དྲ་མིང་ལ་གཅེར་བུ་པ།

དངོས་མིང་ལ་ཀརྨ་ཚེ་དཔག་གམ་ཀར་ཚོགས་སུ་འབོད།

༡༩༨༨ལོ་ཁམས་ནང་ཆེན་དུ་སྐྱེས། ༢༠༡༢ ལོ་ནས་བཟུང་སྙུག་ཁ་འཁྱར་འཁྱོར་གྱིས་བཅད་མ་གཙོས་རྩོམ་རིག་འབྲི་བའི་ལས་སུ་ཞུགས་ཤིང་། བོད་ཕྱི་ནང་གི་དྲ་ངོས་མང་དག་ཅིག་ལ་ཟིན་བྲིས་གཉེར་ཞིང་བཅད་མ་གཙོས་རྩོམ་ལུས་ཅི་རིགས་ཀྱི་སྒང་ནས་རྩོམ་རེ་འགའ་སྤེལ།

འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།


ཚོར་བའི་ཕྱི་ནང་།

རྣམ་ཤེས་ཁ་ཚར་ཅན་ལ་གཤོག་པ་ཐོགས་དུས།།
སུ་ཞིག་བདག་གི་གམ་ན་ལྷོད་ཀྱིས་ཉལ་ཡོད།།
ཆར་པ་ཤག་ཤག་བྱོ་བའི་ཉི་མ་འདི་ཚོར།།
སྤྲིན་པའི་ཡོལ་བ་སེམས་ཀྱི་ནང་དུ་འཐེན་འདྲ།།

ནངས་མོ་རྒྱབ་ཏུ་ནུབ་མོ་ལམ་སང་འཁོར་བའི།།
ཁངས་ཚུབ་ནང་དུ་བརྒྱབ་འདྲའི་དུས་སྐབས་མཚར་པོ།།
ཞོགས་ཀའི་སྐྱ་རེངས་ལྷན་དུ་ཕར་ལ་བཞུད་ན།།
ནམ་མཁའི་བཞིན་རས་འོག་ཏུ་འཛུམ་པར་མི་སྐྲག།

ལ་མོ་རེ་རེ་བརྒྱབ་ཀྱང་རྫོགས་མཐའ་མི་འདུག།
རྡོག་ཤུགས་ཟད་པའི་སྐྱོ་ངལ་ཁུར་དུ་འདེགས་ཏེ།།
རི་བོ་འགུལ་རག་བར་དུ་སྒུག་ནས་བལྟས་པའི།།
གྲིམ་པའི་མིག་མདངས་ངོས་སུ་སྐྱོ་ཤས་ལྷུང་འདུག།

ནམ་ཟླ་སོས་ཀ་སླེབས་ཀྱང་ལྗང་མདོག་མི་མངོན།།
ཚེར་ཕུང་སྐྱ་བོའི་འདབས་ཀྱི་རྩྭ་རྡུམ་ཚོ་གཅིག།
རླུང་གིས་ས་གཡུག་གནམ་གཡུག་རེ་ཟུང་བར་ནས།།
བྱ་ལྡོམ་ཁྱུ་ཞིག་ཉལ་སའི་ཚང་དུ་ཟགས་སོང་།།

ཕྱོགས་དུས་བསྣོལ་བ་འདྲ་བའི་གླུ་ཆུང་ཟ་ཟི།།
གཡེར་མོ་ཐང་དུ་ལེན་པའི་ཞག་མ་ཨེ་འཁོར།།
དེ་ཚོད་ཕྱི་ནང་གསང་གསུམ་མཉམ་དུ་བསྲེས་ཏེ།།
ན་ཚོད་རྒས་དུ་མེད་པའི་ལང་ཚོ་སྦར་ཡོང་།།

སྨག་མཐའ་སྐར་མས་བཀྱག་པའི་སྲོད་ཀ་ཁྲ་བོ།།
རི་བོ་མཐོ་ཤོས་དེ་ཡི་གམ་ནས་ཚེས་སམ།།
སྣང་བ་ལང་ལིང་འདི་ཉིད་སྲབ་ཏུ་བཏང་ན།།
ཡོན་ཆབ་མདུན་གྱི་ལྷ་གང་དགྱེས་ཚུལ་མི་རྙེད།།

