སྤོ་ཆུང་ཚང་དོན་གྲུབ་ལྷ་དར།
སྐྱི་ཡ་བའི་རོ་སྒམ་རེའི་ནང་དུ་ཆ་མ་ཚང་བའི་སྐུ་ཕུང་རེ་ནང་མིའི་ལག་ཏུ་མིག་ཆུས་བརླན་ཞིང་འབྱོར། མི་ཡུལ་གྱི་བྱམས་བརྩེ་དང་རྣམ་དཔྱོད་ཀྱི་འགྲུལ་བཞུད་པ་ཞིག་གློ་བུར་དུ་འདི་ ལྟར་འཇིགས་རྟེན་འདི་ནས་ཁ་བྲལ་བ་ནི། ནད་ཅོང་དང་ཉམས་ཐག་ཁྲི་འབུམ་ལ་ཇི་འདྲའི་གསབ་མི་ཐུབ་པའི་གྱོང་གུད་ཅིག་དང་། བཟོད་མི་ཐུབ་པའི་སྐྱོ་གདུངས་རིང་མོ་ཞིག སྐྱེས་མཆོག་ཇཱོ་སིབ་མཱ་རི་ཨལ་བྷར་ཊི་ལཱན་ཇེ་Joseph Marie Albert Lange མཆོག་རང་གི་འཁྲུངས་ཡུལ་ཧོ་ལན་ཌ་ནས་ཨོ་སི་ཊི་རེ་ལི་ཡར་རྒྱལ་སྤྱིའི་ཨེཌ་ཙེའི་ ལྷན་ཚོགས་ཐེངས་ཉི་ཤུ་པར་ཨེཌ་ཙེ་སྔོན་འགོག་བཅོས་ཐབས་ཀྱི་ཞིབ་འཇུག་བརྗེ་ལེན་ ཆེད་ཕེབས་པའི་ལམ་བར་དུ་དགུང་ལོ་ ༥༩ ཐོག་ཕྱི་ལོ་༢༠༡༤། ༧། ༡༧ ཉིན་ཡུཀ་རན་དང་ཨུ་རུ་སུའི་ས་མཚམས་ལ་མཱ་ལེ་ཤི་ཡའི་གནམ་གྲུ་ཨེམ་ཨེཆི་ ༡༧ པ (MH17 ) རྟགས་ཅན་བཀས་འཐོར་གཏོར་ལྷུང་གི་དོན་རྐྱེན་ཁྲོད་འགྲུལ་པ་ ༢༩༨ དང་མཉམ་དུ་སྐུ་སྲོག་ཤོར།
སྐྱེས་མཆོག་ཁོང་གིས་ད་བར་ཨེཌཚེ་ནད་གཞི་སྔོན་འགོག་དང་བཅོས་ཐབས་ཐོག་ཞིབ་འཇུག་ གི་ཕྱག་ལས་རླབས་ཆེན་གནང་བཞིན། ནད་བཅོས་ཞིབ་འཇུག་དང་། སྔོན་འགོག་ལམ་སྟོན་གྱི་བྱམས་བརྩེ་མཐའ་དབུས་མེད་པར་སྦྱིན།
གོ་ལའི་ཐོག་ཨེཌ་ཙེ་དང་དཔལ་འབྱོར་གྱི་དཀའ་ངལ་ཆེ་གྲས་ཨ་ཧྥེ་རི་ཀ་Africa དང་། ཐའེ་ལན་ཌ། Thailand. ནཱི་ཇེ་རིཡ། Nigeria ཊན་ཛ་ནཱི་ཡ། Tanzania དང་། ཀེན་ཡ། Kenya.སོགས་རྒྱལ་མཚམས་མེད་པར་མི་གྲངས་འབུམ་ཕྲག་བརྒལ་བར་འཕྲོད་བསྟེན་འགན་ སྲུང་གནང་ཞིང་། འགན་སྲུང་གི་ཐེབས་རྩ་གསར་འཛུགས་མཛད། ད་དུང་ཨ་ཧྥེ་རི་ཁར་འཕྲོད་བསྟེན་འགན་སྲུང་གི་བུན་དངུལ་གཡར་གཏོང་གནང་བ་སོགས ཁྱེད་ནི་ངོ་མ་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་བ་དང་བྱམས་སེམས་ཀྱི་བདག་ ཉིད་ཆེན་པོ་ཞིག
