པདྨ་ཆོས་སྒྲོན།

    མཉམ་འཛོམས་ནི་ངེད་ཚང་གི་གཟའ་མཇུག་སྐྱེལ་སྟངས་ཡིན། ཐེངས་འདིའི་གཟའ་སྤེན་པའི་དགོང་མོར་གྲོགས་པོ་ཉིན་བྱེད་ངེད་ཚང་ལ་སླེབས། ཁོང་གི་གླེང་མོལ་ཤེར་རྟོགས་སྨྲ་བ་ཉི་ཚེ (Friedrich Nietzsche 1844-1900) ནས་མགོ་བཙུགས། ཉི་ཚེ་ཡི་བརྩམས་ཆོས་ནང་གི་མི་སྣ་གཙོ་བོ་ཛར་རྡོ་སི་རྡར་(Zarathustra) ལ་ཉི་ཚེ་ཡིས་དང་བླངས་ཀྱི་སྤྲང་བོ་ (voluntary beggar) ཞེས་ཐ་སྙད་འདི་ཆེད་དུ་བཟོས་སྐོར་ཉིན་བྱེད་ཀྱིས་ཨ་མཚར་ངང་བཤད།

        དང་བླངས་ཀྱི་སྤྲང་བོ། ཐ་སྙད་འདི་ང་རང་ལ་མཚོན་ན་བློ་སྒོ་འབྱེད་བའི་ལྡེ་མིག་ཅིག་ཏུ་གྱུར།  དེར་བརྟེན་ངས་ཉི་ཚེ་ཡིས་བཤད་པའི་དང་བླངས་ཀྱི་སྤྲང་བོའམ། ཁོང་གིས་ཀི་རི་སིའི་ལྷ་སྒྲུང་དང་འབྲེལ་བའི་མི་སྣ་ཛྭར་རྡོ་སི་རྡར་བཞེངས་སྐྲུན་གནང་སྟངས་ལ་ལྟ་ཀློག་བྱས་པ་ཡིན། ང་རང་ཉིད་ཀྱི་གོ་བ་ལེན་ཕྱོགས་ལྟར་ན། ཉི་ཚེ་ཡིས་འགྲོ་བ་མིའི་རིགས་འདི་རང་རྒྱུད་ཀྱི་ཤེས་བརྩོན་ཁོ་ནར་བརྟེན་ནས་ཀུན་བཏགས་ཀྱི་བསླུ་བ་ལས་མ་གྲོལ་བར། ལྷའམ་འཇིག་རྟེན་བྱེད་པོའི་དངོས་གྲུབ་ཀྱི་མཐུ་ནུས་ལ་བརྟེན་ནས་ས་ལམ་གཅོད་ས་ཞིག་ཡོད་པར་མི་འདོད་སྟབས། སྐྱེས་བུ་གང་ཞིག་ཁྱད་འཕགས་པ་ (over man) ཞིག་ལ་འགྱུར་དགོས་ན། དེང་ཐོག་རང་གི་ལྟོ་གོས་གཏམ་གསུམ་ཀྱི་ཆགས་ཞེན་དང་དེའི་རྩོལ་བ་དོར་ནས། ཆོད་སེམས་དང་འགྲན་སེམས་ཀྱིས་ཀུན་ནས་སློང་བའི་མི་ཞིག་ཡིན་དགོས་ཤིང་། སྐྱེས་བོ་དེའི་རིགས་ཀྱིས་ད་གཟོད་ཁྱད་འཕགས་ཀྱི་འཚོལ་སྙེག་མངོན་འགྱུར་ཐུབ་པར་བཤད། དེ་བས་ཉི་ཚེ་ཡི་སྨྱུག་ཁ་ནས་འཁྲུངས་བའི་ཛྭར་རྡོ་སི་རྡར་ནི་མཚན་ཉིད་པའམ་ཤེར་རྟོགས་སྨྲ་བ་ཞིག་སྟེ།  ཁོས་ཛྭར་རྡོ་སི་རྡར་ལ་དང་བླངས་ཀྱི་སྤྲང་བོར་བཏགས་པའི་རྒྱུ་མཚན། ཛར་རྡོར་གྱིས་རང་གི་རྒྱུ་ནོར་ཚང་མ་ཡུལ་སྡེ་གཅིག་པའི་གྲོང་མིར་སྦྱིན་པ་བཏང་རྗེས།  ཁྱད་འཕགས་ཀྱི་འཚོལ་སྙེག་སྟེ། དྲང་བདེན་དང་ཞི་བདེ་མངོན་གྱུར་ཆེད། ལག་སྟོང་མཆན་ལ་བཙུར་ཏེ་གྲོང་གསེབ་ནས་རི་ཤོད་ལ་གཤེགས་པར་བཤད།

ཁོར་ཡུག་ཅིག་གི་ཆ་ནས་བཤད་ན། ས་འདིར་དཀྲོགས་གཏམ་ཀྱི་བྲིན་ཁ་ཀུན་ནས་རྒོད་སྟབས། ནག་པོ་ཆགས་མི་འོས་པའི་མི་ཞིག་ནག་པོ་བཟོ་རྒྱུར་སྐར་ཆ་འགའ་ཡིན་ལ། དཀར་པོ་མིན་པའི་མི་ཞིག་དཀར་པོ་ཆགས་རྒྱུར་ཡང་སྐར་མ་ཁ་ཤས་རེད། སྣང་ཚུལ་འདིས་ང་ལ་ཁོ་བོ་སྟེ(ཀླུ་མཁར་བྱམས)དང་འབྲེལ་བའི་ཡག་བཤད་སྡུག་བཤད་ཚང་མ་རྣ་རྒྱབ་ཀྱི་རླུང་བུ་ཡིན་པ་སྨྲས་མེད་ཀྱང་། ལོ་གཉིས་ལ་མཉམ་པོར་བསྡད་རིང། ངས་ཁོ་རང་ལ་གཞན་ལས་ཆ་རྒྱུས་ནས་གཏིང་རྒྱུས་ལོན་ཡོད་སྟབས། མི་འདིའི་བྱ་སྤྱོད་སྒྱུ་རྩལ་གྱི་བརྡ་སྐད་ཅིག་གིས་མཚོན་པར་བྱེད་དགོས་ཚེ། དང་བླངས་ཀྱི་སྦྲང་བོ་ཟེར་བ་འདི་ནི་དཀོན་མཆོག་གི་དངོས་གྲུབ་ལས་མ་འདས། འོན་ཏེ། ཁོའི་སྟེང་ན་དང་བླངས་ཀྱི་སྤྲང་པོ་ཞིག་གི་སྤྲང་རྟགས་ཡོད་ན་ལས། སྐུ་ཞབས་ཉི་ཚེ་ཡིས་བློས་བསླངས་བྱས་པའི་ཛར་རྡོ་སི་རྡར་ནང་བཞིན་གྱི། འགྲན་སེམས་དང་། ཆོད་སེམས་ཡོད་རབས་བཤད་ན་དེ་ནི་ངན་པའི་རང་བསྟོད་ཙམ་དུ་འཁུམས།

ང་རང་སློབ་གྲྭར་ཡོད་པའི་སྐབས་ཤིག་རེད། སྤྱི་ཚོགས་མེ་ལོང་སྟེང་ཀླུ་མཁར་བྱམས་ལ་བཅར་འདྲི་བྱས་པ་ཞིག་ཀློག་མྱངས་ཡོད་ལ། བཅར་འདྲི་དེའི་ནང་ཁོས་ང་ཉམ་ཆུང་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་དཔུང་བྱེད་རྒྱུར་དགའ་ཡང་།  རང་ཉིད་ཉམ་ཆུང་དང་ཁས་ཞན་བྱས་ནས་འདུག་རྩིས་མིན་ལ། དེ་བཞིན་ང་བཙན་པོའི་གཉའ་ནས་གནོན་རྒྱུའམ་འགྲན་རྩོད་བསླང་འདོད་ཡོད་མོད། རང་ཉིད་བཙན་པོ་དང་དབང་ཤུགས་ཅན་ཞིག་ཆགས་འདོད་མེད་སྐོར་བརྗོད་འདུག  དེ་ནི་ངས་ཀླུ་མཁར་བྱམས་དང་ཁོའི་སྐད་ཆར་སྐད་ཆ་ཞིག་གི་ངོས་ཐད་ནས་དོ་སྣང་བྱས་པ་ཐོག་མའང་ཡིན། ཕྱིས་སུ་ངེད་གཉིས་གྲོགས་པོ་ཁ་མཐུན་ནས་ལས་མཐུན་གྱི་ལམ་ཁ་འདིར་ཞུགས་པའི་རྗེས་སུའང་། ངས་ཁོ་རང་ལ་གོང་གི་སྐད་ཆ་དེ་ནང་འགལ་རེད་ཅེས་ཁ་རྩོད་རྒྱག་མྱངས་ཡོད།

ཁོས་འཚོ་བར་འཛིན་པའི་རྣམ་འགྱུར་དེ་ལྟར་ཡིན་རབས་དང་། ད་དུང་ཁོས་འདོད་ཆགས་དང་ཞེ་སྡང་གཉིས་པོ་ངའི་ཚེ་སྲོག་གི་གསོན་ཤུགས་ཡིན་ལ། དེ་མེད་པའི་ཉིན་མོར་ང་ཚར་ཚར་བ་རེད་ཟེར་བ་སོགས། གོ་བ་མེད་པའི་རྡོ་ཅི་བཞིན་མུ་མཐུད་སྐད་ཆ་སྐོར་ལོག་རྐྱང་རྐྱང་བཤད་ཀྱིན་འདུག  ངའི་ངོ་ཤེས་རེ་འགས་སྐྱེས་པ་ཆུང་མས་འགྱུར་བ་གཏོང་མི་ཐུབ་མཁན་མེད་པས། ཁྱོས་ཁོང་གི་ལྟ་ཚུལ་ལ་འགྱུར་བ་གཏོང་དགོས་ཟེར་ནས་ང་ལ་བློ་རྩ་ཕུལ་མཁན་བྱུང་ཡང་། ངས་བསམ་གཟས་ནས་ཁོ་ཚོར་འཇིག་རྟེན་གྱི་ཆུང་མ་ཡོད་ཚད་ཟླ་བོ་གདུལ་སྦྱོང་ཆེད་སྐྱེས་པ་མིན་སྟབས། ཁོང་གི་བསམ་ཕྱོགས་གང་ཡིན་འགྱུར་བ་གཏོང་མི་འདོད་ཅེས། བསླབ་བྱ་དེ་རིགས་ང་ལ་འགྲོ་ས་མེད་པ་བཟོ་ཡི་ཡོད་ལ། ཡང་ཁོས་ངའི་ཁ་ལ་མ་ཉན་པ་ཙམ་ཀྱིས། ངས་རང་ཉིད་ནུས་མེད་ཅིག་ཡིན་པའི་ངོས་འཛིན་དེ་བས་བྱ་མི་འདོད་མོད། མཚམས་རེར་(བརྩེ་བ་སྟེ)གཟུགས་མེད་ཀྱི་སྤུ་གྲི་འདིའི་འོག་མགོ་མི་སྒུར་བའི་ཕོ་ཁྱོ་ཀ་ཞིག་མེད་རབས་བཤད་པའང་དེ་མིན་གྱི་འགྲེལ་བཤད་གཞན་ཞིག་ཡོད་འདུག་ཨང། དེ་ནི་ངའི་དོགས་པའི་ངོས་ཀྱི་དོགས་པ་ཡིན།