གོམ་སྒྲ་དལ་བུར་འཇགས་པའི་འདུས་མདོ་དེ་རུ།།
ཕྱ་བ་ཕུ་མེད་ཅིག་གི་བདག་པོ་ཨེ་ཐོན།།
ལོ་སྣེ་ལོ་ལ་མཐུད་པའི་རྨི་ལམ་འཇམ་པོ།།
ཆུ་བོའི་གཞུང་དུ་བཏང་བའི་གྲུ་ཆུང་མིན་འགྲོ།

ངོ་འཛུམ་བཅོས་མ་ཙམ་ཞིག་ལྷང་ལ་བུད་དུས།།
ང་ནི་སུ་ཞིག་ཡིན་པའི་དྲི་བ་འཁྱེར་ཏེ།།
མཆོད་ཀོང་སེར་བོ་དེ་ཚོ་ཕྱིས་ཙམ་བྱས་པས།།
རྙིང་ནས་བྱིན་རླབས་ཆགས་པའི་བ་མོ་མཐུག་པ།།

ཆར་འབྲུ་ཟིམ་ཟིམ་བབས་པའི་རྡོ་ཅལ་སྟེང་དུ།།
རྡོག་རྗེས་གཅེར་བུར་ཕབ་པའི་མགྲོན་པོ་བཞུགས་སམ།།
ཁ་ནས་ཁ་རུ་བརྒྱུད་པའི་དབྱངས་རྟ་ལྷོད་པོ།།
རྩེད་ར་གྲུ་བཞི་ནང་གི་ཆུང་འདྲིས་འདྲ་བོ།།

དགུན་དུས་མོན་ལ་ལོག་པའི་ཁུ་བྱུག་ལོ་ལོ།།
བདག་ལ་ཞེ་ས་མངའ་བའི་གཏམ་དེ་མི་དགོས།།
ཁ་ཞེ་མཉམ་དུ་བསྲེས་པའི་འཁྲེང་སེམས་སྣུམ་པོ།།
བརྩེ་བའི་ཕ་གཞིས་ཕྱོགས་སུ་བསྣམས་ག་ཕེབས་རོགས།།

གནམ་མཐའ་ལྷིང་འཇགས་སྲུང་བའི་བྱ་ཁྱུ་དེ་ཚོ།།
སྤྲིན་ཚོམས་ལག་པས་ཟབ་ནས་ཅི་ཞིག་ཉུག་སྟེ།།
འཁོར་བའི་ཁ་དོག་སྣ་ལྔ་ལྡག་པའི་ཀློང་དུ།།
སུ་ཞིག་འགུམ་པར་གྱུར་ཚེ་མཆི་མ་བཀུ་འོང་།།

རླུང་བུས་རྒྱུན་པར་རེག་པའི་ས་གཞི་འཁྲང་པོ།།
ལག་ངོས་འདི་ཡི་ཕར་ཚུར་ཙམ་དུ་ཟད་ན།།
སེམས་ཀྱི་དབྱིངས་སུ་འབྱམས་པའི་མི་ཚེ་འཕྲོ་མ།།
རོང་ཤུལ་རེ་རེའི་བར་དུ་ཐོགས་པ་ལོས་བདེན།།

སྐྱེས་མཐའ་ད་ལ་ཐུག་པའི་སྲང་ལམ་ཀྱོག་པོ།།
སྨིན་མདུད་ལྷོད་ཀྱིས་དཀྲོལ་བའི་མཛེས་པ་མ་མཆིས།།
ཡིད་ཀྱི་སྲད་བུ་ལས་ཀྱིས་ལྷོ་ལ་འཐེན་ཡོད།།
སེམས་ཀྱི་ཡོལ་གོ་སྨོན་པའི་དྲེག་པས་བཟུང་འདུག།།

འདི་ནས་མི་འགྱང་རི་དང་ཐང་ལ་དཔྱངས་བའི།།
མེ་འཁོར་ལམ་གྱི་བང་རིམ་སྐས་ཟམ་འདྲ་མོ།།
བརྩིས་ཀྱང་ཟིན་ཚོད་མེད་པའི་རྨི་ལམ་ནང་གི།།
སུས་ཀྱང་བརྗོད་པར་དཀའ་བའི་སྣང་བརྙན་འདྲ་བོ།།

ཅི་ཞིག་ཡིད་ལ་གོམས་པའི་རྒྱུད་རིམ་དལ་མོ།།
བརྡ་ཡིས་མ་ཁྲོལ་བདག་ལ་བཅར་འདྲི་གནང་བ།།
ལུས་ཀྱི་ཐོ་ཡོལ་འདི་ཡི་རྐང་མར་ལགས་ཀྱང་།།
དབུགས་ཀྱི་རྒྱུ་བ་འདི་ཡིས་ཅི་ཙམ་འདང་ཨང་།།

