ཁ་སྒང་གཡང་འབུམ་ཚེ་རིང་།

༼ཚན་པ་དང་པོ།༽

ཐུགས་རྗེ་ཉི་མ་འོད་དུ་འཛུམ་པའི་ཕྱག་ན་པད་མོ་གཙུག་གིས་བསྟེན།།
རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་བསྡུས་པའི་འཇམ་དཔལ་མཁྱེན་པའི་གཏེར་ལ་འདུད།།
རྒྱུད་མངས་སྒྲ་ཡིས་ངག་གི་དཔལ་སྟེར་དབྱངས་ཀྱི་ལྷ་མོར་དད་པས་འཁྱུད།།
ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྐྱབས་གནས་དཀོན་མཆོག་སྤྱི་བོས་མཆོད།།

གདོད་ནས་མཐུ་དང་སྨོན་ལམ་གཙང་པས་སྟག་འཚེར་ལིམྦིའི་ཚལ་དུ་བལྟམས།།
ཐུབ་བསྟན་རིན་ཆེན་གསེར་གྱི་སྙིང་བོ་འགྲོ་བ་བདེ་བའི་ས་ལ་བཀྲམས།།
འཁོར་བར་མི་ལྟུང་སྐྱེ་རྒུ་འདྲེན་པའི་རྣམ་དག་སྒྲོན་མེ་འོད་དུ་འབར།།
སྲིད་པ་གསུམ་གྱི་ཡུལ་ཁམས་འདི་ན་བྱམས་བརྩེའི་འོད་རླབས་འཛུམ་གྱིས་སྒེག །

རྣམ་འདྲེན་རྒྱལ་བའི་ཞིང་སར་ཟིན་ཀྱང་འཁོར་གནས་འགྲོ་བའི་དོན་ལ་བཞུགས།།
འཁོར་བའི་ཆོས་ཀྱི་རྩ་བ་བཅད་ཀྱང་འཁོར་བར་གནས་རྣམས་ཐུགས་རྗེས་བསྡམས།།
ཉིན་མཚན་དུས་ཀྱི་ཆ་ཤས་རེར་ཡང་གཞན་དག་བདེ་བའི་ཆེད་དུ་བརྩོན།།
གཏིང་དཔག་དཀའ་བའི་ཐུགས་རྗེ་མེ་ཏོག་སྐྱེ་རྒུ་དགའ་བའི་དཔལ་དུ་བཞད།།

སྙིགས་མའི་ལུས་འཛིན་བདུད་ཀྱི་རྐང་བས་འཇིག་རྟེན་ས་ཡི་ལྟོ་བ་རྡུང་།།
འཁྲུག་རྩོད་གདོན་གྱི་མཆེ་བ་རྣོན་པོས་ཕན་བདེའི་སྲོག་རྩ་དུམ་བུར་གཅོད།།
ཉམ་ཆུང་འགྲོ་བའི་སྡུག་བསྔལ་མུན་པ་ཕྱོགས་དང་མཚམས་ན་དྲག་ཏུ་འཐིབས།།
མཐའ་ཡས་སྡུག་བསྔལ་ཉམ་ང་འདི་ལས་སྐྱོབ་པའི་མགོན་དཔུང་ཁྱེད་ལས་སུ།།

གང་སྐུ་ལྗོན་པའི་གྲིབ་བསིལ་འོག་ནས་ཚ་བས་གདུངས་རྣམས་ངལ་གསོ་བསྟེན།།
བསོད་ནམས་ཁུར་གྱིས་དུད་པ་འདི་ཞེས་སྐྱེ་བོ་མ་ལུས་ཁ་ལས་བསྒྲོགས།།
མཚན་གྱི་སྙན་པ་ཐོས་པ་ཡིས་ཀྱང་མི་རྣམས་དད་པའི་སྤུ་ལོང་རྒྱས།།
ངོ་མཚར་རྨད་བྱུང་ཀུན་ཁྱབ་འཕྲིན་ལས་སུ་ཞིག་གིས་ནི་བརྗོད་པར་ནུས།།

མེས་པོ་རྣམ་པའི་ཞབས་རྗེས་དར་ཆ་པོ་ཏ་ལ་ཡི་རྩེ་ལ་བཙུགས།།
རྟུལ་ཕོད་བཙན་པོའི་དཔུང་གི་གྲགས་དཀར་ཡར་ཀླུང་གཙང་བོའི་རྒྱུན་དང་བསྡེབས།།
ལོ་པཎ་མཁས་པའི་དཀའ་སྤྱད་འབྲས་བུ་སྲིད་པའི་ཁམས་ལ་རི་མོར་བྱས།།
བཙན་པོའི་རྒྱུད་ཀྱི་འདས་མ་ད་གསུམ་ཁྱེད་ཀྱིས་འཛམ་གླིང་ཁྱོན་ལ་བཀྲམས།།

སྲོག་ཆགས་ཕྲ་མོའི་བདེ་སྡུག་ཕྱིར་ཡང་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་མཛད།།
ཁ་བ་རི་བོའི་ཆོས་སྲིད་དཀྱིལ་འཁོར་མི་ནུབ་ལྕགས་ཀྱི་ར་བས་བསྐོར།།
འཛམ་གླིང་སྤྱི་ཡི་ཁོར་ཡུག་བསིལ་ཕྱིར་གྲིབ་མ་སྣུམ་པོའི་གདུགས་དཀར་བསྒྲེངས།།
གངས་རིའི་མགོན་པོ་ཁྱེད་ཀྱི་མཛད་རླབས་ས་ཆེན་གཡོ་བའི་དཔལ་དུ་འཕྱུར།།

སྐུ་རབས་སྔོན་མའི་ཐུགས་བསྐྱེད་ཟླ་བ་དུས་བབ་མཁའ་ཡི་ཐིག་ལེར་འཛུམ།།
དུས་འགྱུར་དུས་ཀྱི་འགྲོས་དང་བསྡོངས་ནས་ཀུན་ཕན་བསིལ་ཟེར་འོད་དུ་འཚེར།།
གཉིས་ཕན་དབུ་མའི་ཟབ་ལམ་སྲིད་བྱུས་དཀའ་རྙོག་སེལ་བའི་ཐབས་སུ་སྩལ།།
གངས་རིའི་མགོན་པོ་ཁྱེད་ཀྱི་ཐུགས་དགོངས་ཞི་བདེ་རྒྱ་མཚོའི་གཏིང་ལ་ཟུག།

ཀུན་མཁྱེན་ཡེ་ཤེས་ཛ་ཧུའི་རླབས་བཞིན་ཤེས་བྱའི་ཟེགས་མ་མཁའ་ལ་འཕྱོ།།
ཀུན་མཐུན་ཐུགས་བཟང་ཟླ་བའི་འོད་ལྟར་རིས་མེད་འགྲོ་བའི་དཔལ་དུ་སྦྱིན།།
ཀུན་ལ་བརྩེ་བའི་བྱམས་པའི་ཉི་འོད་སྐྱེ་རྒུ་མཁའ་རུ་ལམ་ལམ་འཚེར།།
ཀུན་གཟིགས་ཁྱེད་སྐུའི་ཆ་ཙམ་བསྟོད་པའི་ནུས་པའང་གཞན་ལ་སྟོང་བར་གྱུར།།

ལེགས་བཤད་གཏམ་གྱི་བདུད་རྩིའི་ཐིགས་པ་ཉམ་ཐག་འགྲོ་བར་ཟས་སུ་བབས།།
ལེགས་ཉེས་འབྱེད་པའི་བློ་མིག་རལ་གྲི་རྨོངས་པ་འཇོམས་པའི་གཤེད་དུ་གདེངས།།
ལེགས་ལམ་སྟོན་པའི་མཛད་སྤྱོད་བཟང་བོ་གདུལ་བྱའི་མིག་གི་དཔྱིད་དུ་མཛེས།།
ལེགས་སོ་ཁྱེད་ཀྱི་མཛད་འཕྲིན་མེ་ཏོག་བསྐལ་བའི་བར་དུ་བཞད་པར་སྨོན།།


༼ཚན་པ་གཉིས་པ།༽

འཇིག་རྟེན་ནོར་གྱི་མཛོད་ལ་མ་ཆགས་ན་བཟའང་ངུར་སྨྲིག་གོས་རྐྱང་བསྣམས།།
ཐོབ་དང་གོ་སའི་དབང་དུ་མ་གྱུར་ཡོད་ཚད་དམངས་ལ་གསོལ་རས་སྩལ།།
མིང་དང་གྲགས་པའི་གཏམ་གྱིས་མ་གཡོས་ཤཱཀྱ་མུ་ནིའི་སྤྱོད་པ་འཛིན།།
མགོན་པོ་ཁྱེད་ཀྱི་ཐུགས་ཀྱི་ཆ་ཙམ་འགྲན་ནུས་སྐྱེ་བོ་སུ་ཞིག་མཆིས།།

གོ་ལ་ཁ་བའི་རི་ཆེན་རྩེ་མོ་རྣམ་རྒྱལ་གངས་སེང་རལ་བས་མཛེས།།
ཉི་མ་ཟླ་བའི་ཟེར་གྱི་བཀྲག་མདངས་གངས་རིའི་འོད་ཀྱིས་ཟིལ་གྱིས་མནན།།
ཁ་བ་གངས་ཅན་ལྗོངས་འདིའི་མཚན་སྙན་མ་བསྒྲགས་ཀུན་གྱི་ཁ་ལས་ལྡིར།།
སྒང་བ་བོད་ཀྱི་བདེན་དོན་གཟི་ཉམས་རི་རྒྱལ་ལྷུན་པོའི་དཔངས་སུ་བསྐྲུན།།

དྭངས་གཙང་བོད་ཀྱི་མཛེས་ལྗོངས་འདི་ཡིས་སྐབས་གསུམ་པ་རྣམས་མགྲོན་དུ་བསུས།།
རིན་ཆེན་གཏེར་གྱི་བང་མཛོད་བཀང་བས་ཀླུ་རྒྱལ་གྲོང་ཡང་ཡིད་མུག་གྱུར།།
ནང་རིག་བཅུད་ཀྱི་གཏར་ཁ་བརྡོལ་བས་རྒྱལ་ཁབ་ཀུན་གྱིས་ཡ་མཚན་བྱེད །།
ཕུན་ཚོགས་ཀུན་ལྡན་གངས་ལྗོངས་ཕྱུག་མོ་གངས་ཅན་མགོན་པོའི་གཡང་ཁྱིམ་ཉིད།།