སྐབས་དོན་དང་བླངས་ཀྱི་སྤྲང་བོ་ཞེས་པའི་ཐ་སྙད་འདིའི་དམིགས་པ་རྒྱ་ཆེ་མིན་དང་། ནང་དོན་གཏིང་ཟབ་མིན་ལ་མ་ལྟོས་པར། དེ་རིང་ངེད་གཉིས་ཀྱི་སྐྱ་ཆད་སྔོ་སྡུག་གི་འཚོ་གནས་ཀྱི་ཁ་སྟབས་འདི་ཡང་དང་བླངས་ཀྱི་སྤྲང་བོ་ཟེར་བའི་ཐ་སྙད་འདི་ལ་སྦྱར་ན། དེ་ནི་ཧ་ཅང་མིང་དོན་མཚུངས་པར་ངེས། འོན་ཀྱང་། ངས་རང་གི་ཁྱོ་ཀ་ཛྭར་རྡོར་གྱི་དོ་ཟླར་འུར་བསྟོད་བྱས་པ་མིན་ལ། རང་ཉིད་སྐུ་ཞབས་ཉི་ཚེ་ཡི་ཁ་གཏད་དུ་འགྲེང་འདོད་ཀྱི་ཧམ་སེམས་དེ་བས་མིན།

གོང་ནས་ངའི་བཟའ་ཟླའི་ལྟ་གྲུབ་དང་འབྲེལ་བའི་སྤྲང་གཤིས་ཁྲོམ་ལ་བཤམས་ཟིན་ན། ད་ནི་ཁོའི་གོམས་གཤིས་དང་འབྲེལ་བའི་སྤྲང་རྟགས་དངོས་མ་རྣམས་ཞིབ་འབྲི་མ་བྱས་གོང་། གྲོགས་པོ་ཚོའི་ཁ་རྒྱུན་དུ་ཁོ་བོར་ (ཨ་རོ་)དང་། ཡང་ན་(སྐུ་ངོ་) ཞེས་པའི་འབོད་སྟངས་གཉིས་ཡོད། སྔ་མ་ཡུལ་སྐད་ལ་མཐོང་ཆུང་བྱས་པར་བགྲང་དགོས་ཚེ། ཕྱི་མ་ནི་རྡ་སའི་དབང་འཛིན་པ་ཚོར་རྒྱུག་པ་ལེབ་རྡུང་ཡིན་པ་གོར་མ་ཆགས། རྒྱུ་མཚན་ཁོ་རང་སྐུ་ངོ་ཕར་ཞོག་རྐུབ་གཡོག་ཙམ་ཡང་མིན་མཁན་ཞིག་ལ་(སྐུ་ངོ་)ཞེས་བོས་པར་གོ་རྒྱུ་ཅི་ཡོད་གསལ་བོ་རེད། མ་གཞི་མི་འདིའི་སྤྲང་གཤིས་ལ་དགོད་བྲོའི་གཏམ་རྒྱུད་སྣ་ཚོགས་ཡོད་པ་ལས། གཅིག་ནི་ཁོ་རང་དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་ལ་མ་འདེམས་གོང་དེར། གངས་སྐྱིད་ཀྱི་ར་སྟོད་བླ་བྲང་དུ་ཁང་བ་གླས་ནས་སྡོད་སྐབས། འགྲམ་གྱི་ཆུ་དབར་ཟ་ཁང་དུ་ལོ་བཅུ་ལ་ཟིན་ཡོད་མེད་ཀྱི་རྒྱ་གར་གཡོག་ཕྲུག་ཅིག་ཡོད་ཅིང་། ཕྲུ་གུ་དེ་བོད་སྐད་ཆུ་རྒྱུགས་རྒྱུགས་ཡོད་སྐད་འདུག  གཡོག་ཕྲུག་གིས་“ཨ་རོ་་་་་ལྟོ་ཟ་རན་སོང་། ཁ་ལག་ཁྱེར་ཡོང་ཡོད་”ཞེས་བོས་པར། ཁོས་གཡོག་ཕྲུག་དེར་ “ག་རེ་་་ཁྱོད་་་ང་ལ་་(སྐུ་ངོ་)ལབ་ནས་འབོད་མི་ཤེས་སམ་”ཞེས་བརྙས་བསྐུལ་བར།

གཡོག་ཕྲུག་གིས་ “རང་སྐུ་ངོ་མིན་པཱ” ཞེས་ཚུར་ཀྱག་ཀྱག་བྱས། དེ་མུར་ཁོས་ “ཨ་་་ང་སྐུ་ངོ་ག་འདྲ་སེ་མ་རེད་་ཤོད་མ་གཏོགས་་་་ ལས་སླ་བོ་འཇོག་གི་མིན་” ཞེས་པར། གཡོག་ཕྲུག་གིས་སླར་ཡང་ “ སྐུ་ངོ་ག་འདྲ་སེ།  མཚན་ལ་ཆང་འཐུང་ནས་ཉལ་ཡ་མི་འདུག  ཉིན་མོར་ལངས་ཡ་མི་འདུག  ”ཅེས་བརྗོད། དེ་མུར་ཁོས་“ མཚན་ལ་མ་ཉལ་ན་   སྐུ་ངོ་མ་རེད་སུས་ཟེར།   ཨ་ཁྱོད་་་” ཅེས་ངར་འཁོལ་ཁུལ་བྱས་པར། གཡོག་ཕྲུག་ཕར་འགྲོ་ཞོར་“ རང་ཕྱི་རུ་འགྲོ་ན་ཁང་པ་སྒོ་ལྕགས་ཀྱང་རྒྱག་གི་མི་འདུག་ག  དེ་འདྲ་སྐུ་ངོ་ཡོད་རེད་པཱེ ” ཞེས་བརྗོད་པར།