སྲང་མདའ་གཞོགས་སུ་ལོ་ཟླའི་ཉིང་ཁུ་འབྱར་བའི།།
ཚེས་རུ་ཟོར་དབྱིབས་མགུལ་གྱི་ཕྲེང་བ་དམར་པོ།།
འཆར་སྣང་ཟ་ཟི་ངོས་ནས་ཕར་ལ་ཞོགས་ན།།
གཏམ་གྱི་བུང་བ་འཕུར་བའི་གླུ་དབྱངས་ལེན་ཡོང་།།

སྔོན་འགྲོའི་རམ་འདེགས་མེད་པར་གླིང་བུ་འབུད་མཁན།།
སུ་ཡིས་གྲེ་བ་མ་བསང་ལྷོད་ཀྱིས་བཞུར་བ།།
ནེའུ་གསིང་འདབས་སུ་འཁྱིལ་བའི་དབྱངས་འགྲོས་ཨེ་ཡིན།།
གནམ་མཐའི་སྐར་མའི་གསེང་ནས་ཚུར་ལ་ཐོས་འདྲ།།

ཚེ་འདི་ཞོགས་ཀ་ཡིན་འདྲའི་སྣང་བ་དྭངས་ལ།།
ཚེ་འདི་དགོང་ཀ་ཡིན་འདྲ་མུན་པ་རུབ་སོང་།།
སྲང་ལམ་གྱ་གྱུ་མང་བ་གང་དུ་ཡིབ་འདྲ།།
ཇ་ཡུན་ཙམ་ལ་རྐང་བྲོ་རྡུང་ཡང་དུབ་པ།།

ལས་ཀྱི་བྱམས་པ་འཕྲད་པའི་སྟབས་ཀ་མ་འགྲིག།
དུངས་བ་སྔོན་པོ་ནམ་མཁའི་མདངས་ལ་འདྲེས་པ།།
གཏམ་གྱི་སྙིང་ལ་རྡེག་པའི་དུས་ཡུན་མག་མོག།
སྲོད་ལ་རྐང་རྗེས་བཙལ་བའི་རྨི་ལམ་འདྲ་བོ།།

ཉེ་འགྱངས་ཀློང་ནས་སེམས་ངལ་སུ་ལ་བཞག་ཡོད།།
རྨི་ལམ་འཁྲུགས་དུས་སྔངས་འཚུབ་ཅི་ཙམ་ལང་མྱོང་།།
འཐོར་རླུང་ཁྲོད་དུ་ལོ་མ་ཁེར་གྱིས་སྤུར་བ།།
སྟོན་མཇུག་སླེབ་པའི་བདག་གི་དངན་པ་རིང་མོ།།

སྔས་འགྲམ་གྱང་ལ་བསླན་པའི་བརྗེད་ཐོ་ལྗང་གུ།།
མཐོང་ས་འདི་ནས་རྙིང་བའི་དུས་ཚིགས་ངོས་སུ།།
ཁབ་རྐྱང་རྩྭ་བར་ལྷུང་བའི་སྔ་གཞུག་ལྟ་བུ།།
འགྲུལ་བའི་ས་ཚུགས་དེ་ཀོ་དྲན་ན་ཕངས་བ།།

ང་ནི་རྒས་པར་དོགས་པའི་དུས་ཀྱི་འཕང་ནས།།
མིག་ཟུང་གཞན་ལ་སྲིང་བའི་གོ་རིམ་འཆོལ་བ།།
ཁྱུག་ཙམ་ངལ་གསོ་བྱ་སའི་བསིལ་གྲིབ་ཁུད་དུ།།
ཚིག་སྣེ་འདི་དག་སྡུད་པའི་ལས་ཀྱིས་བྲེལ་བ།།

མི་ཁོམ་ཟེར་བ་འཁོར་བའི་ཁ་ཆེམས་ཨེ་ཡིན།།
གྲུ་ཟུར་འོད་ཚོགས་འཐབ་པའི་ཉེ་མ་རིང་ན།།
ཝ་ཡེ་ཚུར་ལ་ཕེབས་ཤོག་ཟེར་བ་ཐོས་སམ།།
རོལ་དབྱངས་སྣེ་ནས་ཉེ་སར་བཏུད་འོང་སྙམ་པ།།