ཁྱེད་གཤེགས་པའི་གནས་ཚུལ་འདི་ཤེས་དུས་ཨ་ཧྤེ་རི་ཁའི་གླིང་ཆེན་གྱི་ཤ་སྐམ་རུས་ སྐམ་དུ་གྱུར་པའི་ཨེཌ་ཙེ་ནད་པ་ཚོའི་ཉམས་ང་བའི་གཟུགས་གཞི་དང་། ཡི་ཐང་ཆད་པའི་ངོ་གདོང་རྣམས་ཡིད་ལ་འཁོར་འོང་ཞིང་། ཉམས་ཐག་དེ་དག་གི་དོན་དུ་བྱམས་བརྩེ་དང་རྣམ་དཔྱོད་ཀྱིས་མཛད་རྗེས་རླབས་ཆེན་ འཇོག་བཞིན་པའི་དེད་དཔོན་ཆེན་པོ་ཞིག་འདི་ལྟར་གློ་བུར་བཞུད་པ་ཤེས་དུས་འཕངས་ སེམས་སྐྱེས་ཤིང་། དབུགས་རིང་ཤོར།
ཨེཌ་ཙེ་ནད་བཅོས་ཀྱི་མཐའ་འབྲས་མ་ཐོན་གོང་ཁྱེད་འདི་ལྟར་ཕེབས་པ་སྔ་དྲགས་སོང་ལ། ཤ་སྐམ་པགས་སྐམ་གྱི་ནད་པ་ཁྲི་འབུམ་བཞག་ནས་འདི་ལྟར་ཕེབས་པ་ཡིད་སྐྱོ་སོང་།
ཁྱེད་འཚོ་གནས་དང་མཐའ་མའི་འགྲུལ་བཞུད་ཀྱང་འདི་ལྟར་གཞན་དོན་དུ་བཏང་བས། ཁྱེད་ལ་སྐྱེ་སྤྲུལ་ཞིག་གི་འཁྲུངས་རབ་དང་ངོས་འཛིན་མེད་ན་ཡང་། ཁྱེད་ནི་གཞན་དོན་དུ་འཁྲུངས་ཤིང་གཞན་དོན་དུ་ཚེ་སྲོག་ཀྱང་ཕུལ་བའི་རླབས་ཆེན་ གྱི་སྐྱེས་མཆོག་ཅིག་སྟེ། ང་ཁྱེད་ཀྱི་བྱམས་བརྩེ་ལ་གུས་ཤིང་མཛད་བཟང་ལ་སྨོན་པས། ཁྱེད་ལ་མི་ཡུལ་གྱི་བྱམས་བརྩེ་དང་རྣམ་དཔྱོད་ཀྱི་འགྲུལ་བཞུད་པ་ཞེས་ཆེ་བསྟོད་ འབུལ་ན་འདོད།
འགྲོ་བ་ཁྲི་འབུམ་གྱི་ཨེཌ་ཙེའི་ན་ཟུག་སེལ
་ཞིང་། ཚེ་སྲོག་སྐྱོབ་སླད། སྙིང་སྟོབས་ཞུམ་མེད་ཀྱིས་ཨེཌཙེ་དང་མི་ལོ་བཅུ་ཕྲག་དུ་མར་འཐབ་རྩོད་གནང་བའི་དཔའ་བོ་ཆེན་པོ།
ཁྱེད་འདི་ལྟར་ཕེབས་པ་མི་ཡུལ་གྱི་སྐྱོ་གདུངས་དང་གྱོང་གུད་ཡིན་ཡང་། སྐུ་འཚོ་བཞུགས་ཀྱི་ཞབས་རྗེས་ནི་གཞན་ཕན་དང་། རྣམ་དཔྱོད། བརྩོན་སེམས་དང་། སྙིང་སྟོབས་ཀྱི་འགྲུལ་བཞུད་ཅིག་ལགས་པས། སྐུ་ཞབས་ཀེཝིན་རཱོ་བྷར་ཊིས་ Kevin Robert བསྒྲགས་གཏམ་ནང་”ཁོང་ནི་ད་ལྟའི་མིག་མདུན་གྱི་ཨེ་འགོག་ཞིབ་འཇུག་དཔུང་སྡེ་དང་། འཕྲོད་བསྟེན་འགན་སྲུང་ཞབས་ཞུ་བ་རྣམས་ཀྱི་སེམས་ཤུགས་སྦྱིན་མཁན་ཡིན་”ཞེས་ རྗེས་དྲན་ཆེ་བསྟོད་ཞུས་པ་ལྟར། ཁྱེད་མི་ཡུལ་ནས་ཕེབས་ཟིན་ཀྱང་ཁྱེད་ཀྱི་སྙིང་སྟོབས་དང་བྱམས་བརྩེའི་ཉམས་ལེན་ ཇི་སྲིད་བར་མི་ཡུལ་གྱི་ལམ་སྟོན་དུ་ནུབ་པ་མེད་པར་གནས་ངེས།
དེ་རིང་མཁའ་འགྲུལ་བཀས་འཐོར་གྱི་རྐྱེན་ངན་ཁྲོད། ཁོང་ལྟ་བུ་ལྷན་ཚོགས་ལ་བཅར་མཁན་གཞན་དང་། དེ་མིན་ནང་མི་མཉམ་འཛོམས། ཡུལ་སྐོར་སྤྲོ་གསེང་དང་། སློབ་གྲྭའི་གུང་གསེང་ལ་སྐྱོད་མཁན་སོགས། རླབས་ཆེ་བའི་བྱ་གཞག་གཉེར་མཁན་དང་ལྷན་འཛོམས་ཀྱི་ལག་འཇུ་ལ་སྒུག་པའི་མི་གྲངས་ ༢༩༨ ཡོངས་རྫོགས་འཛམ་གླིང་གི་མིག་མདུན་དུ་སྒྱོགས་མདེལ་གྱིས་འདི་ལྟར་བསྡེབས་གསོད་ བཏང་བ་ནི། ཇི་འདྲའི་ཡ་ང་བའི་འཇིགས་སྣང་ཞིག་དང་། ཅི་འདྲའི་བཟོད་མི་ཐུབ་པའི་གདུག་རྩུབ་ཅིག
ད་ལྟ་ཁྱེད་ཚོའི་སྐྱེས་ཡུལ་དང་ལུང་པ། འགད་ཐོར་གྱི་ས་གནས་དང་། ཁྱེད་ཚོའི་རྒྱལ་ཁོངས་ཀྱི་གཞུང་ཚབ་ཁང་སོགས་ལ་ཁྱེད་རྣམ་པའི་ཕ་མ་དང་བུ་ཕྲུག བཟའ་ཟླ་དང་། དགའ་རོགས། གཉེན་ཉེ་གྲོགས་ཚོས་ཡང་ལའི་སྒྲོན་འོད་དང་། མེ་ཏོག དེ་བཞིན་འདྲ་དཔར་དང་མྱ་ངན་གྱི་ཤོག་བྱང་འཁྱེར་ནས་མིག་ཆུ་དང་འཁྲེང་སེམས་ཀྱིས་ ཁྱེད་རྣམས་ལ་འཕངས་སེམས་དམར་པོས་སྐྱེལ་མ་ཞུ་བཞིན་འདུག
མཐར་རང་ཡུལ་གྱི་གནམ་ཐང་དུ་ཕྱིར་ལོག་བྱས་པ་ནི། སྐྱི་ཡ་བའི་རོ་སྒམ་རེའི་ནང་དུ་ཆ་མ་ཚང་བའི་སྐུ་ཕུང་རེ་ཁྱེད་ཅག་གི་ནང་མིའི་ལག་ཏུ་མིག་ཆུས་བརླན་ཞིང་འབྱོར།
ཉེས་མེད་ཁྱེད་རྣམས་འདི་ལྟར་མཁའ་དབྱིངས་ཀྱི་མཐོ་ས་ནས་འཇིགས་དངངས་བརྒྱ་ཕྲག་གིས་ས་རུ་ལྷུང་སྟེ། མཐར་མེ་དཔུང་དང་དུ་ཞགས་ཁྲོད་ལུས་ཕུང་འཐོར་ཅིང་ཚེ་སྲོག་ཡལ་སོང་།
ལྷན་ཚོགས་ཀྱི་ཆ་ཤས་མྱ་ངན་དུ་བསྒྱུར་སོང་ལ། ནང་མི་ལྷན་འཛོམས་ཀྱི་རེ་སྒུག་མིག་ཆུ་རུ་བསྒྱུར་སོང་། སློབ་མ་ཚོའི་སློབ་གྲྭར་བསྐྱར་སློག་གི་གོ་སྐབས་གཏན་ཡལ་དུ་བཏང་སོང་།
ར་ཤི་ཡ་ཁྱོད་ཀྱི་སྡིག་ཉེས་འདི་ཧ་ཅང་ལྕི་བས། ཡོ་རོབ་མཉམ་འབྲེལ་དང་། ཨ་རི། མཉམ་སྦྲེལ་རྒྱལ་ཚོགས་སོགས་ཀྱིས་ངེས་པར་དུ་ཁྱོད་ལ་ལྗིད་ཅིང་རྣོ་ངར་ཆེ་བའི་ ཉེས་པ་གཅོད་རན།
ར་ཤི་ཡས་ཐོག་མར་ཡུ་ཀེན་རན་དུ་བདག་དབང་བཙན་གནོན་གྱིས་དམག་འཁྲུགས་བསླངས་ཤིང་། ད་ལྟ་ཉེས་མེད་འདི་ལྟར་སྒྱོགས་མདེལ་གྱིས་བསྡེབས་གསོད་བཏང་ཡང་། མཉམ་སྦྲེལ་རྒྱལ་ཚོགས་དང་། སྟོབས་ཆེན་རྒྱལ་ཁབ་ཚོས་ཁ་རྡུང་ཙམ་ལས། ད་དུང་ཡང་ར་ཤི་ཡར་ནུས་ལྡན་གྱི་འགོག་གནོན་མ་བྱས་ན། འཛམ་གླིང་གི་འགོ་དཔོན་ཚོར་ཞི་བདེ་དང་འགྲོ་བ་མིའི་ཚེ་སྲོག་རྩ་ཆེན་ཡིན་ཚུལ་ གླེང་བའི་གནས་བབ་འདུག་གམ།
གོ་ལ་འདི་ལ་ད་ལྟ་དང་མ་འོངས་པར་ཞི་བདེ་དང་བདེ་འཇགས་གང་དུ་ཡོད་དམ།
ཇཱོ་སིབ་སི་ཏཱ་ལིན joseph stalin དང་། ཨེ་ཌོལཕ་ཧི་ཊི་ལེར་Adolf Hitler དང་Mao Zedong, མའོ་ཙེ་ཏུང་གསུམ་པོ་ལྟར། སྲིད་འཛིན་པུ་ཊིན་ཁྱོད་ཀྱིས་སྒེར་གཅོད་དང་སྡེབ་གསོད་མཁན་གྱི་ལག་དམར་བ་ཞིག་ གི་ལོ་རྒྱུས་འབྲི་འགོ་བཙུགས་པ་འདི། དུས་རབས་ཉེར་གཅིག་པར་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཡ་ང་བའི་གོ་ཆག་ཡིན་ལ། ཁྱོད་ཀྱི་མི་ཚེའི་ཀུན་སྤྱོད་ཀྱི་ཕམ་ཁའང་ཡིན།
ད་ནས་ངོ་མ་བཙན་པོ་གཉའ་ནས་གནོན་ཅིང་། གཉོམ་ཆུང་ཞབས་ནས་སྐྱོང་མཁན་གྱི་རྒྱལ་ཁབ་དང་། དབུ་འཁྲིད་ཡོད་ན་ཡར་ལ་ལངས་རན་འདུག་ཅིང་། མ་མཐའ་ཡང་པུ་ཊིན་ལྟ་བུའི་ལག་དམར་བ་ཡོ་རོབ་དང་ཨ་རི་སོགས་ལ་སླེབས་སྐབས་འཛིན་ བཟུང་དང་རྒྱལ་སྤྱིའི་ཕྱི་སྐྱོད་ཀྱི་ཐོབ་ཐང་འགོག་པའི་ཐག་གཅོད་བྱ་དགོས།
འཛམ་གླིང་མི་མང་གིས་བཙན་ཤེད་དང་དམག་འཁྲུག་ལ་གྱེན་ལོག་ཡར་ལངས་ཀྱི་འབོད་སྒྲ་ཕྱོགས་མཐའ་ནས་སྒྲོག་ཅིང་། གོ་ལ་དང་ཚེ་སྲོག་སྐྱོབ་རན།
བོད་རྒྱལ་ལོ་ ༢༡༤༡། ཕྱི་ལོ་ ༢༠༡༤། ༧། ༢༦ ཉིན།
ཡོང་ཁུངས་དྲ་བ་གཞན།