དེ་མར་ཁོ་རང་རྒྱུག་ནས་གཡོག་ཕྲུག་གི་ཨམ་ཅོག་འཐེན་ཞོར་ “ མི་ཆོག   ཁང་པ་སྒོ་ལྕགས་མ་རྒྱབ་ན་སྐུ་ངོ་མིན་པ་ག་འདྲ་སེ  ཁྱོད་ལ་ང་སྐུ་ངོ་མིན་པ་བཤད་ཡ་མི་འདུག་ག”ཅེས་མུ་མཐུད་བརྙས་བསྐུལ།
དེ་ནས་གཡོག་ཕྲུག་ངར་ལངས་ཏེ “ ཧུན་་ཁྱོད་་་ཁ་ལག་ཟས་རྗེས་པེ་ཤག་(སྒོར་མོ་) མི་འདུག  རྟག་པར་ཐོ་བརྒྱབས་ནས་འགྲོ་གི་འདུག  བྱས་ན་རང་་” ཞེས་བརྗོད་པ་དང་། དེ་མུར་གཡས་གཡོན་གྱི་མི་ཚང་མས། ཆོ་ཀྲོ་(རྒྱ་གར་གྱི་སྐད་དེ་མི་གླ་ཆུང་ཆུང་ཚོར་འབོད་སྟངས་ཤིག)བདེན་པ་རེད། ཁོ་སྐུ་ངོ་ག་ནས་ཡིན་ཞེས་ཚང་མ་གད་མོ་འུར་ཆིལ་ལེར་ཕྱིན། ཁོས་ཀྱང་གཡོག་ཕྲུག་རྒྱལ་བའི་ཟོལ་གྱིས་ཨམ་ཅོག་ནས་གློད་སོང་ཟེར།

སྒྲུང་འདི་ངས་མཁན་པོ་འཇུ་བསྟན་སྐྱོང་གི་ཁ་ནས་གོ་བ་ཞིག་ཡིན་ལ། ཁོང་གི་བཤད་སྟངས་ཀྱི་རྣམ་འགྱུར་དེས་ང་གཙོས་པའི་འདུག་རོགས་ཚང་མ་གད་མོས་སྒྱུ་མའང་མ་ཉོག་གྲབས་བྱེད། དེ་ནི་ངེད་གཉིས་མ་ཐུག་པའི་ཡར་སྔོན་གྱི་སྤྲང་སྒྲུང་ཚན་པ་ཞིག་སྟེ། ཁོའི་གྲོགས་པོ་ཚོའི་ཁ་རྒྱུན་ལ་ཁྱབ་འདུག

སྤྲང་བོ་མ་ཤི་ན་སྤྲང་སྒྲུང་ལ་འཛད་མཐའ་གང་ན་ཡོད།  སྐབས་དེར་ངེད་གཉིས་ངོ་ཤེས་ནས་ཞེ་དྲག་ཕྱིན་མེད་ལ། ཇ་ཁ་ཆང་ཁའི་ངོ་ཤེས་ཙམ་ཡིན། ཉིན་ཞིག་ཁོས་ང་ལ་ “ཨ་རོ་་་་་སྒོར་མོ་ཉི་ཤུ་ཨེ་ཡོད། ང་མེག་ལོར་ལ་ཅིག་འགྲོ་དགོས་ཡོད་”ལབ་སོང་། ངས་གློ་ཁུག་ནང་སྒོར་ལྔ་བཅུ་ཙམ་ཡོད་པ་འབུལ་རྐྱང་བྱས་ཤིང་། རྡ་སའི་གླ་འཁོར་གཏོང་མཁན་ཚོའི་དངུལ་སིལ་མ་མེད་རབས་ཀྱི་གཡོ་སྒྱུར་ང་རང་ཐེ་བའི་ཚང་མ་སུན་བསྡད་ཡོད་སྟབས། ངས་ཁོང་ལ་དངུལ་སིལ་མ་མེད་ན་ཁག་མེད་བསམ་སོང་། ད་ཆ་བསམ་བློ་བཏང་ན་ཉི་མ་དེར་ཡང་ཨ་ཕོར་སྒོར་ལྡོག་ཉི་ཤུ་ཡོད་མེད་དོགས་པ་རེད།