འོད་ཀྱིས་མུན་པ་ཁྲིད་ཙམ་བསལ་ཙམ་གནང་དུས།།
དེབ་ཀྱི་ངོས་སུ་མིག་གི་གྲིབ་མ་འཁོར་ཡོད།།
སྐྱོ་གཞས་གཏོང་མཚམས་མ་བཞག་དབྱར་དགུན་བརྗེས་སོང་།།
མགྲིན་པའི་སྦུབས་སུ་དབྱངས་ཀྱི་རོ་མ་ཡོད་དམ།།

དགུ་ཚིགས་ལྷོ་ལམ་བདས་པའི་མཚན་ལྗོངས་དུ་མ།།
སེམས་ཀྱིས་ངལ་གསོའི་བརྟེན་དུ་ཧུབ་ཀྱིས་འཐུང་དུས།།
དྲ་ལམ་སྣེ་ཡི་སེམས་ཚེགས་དུ་ཞག་ཅན་པོ།།
ཡུད་ཙམ་ཡལ་བའི་སྣང་བ་དགུང་དུ་བསྟབས་ཡོད།།

སུ་དག་དཀར་ངོགས་འདི་ལ་དུངས་བའི་གོ་རིམ།།
དཔེ་སྒྲོམ་སྟེང་གི་དེབ་ལ་ཞེན་པས་མི་ཤེས།།
འོད་ལ་སྲེད་ནས་འོད་ཀྱིས་རང་སྲོག་རྔུབ་པའི།།
ཞག་སྒྲོན་ངོས་ཀྱི་ཕྱེ་ལེབ་སྐྱ་བོས་ཤེས་ངེས།།

མཚར་གཏམ་ཐུན་གཅིག་འདྲ་བའི་སྲིད་པའི་ཡོ་ལང་།།
ཚེ་ཡི་ངོས་སུ་བབས་པའི་བ་མོ་སྲབ་སྲབ།།
ཞོགས་པར་གཅེས་པའི་མི་ཕོ་ལས་འཕྲོ་ཅན་དེས།།
གོ་རིམ་མེད་པའི་རྐང་རྗེས་ཅུང་ཙམ་དཔར་ངེས།།

དཀར་ཁུང་སྟེགས་བུ་ངོས་སུ་ལྷོད་ཀྱིས་བབས་ཏེ།།
ཞོགས་དུས་ཀྱུར་ཀྱུར་འཐེན་པའི་བྱིའུ་ཆུང་འདི་ཚོ།།
རྨི་ལམ་སྲབ་དུ་གཏོང་བའི་ལྷ་ཞིག་འདྲ་བ།།
མཁའ་དབུགས་གཙང་མ་རྔུབས་ཞེས་འབོད་པ་བཏང་བ།།

ཉིན་མཚན་སྦྲེལ་བའི་ཀུན་རྟོག་རབ་རིབ་འདི་ག།
ཟོག་པོས་ཀུན་ནས་བསླུས་ཤིང་དམ་དུ་བཟུང་བ།།
ཡུད་ཀྱི་བདེ་སྣང་ཙམ་གྱིས་རྩོལ་བ་ཞི་བས།།
ཚེ་ལ་སླ་ཆོས་ཟེར་བ་འདི་འདྲ་ཡིན་འགྲོ།

ཅིས་ཀྱང་ཐོབ་ན་འདོད་པའི་གླེགས་བམ་དམར་སེར།།
གཡའ་དག་མེ་ལོང་ངོས་སུ་འཐིམ་པའི་ཚུལ་ལ།།
སྟོང་སྙོབ་ལང་མང་ཤོར་བ་དྲན་པས་ཟིིན་དུས།།
ཤེལ་སྒོ་འཇམ་པའི་ཚོར་བ་བག་ཙམ་རྟོགས་པ།།

འདི་ནས་མུ་འབྲེལ་ལམ་དུ་ཅི་ཞིག་བདོག་པ།།
རྟེན་འབྱུང་འོ་ཟོ་ནང་གི་འབྲི་མར་རྡོག་ཅིག།
ཚེ་ཡི་དཔལ་ལ་འབྱོར་བའི་ནོམ་པ་མིན་ཀྱང་།།
ཟློག་མེད་ལས་དབང་ཟེར་བ་སྙད་ས་མཁོ་འདུག།

ང་རང་ལུག་གུ་བཞིན་དུ་གཡུང་བར་བྱས་པ།།
མི་ཡི་ཁ་རུ་འཁོར་བ་ཙམ་གྱིས་མི་ཆོག།
དེ་ལས་ཁུར་དུ་ལྕི་བའི་འབྲས་བུ་དགོས་ཏེ།།
ལམ་ཐག་ཇི་ཙམ་བརྟོལ་བ་སེམས་སུ་ཁྲིག་སེ།།

འདི་ནས་ལྷ་ཡི་ཚོགས་ལ་བརྡ་ཞིག་བཏང་ཡོད།།
བརྡ་དེ་ཤོག་བུ་ངོས་ཀྱི་ཡི་གེ་འབྲུ་གཅིག།
མཚོན་མདོག་ནག་པོ་ཅན་གྱི་ཡིག་འབྲུ་ཁེར་མ།།
ཟུར་ཁ་མང་པོས་སྤུད་པའི་ཆ་ཞིག་ཡིན་རེད།།

ཉི་མ་ནུབ་འཕྲོ་སྒུམ་པའི་མི་རྐྱང་འཁྱམ་པོ།།
རི་ཐང་མེད་པར་སེམས་པའི་བང་མཛོད་ཡིན་དུས།།
མྱ་ངན་འཁྱིལ་བའི་ཟླ་གུར་ཟ་ཟི་ཙམ་ལ།།
ངག་གི་སྡོམ་པ་ཤོར་བའི་གསང་བ་བཤད་ཡོད།།

ཕན་ཚུན་སྦྲེལ་བའི་སྐུད་སྣེ་གང་ན་ཡོད་འདུག།
ཁ་ཡག་ཙམ་ལ་སྤྲོ་བའི་འཕྲོ་འདུ་རྒོད་བྱུང་།།
སྐྱོ་སྣང་མུན་པའི་བང་རིམ་རེ་འགའ་བརྒལ་ཡང་།།
སེར་སྣ་ལྟ་བུ་ལུས་འདི་བདེ་ཐབས་མི་འདུག།

ཡིད་ལ་ཤར་མར་འཁོར་བ་ཅི་ཞིག་ཡིན་རུང་།།
དེ་མུར་ཟྭ་ཞིག་ཐེབས་པར་མྱ་ངན་བྱ་སྟེ།།
སྐྱེ་འཆི་བར་ཐག་ཐུང་བའི་མི་ཡུལ་འདི་ནས།།
མིག་ཟུང་ཟུམ་པའི་ནམ་ཟླ་རིང་བར་འགྱུར་འགྲོ།།

དཀར་གཙང་སྤྲིན་པའི་ཚོམ་བུ་ཤར་དུ་སྐྱོད་དུས།།
སེམས་པ་རླུང་དང་འགྲོགས་ནས་གང་ལ་སྤུར་སོང་།།
སྨྲེང་བའི་མཆི་མས་ས་ཆེན་བྲང་གཞུང་རློན་དུས།།
གཞོན་པའི་དུས་ཚིགས་འདི་ལ་སེན་བྲད་བཏབ་པ།།

མདུན་དང་གཞོགས་སུ་སྤུང་བའི་མཁོ་ཆས་འདི་དག།
སུ་ལ་ཚང་བརྩིས་བརྒྱབ་པ་ལྟ་བུར་ལྷག་པ།།
ཞེན་པའི་འཁྲི་བ་ཙམ་པོས་དམ་དུ་བཟུང་བའི།།
རྒྱབ་ཤ་སྟོང་པའི་མདུན་གྱི་རྨི་ལམ་མཚར་པོ།།

ང་རང་གཉིད་ལས་སད་པའི་ཞེད་སྔངས་ལྟ་བུ།།
མེ་ཏོག་རྩི་ཤིང་དག་ཀྱང་མགོ་ཡོམ་འཁོར་བ།།
གོམ་པའི་འདེག་འཇོག་འཁྱོལ་བའི་མི་ཡུལ་འདི་ནས།།
མཚམས་མེད་དུབ་པའི་རི་ཀླུང་གཡོ་འགུལ་མི་མངའ།།

དགེ་བའི་རྐང་པ་རླུང་གིས་སྐྱོར་མ་བྱས་པའི།།
རིང་ཐུང་མ་ངེས་དུས་ཀྱི་མནར་གཅོད་འོག་ནས།།
ད་ནི་རང་མལ་སྙེགས་པའི་ལམ་ལ་བགྲོད་དགོས།།
ཕན་ཚུན་དམ་ཚིག་ཙམ་ལ་སྨོན་ལམ་གདབ་བོ།།
༢༠༡༤ ། ༠༦ ། ༠༢

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d