མདོ་སྔགས་བསྟན་པའི་སྙིང་བོ་ལོན་པས་ཕས་ཀྱི་རྒོལ་བའི་ཀླད་པ་འགེམས།།
ལེགས་ཚོགས་ཀུན་གྱི་རྩ་ལག་རྒྱས་པས་དགེ་མཚན་མེ་ཏོག་ལྷག་པར་དགོད།།
འགྲོ་བ་མ་ལུས་བུ་ལྟར་སྐྱོང་བས་སྲིད་གསུམ་མགོན་པོའི་མཚན་སྙན་ཐོགས།།
མགོན་པོ་ཁྱེད་ཀྱི་གཟི་བྱིན་དེ་ཡིས་ཉི་ཟླའི་འོད་ཀྱང་མུན་པར་བྱས།།

བསྐལ་བ་སྟོང་གི་ཐུགས་བསྐྱེད་ལས་འཕྲོས་ཁྱེད་དང་བོད་མིའི་སྲོག་རྩ་སྦྲེལ།།
ཁྱེད་ཀྱི་སྨོན་ལམ་འཛུམ་པའི་ཟླ་བ་བོད་མིའི་ལས་ཀྱི་མཁའ་ལ་ཤར།།
འོན་ཀྱང་དུས་འགྱུར་རླུང་ནག་འཚུབ་མས་ཁྱེད་ཀྱི་རྩེད་ར་ཆུང་ཆུང་བརླགས།།
འཕྲལ་རྐྱེན་ལམ་ཁྱེར་ཉིན་མོ་དེ་ནས་ཁྱེད་ཀྱི་ལོ་རྒྱུས་འོད་དུ་འབར།།

མུན་པ་སྟུག་པའི་མཚན་མོ་ཞིག་ལ་མགོན་པོའི་ཞབས་ཟུང་བས་མཐར་བསྒྱུར།།
མགོན་སྐྱབས་མེད་པའི་གཞིས་ལུས་བོད་མི་མི་བཟོད་སྡུག་བསྔལ་དྲག་པོས་གཟིར།།
སྲིད་གཞུང་བཙན་པོའི་དྲག་སྤྱོད་དེ་ཡང་ཉིན་རེར་རྩུབ་ནས་རྩུབ་ཏུ་ཕྱིན།།
གཞིས་ལུས་བོད་མིས་གང་ཉིད་དྲན་པའི་གདུང་བ་ཆེ་ནས་ཆེ་རུ་གྱུར།།

ཧི་མ་ལ་ཡི་གོམ་བགྲོད་རེ་རེས་འཛམ་གླིང་ས་ཆེན་གདན་དུ་ཐོབ།།
བུ་ཡུག་འཚུབ་མའི་གྲང་འཁྱག་ཚོར་བས་རྒྱལ་ཆེན་སྟོང་གི་བསྙེན་བཀུར་ཐོབ།།
རྡ་རམ་ས་ལའི་དེའུ་འབུར་ཞིག་གིས་ཞི་བདེ་གཟེངས་རྟགས་ཆར་བཞིན་བབས།།
ཀུན་སྙོམས་མཛད་པའི་ཕྱག་བརྡ་རེས་ཀྱང་ཆོས་ལུགས་མང་བོས་གཙུག་ཏུ་བཀུར།།

བོད་ཀྱི་ལས་དབང་གས་ཆག་ཤོར་བ་སྦྱོར་བའི་འགན་འཁྲི་ཕྱག་ལ་ལྷུང་།།
ཀླ་ཀློའི་དཔུང་གི་གདུག་རྩུབ་མེ་ལྕེ་ཁྱེད་ཀྱི་སྤྱན་བཟང་ནགས་སུ་འབར།།
གཡོལ་དུ་མེད་པའི་རྡོག་འཁྲི་ལྕི་མོ་ཁྱེད་ཀྱི་ཐུགས་རྗེ་སྟོབས་ཀྱིས་བཀྱགས།།
དམར་བོ་གཞུང་གི་སྡིག་ཆེན་སྙིང་ལ་བྱམས་པའི་མཚོན་གྱིས་བསིལ་བ་སྦྱིན།།

དྲག་རྩུབ་ཁྲོ་བའི་མེ་ལྕེ་རབ་འབར་ཞི་བའི་གསུང་གི་ཆར་གྱིས་བསད།།
གཡོ་སྒྱུའི་ཝ་མོའི་མཇུག་མ་རིང་མོ་དྲང་བདེན་སྨྲ་བའི་གྲི་ཡིས་བཅད།།
དུག་ཅན་སྒྱོགས་རྡོ་མེ་མདའི་མཚོན་ཆ་བྱམས་ལྡན་སྙིང་རྗེ་སྟོབས་ཀྱིས་བཀག །
ཁྱེད་ཀྱི་བྱམས་པའི་སྟོབས་ཀྱི་ཡོན་ཏན་བོད་མིའི་སྙིང་གི་རུས་པར་ཟུག །

ཆབ་སྲིད་རྩོད་པའི་ཚོང་ར་ཞིག་ནས་སྐབས་འགར་བོད་པས་བོད་པ་བཙོང་།།
སྲིད་དབང་བཙན་པོའི་བཀའ་ལུང་འོག་ནས་མཚམས་རེར་བོད་པ་རྒྱུག་ཁྱིར་འདུར།།
ཁོར་ཡུག་ཅིག་གི་ཤན་ཞུགས་དབང་གིས་ཡུལ་འགར་བོད་པས་བོད་རིགས་བརྗེད།།
ལྟས་ངན་སྟོང་གི་ཐན་རྟགས་འདི་འདྲས་སྐབས་རེར་བོད་པར་མྱ་ངན་སྟེར།།


༼ཚན་པ་གསུམ་པ།༽

རང་རིགས་བརྗེད་ནས་གཞན་ལ་མགོ་བཏགས་བོད་པ་གཞིས་བྱེས་གཉིས་ཀར་བྱུང་།།
གཞུང་དོན་གཡུགས་ནས་སྒེར་དོན་ལ་གཞོལ་བོད་རིགས་ཉིན་རེར་མང་དུ་ཕྱིན།།
རང་གི་རིག་གཞུང་མཆི་མར་དོར་བའི་ནད་ཡམས་གཞོན་སྐྱེས་ཁྲོད་དུ་ཁྱབ།།
བྱ་བྱེད་ཧ་ཅང་ཐབས་རྡུགས་འདི་འདྲས་མཚམས་རེར་བོད་ཀྱི་མཚན་སྙན་སྣོག།

སྤྱི་ཚོགས་འདི་ཡི་ཟང་ཟིང་གཞོན་ནུ་དུས་འགྱུར་རྒད་མོའི་རྗེས་སུ་རྒྱུགས།།
བོད་མི་རེ་འགའི་བློ་ཡི་རྫིང་བུར་སྦྲུལ་ཟས་ཁྲག་ཅན་སྦལ་བ་གནས།།
ཡིད་བརྟན་འཆོལ་བའི་བོད་མིའི་ཁྲོད་དུ་རང་གཤིས་འཆལ་བའི་ནད་ཡམས་འཕེལ།།
ཐུགས་བློ་ཕམ་པའི་རྒྱུ་རྐྱེན་དེ་འདྲ་མཚམས་རེར་བོད་པས་ཁྱེད་ལ་བྱིན།།

བོད་འདི་སྔོན་ནས་གླེན་རྟགས་ཚ་ཞིང་བག་ཆགས་རྙིང་བས་དམ་དུ་བསྡམས།།
ཕྱི་དང་ཕྱི་ཡི་དགོས་མཁོ་དེ་ཡང་ལྟས་ངན་གདོན་རྫས་ཉིད་དུ་ལྟ།།
ཡང་སྒོས་ནང་གི་ཆིག་སྒྲིལ་དེ་ཡང་སྔ་མོ་ཞིག་ནས་སོ་སོར་འཐོར།།
བོད་མིའི་སྤྱོད་ཚུལ་འདི་འདྲ་མཐོང་ནས་ཁྱེད་ལ་སྙིང་རྗེ་ལྷག་པར་འཁྲུངས།།

ཁྱེད་ཀྱི་མཚན་ཙམ་ཐོས་པ་ཙམ་གྱིས་སྐྱེ་འགྲོའི་སྙིང་ལ་བསིལ་བ་སྟེར།།
ཁྱེད་སྐུར་ཐེངས་གཅིག་སུ་ཡིས་མཇལ་ན་དེ་ཡི་དད་པ་དབང་མེད་འཕྲོག །
ཁྱེད་ཀྱི་མཛད་པའི་རྗེས་སུ་ཆགས་པ་ས་སྟེང་འདི་ན་རྡུལ་ཡི་གྲངས།།
ཁྱེད་ཀྱིས་གང་ཞིག་གསུངས་པ་དེ་ཡང་ཀུན་གྱི་རྣ་ལ་ཤིན་ཏུ་སྙན།།

རྐྱེན་ངན་ཆག་སྒོ་རླུང་གིས་གཡོ་བས་བོད་མིའི་རང་དབང་ས་ལ་ཐོར།།
བཙན་འཛུལ་སྟག་གི་མཆེ་བའི་བར་ནས་བོད་མིའི་ཟུངས་ཁྲག་རྒྱ་མཚོར་བཞུར།།
བདེ་ལྡན་འདྲ་བའི་ཁ་བའི་ཡུལ་ལྗོངས་མི་སྡུག་དམྱལ་བའི་གྲོང་དུ་བསྒྱུར།།
དེ་དུས་བོད་པ་སྐྱོབ་པའི་དཔའ་བོ་འཇིག་རྟེན་ཡུལ་ན་ཁྱོད་ལས་སུ།།

རྒྱ་ནག་འབྱོར་ཐང་འཕྱོན་མའི་གཟུགས་ཀྱི་འཛམ་གླིང་སེམས་ལ་འདོད་པ་བསླངས།།
རྒྱལ་ཁབ་གཞན་གྱི་སྲིད་དབང་གཞོན་ནུ་རྒྱ་ནག་འཕྱོན་མའི་གདོང་ལ་འགུལ།།
བོད་ཀྱི་བདེན་དོན་ལྟ་བའི་མིག་འབྲས་བསླུ་བྲིད་སྤྲིན་གྱི་ཡོལ་བས་བསྒྲིབས།།
ལས་ངན་བོད་ཀྱིི་བདེན་དོན་རྩོད་མཁན་མགོན་པོ་ཁྱེད་ལས་གང་དུ་འཚོལ།།

ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བས་ད་ནི་བོད་པ་ཡར་ལ་ལངས།།
རྒྱས་སྤྲོས་ཕྱི་དངོས་འབྱོར་ཕྱུག་བྲལ་ཡང་ནང་སེམས་ཆོས་ཀྱི་དཔལ་ཡོན་མཐོ།།
འཛམ་གླིང་ཡངས་པའི་མི་རིགས་ཁྲོད་ནས་བོད་པའི་གཟུགས་ཀྱང་མཐོང་བར་གྱུར།།
གངས་ཅན་བོད་མིའི་མིང་བྱང་འདི་ཉིད་ད་ནི་འཛམ་གླིང་ཀུན་གྱིས་ཤེས།།

བོད་མིའི་གཤིས་བཟང་བལ་ལས་འཇམ་ཞེས་ཕྱི་རོལ་མི་ཡིས་ཁ་དར་འཐེན།།
བོད་པའི་རིག་གཞུང་གསེར་ལས་ལྷག་ཅེས་ཕྱི་ནང་མཁས་པས་དུང་སྒྲ་འབུད།།
བོད་ཀྱི་དཀའ་ངལ་སེལ་ལ་རེམ་ཞེས་རྒྱལ་སྤྱིའི་སྟེགས་བུས་གོ་སྐབས་སྤྲོད།།
དགོས་པ་འདི་ཡི་མདོ་རྩ་དེད་ན་དགེ་བའི་དབང་བོ་ཁྱེད་ལ་ཐུག །

བོད་པའི་དཀའ་ངལ་གཅིག་པུ་མ་ཡིན་གཉིས་སྨན་ཐབས་མཆོག་རྩ་བར་བཟུང་།།
རང་བཙན་གཙང་མའི་སྒོ་ཆུང་བཀག་ནས་གཉིས་ཕན་བདེ་བའི་སྒོ་ཆེན་ཕྱེས།།
ཀུན་ཡིད་འགུགས་པའི་ཐབས་ཚུལ་འདི་ཡིས་འཛམ་གླིང་ཧྲིལ་བོར་དཔེ་ཞིག་བསྟན།།
གང་གི་བསམ་ཤེས་གཏིང་དཔག་དཀའ་བས་རྒྱ་ནག་དཔོན་གྱི་མགོ་བོ་རྨོངས།།

ཆོས་ལྡན་བོད་མིའི་སེམས་ཀྱི་སྣེ་མོ་མགོན་པོ་གང་གི་ཐུགས་ཀྱིས་བཅིངས།།
རྩ་བའི་བླ་མའི་བཀའ་གསུང་ཆུ་བོ་འབངས་མི་ལྗོན་པའི་རྐང་བས་འཐུང་།།
རྟ་བདུན་དབང་བོའི་ཟེར་བརྒྱ་ལས་ནི་འདབ་ཁ་མི་གྲོལ་པད་མ་གང་།།
རྒྱལ་བའི་གསུང་གི་བདུད་རྩིས་མི་ཚིམས་ས་སྟེང་འདི་ན་འགྲོ་བ་སུ།།


༼ཚན་པ་བཞི་བ།༽

གཞིས་ལུས་བོད་མིའི་སྙིང་སྟོབས་མེ་ལྕེ་དྲག་ཆར་རྩུབ་པོས་ཡང་ཡང་མནན།།
ཡིན་ཡང་ཚེ་སྲོག་འབེན་དུ་བཞག་ནས་བཙན་པོའི་དཔའ་དར་མཐོན་པོར་བསྒྲེངས།།
མེ་མདའི་སོ་ཁ་སྙིང་ལ་གཏད་ཀྱང་བླ་སློབ་དམ་ཚིག་སྲོག་གིས་བསྲུངས།།
ཟླ་མེད་སྙིང་སྟོབས་རི་རབ་ལྗིད་པས་དབྱིག་འཛིན་ཕང་ལ་ངལ་བ་བྱིན།།

མི་ལོ་ལྔ་བཅུར་དབྱིག་པས་བརྡུངས་ཀྱང་ཞུམ་པའི་མིག་ཆུ་སར་མ་ལྷུང་།།
དྲག་པོའི་དམག་གིས་སྒྱོགས་རྡོ་འཕངས་ཀྱང་སྐྲག་པའི་ལུས་པོ་འདར་མ་མྱོང་།།
གཡོ་སྒྱུ་རྨ་བྱས་སྒྲོ་གདུགས་ཕིབས་ཀྱང་མཛེས་སོ་སྙམ་པའི་མིག་མ་འཁྲུལ།།
བཙན་པོ་བོད་ཀྱི་རང་ཚུགས་རི་བོ་ངན་ཇུས་ཐོག་གིས་གཏོར་མ་ནུས།།

གཞིས་ཀྱི་དཀའ་སྡུག་བྱེས་ཀྱིས་གོ་དུས་སྐྱིད་སྡུག་ལུས་སྲོག་མཉམ་དུ་འཛིན།།
བྱེས་ཀྱི་བརྩོན་པ་གཞིས་ཀྱིས་མཐོང་དུས་དགའ་བའི་མཆི་མ་གཙང་བོར་བཞུར།།
གཞིས་བྱེས་གཉིས་ཀྱི་མཉམ་རུབ་ལག་རྡང་ཧི་མ་ལ་ཡི་རྩེ་ནས་སྦྲེལ།།
བོད་མིའི་རེ་བ་གསོན་པོ་འདི་ཡང་རྡ་ས་བརྒྱུད་ནས་ལྷ་སར་འཐེན།།

མགོན་པོའི་ཐུགས་རེ་གངས་ལ་ཐིམ་པས་གངས་སེང་དཀར་མོའི་གཡུལ་རལ་རྒྱས།།
མགོན་པོའི་སྐུ་ཚེ་བོད་མིར་བསྟིམས་པས་བོད་པའི་བསོད་ནམས་དར་ཞིང་རྒྱས།།
མགོན་པོའི་བཞེད་དོན་ཇི་བཞིན་འགྲུབ་པའི་སྨོན་ལམ་བོད་མིའི་སྙིང་ལ་བསྟི།།
མགོན་པོའི་སྐུ་ཡི་གཟུངས་གཞུགས་མེད་ཚེ་བོད་མིའི་མཆོད་རྟེན་ཇི་ལྟར་བཞེངས།།

ཕྱག་ཟུང་ཐལ་སྦྱར་མེ་ཏོག་ཚོན་བུས་བོད་དོན་འཚོ་སྣོན་སློང་བར་ཆས།།
འཛུམ་དཀར་ཞལ་གྱིས་གཞན་ངོ་སྲུང་བཞིན་བོད་པའི་དཀའ་སྡུག་གཞན་ལ་ཞུ།།
སྐུ་བགྲེས་ལུས་པོ་ངལ་གསོ་མེད་པར་བོད་དོན་སེལ་ལ་གང་སར་བསྐྱོད།།
བོད་པ་ཚང་གི་ཚེ་སྲོག་ཆེད་དུ་ཁྱེད་ཀྱིས་མ་མྱང་སྡུག་གང་ཞིག།

འགྲོ་བ་མི་ཡི་ཐོབ་ཐང་ཆེད་དུ་མང་གཙོ་རང་དབང་འབངས་ལ་བསྩལ།།
མི་རིགས་ཤིག་གི་རྩ་དོན་ལྗོན་པ་ཁྲིམས་ཀྱིས་དབང་བསྒྱུར་ར་བར་བཙུགས།།
ལུགས་མཐུན་འཐབ་རྩོད་འདབ་མ་རྒྱས་པས་འཛམ་གླིང་ས་ཆེན་མཛེས་པར་བྱས།།
བོད་དོན་རྒྱལ་སྤྱིའི་སྡིང་ཆར་བསླེབས་པའི་ས་བོན་འདི་ཡང་ཁྱེད་ཀྱིས་བཏབ།།

དབུ་སྐྲས་དུང་གི་ཁ་དོག་འཛིན་ཀྱང་ཁ་བའི་ལས་དོན་སྒལ་བས་འཁུར།།
རྒས་གཉེར་རི་མོས་ཞལ་རས་ཁེབས་ཀྱང་ཐུགས་སེམས་དར་མའི་སྟོབས་ཤུགས་རྫོགས།།
ཉིན་མཚན་དུས་ཀྱི་ཁྲིག་མ་གཅིག་ལའང་ལྷོད་ལ་བབས་ཏེ་ངལ་མ་གསོས།།
དམིགས་མེད་བརྩེ་བའི་སྙིང་རྗེ་ཆེན་པོ་རིགས་དྲུག་ཀུན་གྱི་སྐལ་དུ་བགོད།།

རྒྱལ་ཁམས་ཀུན་ལ་ཞབས་ཀྱིས་བཅགས་ནས་གདུལ་བྱའི་སེམས་ཀྱི་གདུང་བ་སེལ།།
མི་སྣ་མཐོ་དམའི་ཁྱད་པར་མེད་པར་མཛའ་བརྩེའི་ཕྱག་དང་འཛུམ་གྱིས་བསུ།།
ཆོས་ལུགས་ཀུན་ལ་དབྱེ་འབྱེད་མེད་པར་མཐུན་འབྲེལ་དགོས་པའི་གདམས་པ་གནང་།།
ལྷག་པར་བོད་མིར་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཡང་དང་ནན་གྱིས་གསུངས།།

མཁྱེན་བརྩེ་ནུས་པའི་གཟི་བྱིན་དཀར་པོ་རྒྱུ་སྐར་ཕྲེང་བའི་ཟོལ་དུ་ཤར།།
འགྲོ་བའི་ཡིད་ཀྱི་དང་བའི་མཚོ་ཡང་མཚན་བཟང་དུང་ཟླས་རྒྱས་པར་བྱས།།
ད་དུང་ཁྱེད་ཀྱི་མཛད་རྗེས་རེ་ལ་གསེར་གྱི་རྟགས་མའི་གཏང་རག་ཕུལ།།
ཁྱེད་ཀྱི་སྐུ་ཚེའི་མཛད་པ་རེ་རེར་གཟེངས་རྟགས་སྟོང་གིས་རྣམ་པར་བརྒྱན།།

མཐོན་པོའི་དཔོན་ལ་ངོ་དགའ་བྱེད་པའི་ཚུལ་འཆོས་མེ་ཏོག་ཕྱག་ན་མེད།།
དམའ་བའི་མི་ལ་དམའ་འབེབས་བྱེད་པའི་དུག་གི་ཚེར་མ་དེ་ཡང་མེད།།
མཐོ་དམའ་ཀུན་ལ་མཉམ་པར་གཟིགས་པའི་པད་དཀར་མེ་ཏོག་ཕྱག་ན་བཞད།།
མར་གྱུར་འགྲོ་ལ་ཕན་པར་བཞེད་པའི་འཇིག་རྟེན་དོན་སྒྲུབ་བློས་མི་དཔོག།


༼ ཚན་པ་ལྔ་བ། ༽

བྱམས་བརྩེའི་ས་བོན་གང་སར་གཏོར་བས་ཀུན་ཕན་ལས་ཀྱི་འདབ་ལོ་གྲོལ།།
ཞི་བདེའི་མེ་ཏོག་རྒྱན་དུ་སྤྲས་པས་མཛའ་མཐུན་བུང་བའི་གཤོག་སྒྲ་དགོད།།
ཀུན་ཁྱབ་བསམ་བློའི་སྒྲོན་མེ་སྦར་བས་སྒེར་གཅོད་ལྟ་བའི་མུན་པ་བཅོམ།།
ཚུལ་ཁྲིམས་དག་པའི་མཛད་སྤྱོད་དེ་ཡིས་སྡིག་ཆེན་དཔུང་ཡང་དུལ་བར་བྱས།།

ཕྱི་ཡི་རྒྱལ་ཁབ་གང་དུ་ཕེབས་ཀྱང་ཞི་བདེ་ཐུགས་ཀྱི་རྩེ་མོར་བསྐྱོན།།
ཕྱི་ནང་མི་སྣ་སུ་དང་འཕྲད་ཀྱང་བདེན་ཚིག་མེ་ཏོག་མཐོན་པོར་འདེགས།།
ཕྱི་རོལ་ཡུལ་གྱི་རྒྱལ་ཁམས་འདི་ནས་བདེན་མཐའི་རྒྱལ་མཚན་གང་སར་བསྒྲེངས།།
ཕྱི་དང་ནང་གི་བྱ་བཞག་ཡོད་ཚད་བདེན་དོན་གཏན་ཚིགས་རྐྱང་བས་སྒྲུབ།།

ཆོས་ཚུལ་ཟབ་མོ་ཉམས་སུ་ལེན་ཅིང་ཏིང་འཛིན་སྒོམ་ལ་རྒྱུན་དུ་བཞུགས།།
ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ཐུགས་བསྐྱེད་འོད་ཀྱི་དཀྱིལ་དུ་འཛིན།།
སྐད་ཅིག་ཙམ་ཡང་བཞུགས་དབང་མེད་པར་གསང་གསུམ་སྒོ་ནས་འགྲོ་དོན་སྐྱོང་།།
གངས་རིའི་མགོན་པོའི་མཛད་པ་མཐོང་ན་ལྷ་ཆེན་ཡིན་ཡང་དང་བ་སྐྱེས།།

གོ་མཚོན་སྤྱོད་པའི་གཡུལ་འཐབ་ལ་སོགས་ཁྱེད་ཀྱིས་ཞི་བའི་ཐབས་ཀྱིས་འདུམ།།
སྟོབས་འབྱོར་འགྲན་པའི་ཡོ་ལང་དེ་ཡང་ཁྱེད་ཀྱིས་སྡུག་གི་གཞི་མར་གཟིགས།།
རང་དོན་གཅེས་པར་འཛིན་པ་ཀུན་ཀྱང་ཁྱེད་ཀྱིས་བདུད་ཀྱི་འཕྲུལ་དུ་སེམས།།
འཁོར་བའི་བྱ་ལས་འདི་འདྲ་འདིས་ཀྱང་ཁྱེད་ཀྱི་ངལ་གསོའི་དུས་ཚོད་འཕྲོག།

ལྟེ་ཁྲག་གངས་རིའི་ལྗོངས་ལ་འཐོར་ཡང་མཛད་འཕྲིན་འཕགས་ཡུལ་ཞིང་ནས་མཆེད།།
མཁས་བཙུན་བཟང་བོའི་གྲགས་པ་དཀར་བོས་ཤར་ནུབ་གདུལ་བྱ་མགྲོན་དུ་བཀུགས།།
འཆད་རྩོད་རྩོམ་པར་ཐོགས་པ་མེད་པས་མཁས་པ་ཀུན་གྱིས་མགོ་བོས་གཏུགས།།
འཕགས་ཆེན་དམ་པའི་ངང་ཚུལ་འདི་འདྲས་བདུད་སྡེ་དཔུང་ཡང་ཟིལ་གྱིས་གནོན།།

ཐོས་བསམ་སྒོམ་པའི་དཀའ་སྤྱད་དེ་ཡིིས་ཤེས་བློའི་རྨོངས་པ་རྩད་ནས་བཅད།།
ཐབས་ཤེས་ཟུང་གི་ལམ་སྣ་གཉིས་པོ་དགོས་འདོད་འབྱུང་བའི་གཞི་རུ་བསྟན།།
ཐམས་ཅད་སྟོང་བའི་ཆོས་ཉིད་དེ་ཡང་རྟེན་འབྲེལ་ངོ་བོར་སྦྱར་ནས་གསུངས།།
འཁོར་བའི་ཚུལ་ལུགས་ཇི་བཞིན་གཟིགས་པས་འཁོར་བ་པ་རྣམས་ཐུགས་རྗེས་སྐྱོང་།།

བསྟན་དང་འགྲོ་ལ་མཆོག་ཏུ་གཅེས་པས་ཕྱིན་དྲུག་བདུད་བཞིའི་སྒོ་བརྒྱ་འབྱེད།།
སྐལ་ལྡན་རྣམས་ལ་རང་བློར་འཚམ་པའི་དགོས་འདོད་ཆོས་སྒྲ་ཆར་དུ་སྙིལ།།
རྣམ་འདྲེན་བཞི་བའི་རྗེས་འཇུག་ཁྲོད་ན་ཁྱེད་ཀྱི་སྙན་པ་ཡང་རྩེར་སོན།།
རྫོགས་ལྡན་དུས་ཀྱི་ཐ་མ་འདི་ལ་ཁྱེད་ནི་སྟོན་པ་ཡང་དག་ཅིག །

མེས་པོ་གོང་མའི་ཞབས་རྗེས་དཀར་བོ་ཁྱེད་ཀྱིས་སྲིད་པའི་རྩེ་ལ་བཀོད།།
ལོ་པཎ་རྣམས་ཀྱི་ཤུལ་བཞག་ཁྱད་ནོར་ཁྱེད་ཀྱིས་སླར་གསོ་གོང་དུ་སྤེལ།།
ཁ་འཐོར་སོང་བའི་མི་རིགས་འདི་ཡང་ཁྱེད་ཀྱིས་བརྩེ་ཞེན་དྲག་པོས་བསྡུས།།
དུས་རབས་གསར་བའི་སོ་མཚམས་འདི་ནས་ཁྱེད་ཀྱིས་རིགས་ཞེན་དཔའ་དར་བཙུགས།།

ཆིག་སྒྲིལ་མེད་པའི་རང་གཟུགས་དེ་ཡང་ང་དགུའི་ལོ་ལ་ལྷག་པར་གསལ།།
རང་འཕུང་ནོར་འཁྲུལ་ངེས་པའི་རྟགས་སུ་ད་ནི་མཐུན་སྒྲིལ་ལག་རྡང་སྦྲེལ།།
བཙན་པོའི་རྣམ་ཤེས་ཚུར་ལ་འཁོར་བའི་དན་རྟགས་ཤིག་ཀྱང་འདི་ནས་མཐོང་།།
རང་གི་མི་རིགས་རང་གིས་བརླག་པའི་སྲོལ་རྒྱུན་ནག་པོར་རྫོགས་ཚིག་བཀོད།།

གཅིག་གི་དཔུང་རྩ་གཅིག་གིས་སྐྱོར་པའི་ཆིག་སྒྲིལ་ལྕགས་ཐག་དམ་པོར་དཀྱུས།།
བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་འབོད་སྒྲ་འཛམ་གླིང་ཡོངས་ལ་སྒྲོགས།
མགོན་པོ་བོད་དུ་གདན་འདྲེན་དགོས་པའི་འབོད་སྐུལ་ངུ་ངག་ཀློང་ནས་ཞུ།།
གངས་ཅན་བོད་མིའི་སྐྱོ་གདུང་མཆི་མ་གཙང་བོར་འདྲེས་ནས་རྒྱ་མཚོར་འབབ།།

འགའ་རེས་རང་ལུས་མེ་རུ་སྦར་ནས་རང་རེ་བོད་ཀྱི་རྩ་དོན་རྩོད།།
འགའ་རེས་རང་སྲོག་དཔང་དུ་བཞག་ནས་བདེན་པའི་མཐའ་དེ་སེལ་ཐབས་བྱེད།།
ཁ་ཅིག་སྲིད་ཀྱི་སྟེགས་བུར་འགྲེང་ནས་ཕུ་ཐག་རིང་བའི་སྲིད་བྱུས་འདིང་།།
བོད་མིའི་ཞུམ་མེད་བློ་སྟོབས་འདི་ཡིས་སྒེར་གཅོད་གཞུང་དེར་དངངས་སྐྲག་བསླངས།།

ཁྱེད་ཀྱི་ཡང་དག་ལམ་སྟོན་ཡོད་ན་གངས་ཅན་བོད་པའི་བློ་རྩ་བདེ།།
ཁྱེད་ཀྱི་སྐུ་ལུས་ཐང་བོར་བཞུགས་ན་གངས་ཅན་བོད་པའི་སེམས་པ་སྐྱིད།།
ཁྱེད་ཀྱི་འཕྲིན་ལས་མཚོ་ལྟར་རྒྱས་ན་གངས་ཅན་བོད་ལ་རླུང་རྟ་དར།།
མདོར་ན་ཁྱེད་སྐུའི་བ་སྤུ་རེ་ཡང་གངས་ཅན་བོད་པའི་སྲོག་དང་འབྲེལ།།

ཉམས་ཤིང་རྒུད་པའི་མི་རིགས་འདི་ཉིད་མགོན་པོས་དུས་ཀུན་སྐྱོང་དུ་གསོལ།།
གཞིས་བྱེས་འཛོམས་པའི་དགའ་སྟོན་དེ་ཡང་མྱུར་བ་མྱུར་དུ་ཤར་བར་ཤོག།
པོ་ཏ་ལ་ཡི་རྩེ་མོ་དེ་ནས་རྒྱལ་བའི་འཛུམ་ཞལ་མཇལ་བར་ཤོག།
ཡང་སྒོས་འཁོར་གནས་སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཞིང་ལ་འགོད་པར་ཤོག།

བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་སུམ་ཅུ་སོ་བརྒྱད་ཟླ་ལྔ་བའི་ཚེས་ལྔ་དང་། ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་༧པའི་ཚེས་༦སྟེ་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཝཱཎ་མཐོ་སློབ་ཏུ་མཇུག་རྫོགས་པར་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d