སྐབས་དེར་དཔེ་མཛོད་ཁང་ནས་དཔེ་ཀློག་ཐན་ཐུན་རེ་བྱས་རྗེས། ཕྱི་ལོག་གི་རྡོ་བཀྱག་སྟེང་མངར་ཇ་འཐུང་ནས་དུས་ཚོད་སྐྱེལ་རྒྱུ་དེ་ང་ཚོའི་གོམས་གཤིས་སུ་འཇགས་ཡོད།  དེ་ཉིན་གཟའ་སྤེན་པའི་ཕྱི་དྲོ་ཞིག་ཡིན་པ་ཡོད། ཉིན་བྱེད་ཀྱིས་མེག་ལོར་ལ་སྦི་རག་འཐུང་གི་འགྲོ་ཟེར། དགོང་ཁར་ངེད་ཅག་གསུམ་པོས་སྦི་རག་རྒྱགས་ཚད་འཐུང་བ་དང་། རྩིས་དེ་ཉིན་བྱེད་ཀྱིས་བརྒྱབ་སོང་། ཕྱི་ཉིན་ང་ཚོ་མཉམ་དུ་འཛོམས་ནས་ཇ་རིན་ངས་སྤྲད་པ་ཡིན་བསམ་སོང་། ངེད་ཅག་གསུམ་པོ་སུ་ལའང་སྒོར་མོ་མེད་པ་ཙམ་མ་ཡིན་པར། སྒོར་ཁུག་མེད་པར་ཤོག་སྒོར་འགའ་ཡོད་ན་གང་བྱུང་གློ་ཁུག་ཏུ་འཇུག་རྐྱང་ཡིན་པ་ནི་ཐུན་མོང་གི་སྤྲང་རྟགས་ཡིན་ལ།  ཉིན་བྱེད་ལའང་སྒོར་ཁུག་མེད་པ་དེ་དུས་ངས་དོ་སྣང་བྱུང་།

བཤད་སྟངས་བྱས་ན། ཁོ་བོར་ཉིན་རེར་ལྟོ་དུས་གསུམ་བྱུང་ན་འགྲིག་པའི་འཚོ་བར་འགྱུར་བ་ཐེབས་པ་དང་།  ངེད་གཉིས་འཇིག་རྟེན་མཐུན་འཇུག་གི་ལམ་ལ་ཕྱིན།  ང་ལ་ཆང་ས་ཞེས་པའི་རྟེན་འབྲེལ་གྱི་འགྲོ་ལུགས་མ་བྱུང་ལ། ཕྲ་ཆེམ་ཆེམ་གྱི་ཕ་ལམ་མཛུབ་དཀྲིས་ནི་རྨི་ལམ་དུའང་མེད་རུང་། དྲོད་སོབ་སོབ་ཀྱི་ཁྱིམ་གཞིས་ཆུང་ཆུང་ཞིག་གི་ནང་། མགྲོན་ཚུར་ཡོང་འཛུམ་གྱིས་བསུ་དགོས་པ་ནི་མ་ཡིས་བུ་མོར་གདམས་པའི་མདོ་ཡིན་ལ། བོད་པ་ཚང་གི་ཡ་རབས་ཁྱིམ་སྲོལ་ཟེར་ནའང་འདི་རང་རེད། ངེད་གཉིས་མཉམ་པོར་བསྡད་པའི་རྗེས་སུ་ཁོ་བོར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ལ་འདེམས་ཐོན་བྱུང་བ་ལྟར། དེ་ནས་གླ་ཆ་ཞིག་ལེན་རྒྱུ་བྱུང་བ་ནས་གླ་ཕོགས་བླངས་མ་ཐག  གྲོགས་པོ་ཚོ་དང་ལྷན་དུ་ཤ་བཙོས་ཆང་འཐུང་ཞོར། རྩོམ་རིག ལྟ་གྲུབ། འཐབ་རྩོད་སོགས་ལབ་གླེང་སྣ་ཚོགས་སྒང་ཕྱིན་དེ་དུས་ཚོད་སྐྱེལ་རྒྱུར་སྤྲོ་སྣང་ཡོད་མོད།  སྐྱིད་པོ་བཏང་དྲགས་ན་ཟླ་མཇུག་ལ་སླེབས་དུས་བག་ལེབ་ཉོ་བྱེད་ཡོད་མེད་སོགས། མདོར་ན་ང་ལྟ་བུ་དང་བླངས་ཀྱི་སྤྲང་བོ་ཞིག་གི་ཁྱིམ་བདག་མའི་སེམས་ཁྲལ་ནི་འདི་འདྲ་ཆུང་ཙག་ཅིག་ནས་མགོ་བཙུགས་སོང་། ཁོ་བོར་མི་ཚེ་སྐྱེལ་སྟངས་ལ་ཕུགས་རྒྱང་རིང་བའི་འཆར་གཞི་དགོས་ངེས་ཡིན་པ་བཤད་ན།   “ང་ལ་སྒོར་མོ་མེད་པ་གཟི་བརྗིད་ཡིན། ང་སྒོར་མོ་ཅན་ཞིག་ཏུ་གྱུར་ཚེ་་་་བོད་ཀྱི་འཐབ་རྩོད་པ་ཚོ་སེམས་པ་སྐྱོ་ངེས་རེད”ཟེར་བ་ སོགས། སྤྲང་གཏམ་གནམ་སར་མི་ཤོངས་བ་རེ་བཤད་ནས་ང་རང་ནག་འཐོབ་མེར་བཏང་འགྲོ    ད་དུང་ཕར་ཨུ་ཚུགས་བརྒྱབ་ན། ཁོས་སྒོར་མོ་མེད་པ་ནི་མ་འཇོན་པ་ཞིག་ལ་མི་བགྲང་ཁར། མི་ཚེ་རིན་ཐང་གྲངས་ཀའི་ཁྱད་པར་མིན་རབས་བཤད་ནས་མཐའ་ལ་སྐྱེལ་རྐྱང་ཡིན།

དེ་མཚུངས་ཁྱིམ་ཆས་དང་གོན་པ་མང་བོ་རིགས་ལ་མི་འདིས་དགྲ་ལྟར་ལྟ་ཞིང་། ཅིག་ལ་བྱིན་ཤོག་དང་། ཡང་ན་གཡུག་ཤོག་ཟེར་རྐྱང་ཡིན། ངས་བསམ་བློ་བཏང་ན། དེ་ནི་གཅིག་ནས་ཁོའི་མགོའི་ཞྭ་ནས་རྐང་གི་ལྷམ་ཡན་ཆད་དགའ་ཉེ་གྲོགས་པོ་ཚོས་སྤྲད་རྐྱང་བྱས་པས་སྐྱག་ལང་ཤོར་བ་ཡིན་རྒྱུ་རེད། ཁྱིམ་ཚང་གི་དགོས་འདུན་བཤད་ན་འོན་པའི་རྣ་ལ་ཆོས་བཤད་རེད། མི་འདི་ལ་སྒོར་མོ་ཡོད་མྱོང་མེད་ལ། ཐ་ན་དངུལ་ཁང་གི་འཛིན་བྱང་ཙམ་ཡང་མེད། ཁོ་ལ་གྲོགས་པོ་ཚོས་སྒོར་ག་ཚོད་སྤྲད་པ་ཚང་མ་ཆུར་གཡུག་པ་ལྟར་བརྗེད་ཚར་ལ། ཁོས་མི་ལ་སྤྲད་པ་དང་གཡར་བ་རེས་འགའ་ཡོད་སྲིད་མོད་དེའང་སྣང་མེད་རང་རེད། གལ་སྲིད་ཁོང་ལ་སྒོར་མོ་འགའ་ཡོད་པའི་དབང་དུ་བཏང་ཡང་། དེ་ཚོ་ཚོར་བའི་རྗེས་སུ་གཏོང་བ་ཙམ་ལས། སེམས་ནང་གི་བརྩི་མཐོང་ཞིག་མེད་པ་ཧ་ཅང་གསལ་བོ་རེད། དཔེར་ན། ཁོས་དངོས་པོ་ཞིག་ཉོ་སྐབས། བཙོང་མཁན་གྱིས་འདི་གོང་ཆེན་པོ་རེད། ཁྱོས་ཉོ་ཐུབ་མི་ཡོང་ལྟ་བུའི་རྣམ་འགྱུར་ཕྲ་མོ་ཙམ་ཞིག་བསྟན་པ་མཐོང་ཚེ། ཅ་ལག་དེ་ཉོ་རྐྱང་བྱེད་མཁན་ཞིག་དང་། ཐ་ན་ཅ་ལག་གང་ཞིག་ཉོས་ཚར་རྗེས་དངུལ་ལྷག་ཚུར་ག་ཚོད་སློག་ཡོད་མེད་ལ་གྲངས་རྩིས་ཙམ་ཡང་རྒྱག་སྲོལ་མི་འདུག

ཡང་ཁོ་རང་གི་གྲོགས་པ་ཚོར་ནམ་རྒྱུན་སྤྲོ་སྣང་ཅན་གྱི་སྒྲུང་ཞིག་བཤད་རྒྱུ་ཡོད་པ་ནི། ཐོག་དང་པོར་ཁོ་རང་ཡོ་རོབ་ལ་ཕྱིན་སྐབས་ཀྱི་གནས་ཚུལ་ཞིག་སྟེ། རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་གྲོལ་རྗེས་ཚོགས་ཞུགས་པ་རྣམས་ཁྲོམ་ལ་ཉོ་བཅའ་རྒྱག་ཏུ་ཁྲིད། སྐབས་དེར་ཁོའི་ལག་པར་མང་ན་ཡོ་སྒོར་བརྒྱ་ལས་མེད་ཀྱང་ཕྱེད་ཀ་ཞིག་ལྕགས་ལོར་བརྗེས་ནས། ལམ་ཁ་གཡས་གཡོན་གྱི་ཡུལ་མི་སྤྲང་པོ་ཚོར་སྦྱིན་པ་བཏང་ཞིང་། ཁོས་རང་ཉིད་ཨེ་ཤ་ཡ་ནས་ཡིན་པའི་སྐྱབས་བཅོལ་བ་སྐྱོ་བོ་ཞིག་གིས། སྟོབས་ལྡན་རྒྱལ་ཁབ་ཏུ་བཤད་པའི་ཡུལ་མིར་སྦྱིན་པ་གཏོང་རྒྱུ་ནི་སྣང་བ་སྐྱིད་པོའི་ཀྱག་ཀྱག་ཅིག་རེད་ཟེར། ཕན་སེམས་མིན་པའི་ཕར་བྱིན་ཞིག མི་འདིས་འདི་ལྟར་སྒོར་མོ་ཡོད་ན་རྩེད་མོ་རྩེད་སྤྱད་བྱེད་རྒྱུ་སྣང་དོགས་གང་ཡང་མེད། མཚམས་རེར་རྡ་ས་ནས་ཕྱི་རྒྱལ་མི་སྣ་རེ་འགའ་དང་མཉམ་དུ་ཟ་མ་ཟས་རྗེས།  ཁོས་་་་་དུས་རབས་ཉེར་གཅིག་ནི་ཨེ་ཤ་ཡའི་དུས་རབས་ཡིན་པས། ངས་ཟས་རིན་སྤྲད་ཆོག་ཅེས་ལག་སྔ་གང་མགྱོགས་བྱེད་རྒྱུར་ཧ་ཅང་དགའ།

ཁ་སྔོན་ཁོང་ཨི་ཊ་ལིར་ཕྱིན་ནས་ཚུར་ལོག་སྐབས། ང་ལ་ལོ་རྒྱུས་རང་བཞིན་གྱི་རྔན་པ་ཐོག་མ་དེ་ཉོས་ནས་སླེབས་སོང་། ཁོས་ “རྔན་པ་རྩ་ཆེན་པོ་ཞིག་ཉོས་ཡོད་”ཅེས་ཕྱི་བཏུམས་ནང་བཏུམས་རྒྱབ་པའི་སྤྲས་ཤོག་བྱུག་མགོ་བརྩམས་སྐབས། ཁོས་རྩ་ཆེན་ལ་དེ་ཙམ་གྱི་ཡིད་ཆེས་མེད་པའི་ངའི་སེམས་སུ། ལྟོས་ཨ། ཡང་བེད་སྤྱོད་རྐང་གཅིག་མེད་པ་ཞིག་ཡིན་ཤག་རེད་བསམ་པ་བཞིན། རྔན་པ་དེ་ནི་ས་རྫའི་ཇ་ཕོར་ཡུ་རིང་ཞིག་རེད་ལ། སྟེང་དུ་སྤྱང་མོ་ཞིག་གིས་མི་གཉིས་ལ་ནུ་མ་སྣུན་གྱིན་པའི་རི་མོ་བྲིས་འདུག ཡག་ག འདི་ནི་རོམ་གྱི་ལོ་རྒྱུས་མཚོན་དོན་གལ་ཆེན་ཞིག་རེད་ཟེར། རེད་ཡ། སྤུས་ཀ་དང་སྒྱུ་རྩལ་ནི་ཁོ་བོར་རིན་ཐང་བྲལ་བ་ཞིག་ལོས་ཡིན་མོད། ཨ་ཧོ་་་་་  ས་ཐག་རིང་ནས་ཉོས་པའི་རྔན་པ་རྩ་ཆེན།  ཡོ་སྒོར་བཅུ་ལྷག་སྤྲད་འདུག་ཀྱང་། དེའང་བཤམས་རྒྱུ་ཞིག་ལས་སྤྱོད་སྒོ་ཅན་ཞིག་མིན་ཙང་།  ཁྱིམ་ཚང་གི་འགན་འཁྲིའི་ངོས་ནས་བཤད་ན་ང་དེར་རྔན་པ་ཞིག་ཏུ་བརྩི་ཐང་མ་སླེབས།

དགོང་མོ་གཉིད་མ་ཁུག་པའི་སྐབས་སུ་ཁོ་བོར་མ་འོངས་པའི་འཆར་གཞི་ཅི་ཡོད་ནན་འདྲི་བྱས་ཚེ། ཁོས་“ སྔོན་མ་འུ་གཉིས་ག་འདྲ་སེ་ཐུག་པ་རེད”ཟེར་བ་ལྟ་བུ་དང་། ཡང་ན་“སྐྱེས་པ་སྔོན་མར་ངས་ཁྱོད་ངོ་ཤེས་ཀྱི་ཡོད་ན་”སོགས་འདས་ཟིན་པ་ཞིག་ཁོའི་ཞེ་རུ་འཁོར་འགྲོ་ལ། ད་དུང་མ་འོངས་པ་དང་འབྲེལ་བའི་ལན་རྒྱག་རྒྱུར་ཨུ་ཚུགས་བྱས་ཚེ། ཁོས་“ངས་ཁྱོད་སྤག་སྤག་གི་འཕོང་ལ་བསྐྱོན་ནས་ལ་དྭགས་དང་། ཀ་ཤི་མཱར་སོགས་སུ་འཆམ་འཆམ་་ལ་འཁྲིད་ཐག་ཆོད་ཡིན” སོགས་ཟེར་སྲོལ་ཡོད།། དེ་ལབ་པ་མིན། འཚོ་བའི་སྐོར་ཅེས་བཤད་པར། ཁོས་“ངེད་གཉིས་ཀྱིས་ཧི་མ་ལ་ཡའི་རྫ་གསེང་ཞིག་ནས་སྨྱུག་ཁང་ཆུང་ཆུང་ཞིག་བརྒྱག་རྒྱུ་བྱུང་ཕྱིན། དེར་ཁྱིམ་བྱ་འགའ་གསོ་ས་ཞིག་དང་། སྔོ་ཚལ་འདེབས་ས་ཆུང་ཆུང་ཞིག་བྱུང་སོང་ན། དེ་དུས་དེབ་ཀློག་ནས་ཚེ་མཇུག་བསྐྱལ་ཆོག་གི་རེད”ཟེར་བ་སོགས། འཆར་གཞི་མ་ཡིན་པའི་སྟོང་བཤད་འདི་ཚོས་ངའི་ཁ་འགོག་ཐབས་བྱེད་ཀྱིན་འདུག ཡོང་གི་མ་རེད། ད་ཁྱིམ་ཚང་དང་བུ་ཕྲུག་སྐོར་བསམ་བློ་གཏོང་དགོས་པ་རེད་སོགས་ཕར་ཁོང་ཁྲོར་བསྟན་པར། ཁོ་འུ་ཐུག་པའི་རྣམ་འགྱུར་དང་བཅས། མ་འོངས་པ་ཞེས་པ་ག་ལེར་བུད་ཡོང་ནི་རེད། བོད་རྒྱལ་ཁབ་ཀྱི་མ་འོངས་པ་མི་ངེས་ས་ན། ངེད་གཉིས་ཀྱི་མ་འོངས་པ་ཞིག་གང་ནས་ཡོད་ཟེར།

བདེན་བདེན་འདྲ་བོའི་གནས་ལུགས་དེར་ངས་ཅི་ལྟར་ངོ་ཟློག་བྱ་མིན་མི་ཤེས་མོད། དེ་ནི་རང་ཉིད་ཀྱི་ད་ལྟའི་གནས་བབ་ལ་ཆོག་ཤེས་མེད་པའམ། ཡང་ན་བུད་མེད་ཀྱི་སེམས་ཁམས་ཞེས་པའི་རྐྱེན་གྱིས་རེད། གང་ལྟར་མ་འོངས་པ་དང་། མ་འོངས་པ་ཞེས་འདྲི་རྒྱུར་དགའ་བ་ཅི་ཞིག་ལན་པ་ངས་ཀྱང་མ་ཤེས། ཁོ་བོར་མཚོན་ན། བོད་རང་བཙན་དང་ཁྱིམ་ཚང་གཉིས་ཀྱི་གང་གཙོ་བོར་འཛིན་མིན་ད་དུང་མོག་མོག་ཡིན་མོད།  མཚམས་རེས་རང་དབང་དང་རང་ཁྱིམ་ལྡན་པའི་སྟེང་གི་རང་བཙན་ནི་ལྷ་ཡུལ་དངོས་ཡིན་པ་བཤད་མྱོང་ལ། ལྷ་སྒྲུང་ལྟ་བུ་སྐད་ཆ་འདིས་ང་ལ་འཇའ་ཚོན་ལྟ་བུའི་རྨི་ལམ་ཞིག་ཡིད་ལ་འཁོར་དུ་བཅུག་ཐེངས་རེར། ང་རང་ལྷ་ཡུལ་དངོས་མ་དེར་འགྲོ་མཁན་གྱི་སྐལ་ལྡན་མ་ཡིན་པའི་རང་བརློམ་བྱ་ཆོག་གམ། ངས་ཀྱང་མ་ཤེས།

ང་ལའང་ལྟོ་གོས་ཕྱོགས་ཀྱི་དགོས་འདུན་དེ་ཙམ་ཆེན་པོ་མེད་ལ། བསམ་བཞིན་རྩོད་ལེན་མི་བྱེད་པའང་ངའི་གཤིས་ཀ་མིན། ཁམས་དྭངས་པའི་ཁྱིམ་ཚང་ཆུང་ཆུང་ཞིག་ནས་དེབ་ཀློག་རྒྱུར་དགའ་བའི་ཁོ་རང་དང་མཉམ་པོར། འཛམ་གླིང་ཤར་ནུབ་ཀྱི་གནས་ཚུལ་སྣ་ཚོགས་གླེང་སའི་གྲོགས་པོ་ཚོར་རང་ཉིད་ཀྱིས་ལག་ཟས་སྤྲོད་རྒྱུ་ནི་སྣང་བ་དག་པའི་ལས་ཀ་ཞིག་དང་། རང་ཉིད་ཀྱང་ལབ་གླེང་སྣ་ཚོགས་ཀྱི་མཁའ་དབུགས་ཁྲོད་དུ་དུད་སྨུག་ཆིལ་ལེར་རྐང་བརྐྱངས་ལག་བརྐྱངས་ཀྱིས་མཉམ་ཞུགས་བྱ་རྒྱུ་དེ་ནི་མི་ཚེ་ཐུང་ཐུང་འདིའི་བདེ་སྐྱིད་ཅིག་ལོས་ཡིན་མོད། མཚམས་འདི་ནས་ངས་ན་མཉམ་ཀྱི་གྲོགས་མོ་ཚོར་ནང་མོལ་གྱི་ཆེད་དུ་ཞུ་རྒྱུ་ཞིག་ལ། ང་རང་ནང་བཞིན་དང་བླངས་ཀྱི་སྤྲང་པོ་ཞིག་གི་ཁྱིམ་ཐུབ་ཡིན་ཕྱིན། རང་རང་ས་ནས་ཤུགས་སྣོན་བརྒྱབས་ན་མ་གཏོགས། ཨོ་ས་མ་སྤི་ལ་ཊན་གྱི་བདག་མོ་ཚོས་ཀྱང་རང་རང་གི་རྒྱན་ཆ་ཡན་ཆད་བཙོང་ནས་ཁྱོ་ཀའི་བྱ་བཞག་སྟེང་བཏུམས་དགོས་བྱུང་བ་སོགས།    འཇིག་རྟེན་གྱི་བྱ་བ་ཚང་མ་བཤད་ཚོད་ཐུག་པ་ཞིག་མིན་སྟབས།

ང་ཚོར་ཡང་ཁྱིམ་ཚང་དང་བུ་ཕྲུག་གི་ཆེད་དུ་ཞེས་འཆར་གཞི་ཞིག་དགོས་ངེས་ཅན་ཡིན་ན། དེ་རིང་ངས་མི་འདོད་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ནས་ལས་ཀ་ལས་རྒྱུའི་ངལ་བ་དང་དུ་ལེན་དགོས་ཐུག་ཡོད་ལ། མདོར་ན་འདི་ནི་དང་བླངས་ཀྱི་སྦྲང་བོ་ཞིག་གི་རྩ་ནས་ལྷག་པའི་ཁྱིམ་ཐབ་མའི་གནོན་ཤུགས་ཐོག་མ་ཡིན། སོང་ཙང་ངས་ད་ཆ་བརྩམས་སྒྲུང་དང་། འཁྲབ་གཞུང་། ཡིག་བསྒྱུར་སོགས་རང་ཉིད་ཀྱི་དགའ་ཕྱོགས་དང་། དེར་སྙེས་ནས་རྔུལ་ཆུ་དང་ལྷན་དུ་ཤོག་བུ་དང་གློག་ཀླད་ལ་འཐམ་རྒྱུའི་ལེ་ཚན་དེའང་རེ་ཞིག་བཏང་སྙོམས་སུ་འཇོག་དགོས་འཁེལ་སོང་།།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: