གཅན་མེ་ཏོག  ༼མཚོ་ནུབ༽

སྲིན་པོ་རྫ་རིའི་རྔམ་ཟིལ་ཁྲོད
མེ་ཏོག་གློ་ཁ་ཞིག་མངོན་ཆུང་གིས་བཞད་པ་ནི
སྤྱན་གྱི་མེ་ཏོག    སེམས་ཀྱི་མེ་ཏོག
ལས་དབང་དབྱངས་སུ་གྲུབ་པའི་མཛེས་སྡུག
མཛེས་སྡུག་བྱེ་བ་བརྒྱ་ཕྲག་ལས་འོད་དུ་འཚེར་བ་དེ

མུན་པ་ནི་འཇིག་རྟེན་གྱི་གྱོན་གོས་ཡིན་ཡང
ང་ལ་མི་དགོས
སྤྲིན་པ་ནི་ནམ་མཁའི་རྒྱན་ཆ་ཡིན་ཡང
ང་ལ་དེའང་མི་དགོས
མུན་པ་དང་སྤྲིན་པ་མཐའ་དག་རྒྱང་དུ་དོར་ཤུལ་དུ
ང་ལ་དུས་ཚིགས་ཞེས་པ་ཞིག་ཡོད་པས་ཆོག
ཤ་ཁྲག་སྒྱུ་མའི་ལུས་ཀྱི
སྐྱེ་རྒ་ན་འཆི་ལྟ་བུའི
དགའ་སྐྱོ་ཆགས་སྡང་བཞིན་གྱི
དུས་ཚིགས་བཞི་བོ་ཡོད་པས་ཆོག

རང་བྱུང་ཁམས་ཆེན་མོའི་སྨྲ་སྒོ་འགག་པ་བཞིན
མཛེས་སྡུག་ཡོད་ཚད་རྨང་ནས་ཞིག་ནའང
སྤྱན་གྱི་མེ་ཏོག་ལ་ལྷན་པ་མི་དགོས་ལ
འཇའ་ཚོན་ལྟ་བུའི་སྒེག་ཆོས་ཀྱང་ག་ལ་དགོས་ཏེ
ངས་འཚོལ་བཞིན་པ་གཟུགས་མེད་ཀྱི་ཁ་དོག་དམར་པོ་ཞིག

ཆུ་མོར་རྣམ་ཤེས་འཁོར་མི་སྲིད་ན
རྡོ་བར་ཚེ་སྲོག་ཐོགས་མི་སྲིད་ན
འཇམ་མཉེན་དང་སྲ་མཁྲེགས་ཀྱི་ཚོར་བ་དག་ཀྱང
ང་ལ་ཅི་ལ་དགོས
ང་ལ་དགོས་པ་ནི་ཟླ་འོད་ལྟ་བུའི་ཟིལ་ཐིགས་དེ་ཡིན

ས་སྲོད་ཀྱི་དུས་སུ
མི་རྣམས་ཕྱིར་རང་ཡུལ་དུ་ལོག་སྲིད
དེ་དུས
ངས་གཏེར་ལེན་ཁ་རུ
ཧེ་ཙིས་ཨ་ཅེ་དྲན་པ་བཞིན་ཁྱེད་རང་དྲན་གྱིན་ཡོད
སྙིང་ཉེ་བའི་མི་ལགས

ངས་རང་གི་དགོས་མཁོ་ཡོད་ཚད་ལ་ཞིབ་རྩིས་ཤིག་བརྒྱབ་དུས
སྤྱན་གྱི་མེ་ཏོག་ནི་ཡོད་ཚད་ཡིན་པ་འདྲ

  ༢༠༡༤-༠༨-༡༨ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: