཏུ་བབས་འདུག་པས།།
ཚད་མའི་འཇོག་ཚུལ་ཤེས་པ་ཤིན་ཏུ་གཅེས།།
དེ་ལྟར་ལུང་རིགས་རྒྱ་མཚོའི་གཏེར་མཛོད་ལས།།
དབུ་མའི་དཀའ་གནད་ནོར་བུའི་དོ་ཤལ་ཞིག།
ཆོས་ཀྱི་བུ་ཆུང་རྩེ་དགའི་དཔལ་དུ་དྲངས།།
རིག་པའི་མགུལ་བ་མཛེས་པའི་རྒྱན་དུ་བཞེས།།
ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༣ རེས་གཟའ་སྤེན་པར་བྲིས།
ངེད་དྲ་ཚིགས།