འཆི་བདག་ཚང་།
གནའ་དཔེ་སྐོར་ཞིག་བཀླགས་པའི་རྗེས་སུ།།
སྨྲ་རའི་ཚང་ཚིང་གཏིབས་པའི་སྒོམ་ཁང་ན།།
གཏན་དུ་བདེ་བའི་རྣམ་བཞག་མ་མཆིས་ཏེ།།
ཟ་ཟིའི་རྨི་ལམ་འཁྲིགས་པའི་ཡིད་ཡུལ་ན།།
སྣང་བའི་གཙང་བོ་འཕྱོ་བའི་མཐའ་མ་རིག།
ལོ་ཟླའི་ཉིན་མཚན་སྦྲེལ་བའི་ཧུར་ཐག་གིས།།
རྩལ་ལས་རྙེད་པ་རིན་ཆེན་དང་བོའི་ནོར།།
མེས་པོས་བཞག་པའི་གསེར་གྱི་ཕོར་བ་སྟེ།།
བཤུལ་ལམ་མཚམས་སུ་མིག་ལ་ཡང་ཡང་ཐོགས།།
ཤར་ནུབ་སྒྲུང་རབས་དུ་མའི་གཟུ་ལུམ་ལ།།
མངོན་རྗེས་ཚད་མའི་སྟོབས་ཀྱིས་མ་མྱང་སྟེ།།
ཕ་ཆོས་གླེགས་བམ་དལ་གྱིས་བཤིག་པ་ན།།
བན་བུན་སྣང་བ་འཇགས་པའི་གདམས་ངག་རྙེད།།
ཤེས་རྨོངས་གྲིབ་མས་མནན་པའི་བས་མཐའ་འདིར།།
རྒུད་པའི་ལིང་ཏོག་ཕྱེས་པའི་འཕྲིན་ལས་འོད།།
གོར་མའི་ས་འཛིན་ཟོལ་གྱིས་སྐྱེས་པ་ལ།།
ཕལ་བའི་རྩལ་གྱིས་མི་ཟིན་ལམ་ཁ་མཆིས།།
གཅན་གཟན་མཆེ་བ་གཙུབས་པའི་ནགས་ཀྱི་ཀློང་།།
དམུ་རྒོད་མགྲིན་པ་འཁྱོག་པའི་སེམས་ཅན་ལ།།
ར་རིའི་རྨི་ལམ་འཁྲིགས་པའི་མེ་བཅིལ་ནས།།
རལ་གྲིའི་སོ་ཁ་གཤིས་འཇམ་དར་གྱིས་བསྡམས།།
བསམ་གཞིག་ཏིང་འཛིན་དཀར་བོའི་གཞལ་ཡས་སུ།།
བླང་དོར་འཁྲི་བ་ཆོད་པའི་རྩལ་དགོས་ཏེ།།
བགྲེས་པོའི་བློ་ཁོག་ཐོས་པས་དཔྱད་པ་ན།།
སེམས་པ་གཏིང་ནས་མགུ་བའི་ལྟད་མོ་བདོག།
ལྷག་པའི་ལྷ་མཆོག་བརྟན་པའི་འཁོར་ལོ་གང་།།
ཡེ་ཤེས་སྤྱན་ཟུང་ཕྱོགས་སུ་ལྷུང་བའི་འོད།།
ཞིང་འདིར་ཡི་གེ་གཟུགས་སུ་སྐྱེས་པ་ཡིས།།
ཀླ་ཀློའི་ཞིང་ལ་སློབ་གསོའི་སྐར་ཁུང་བཏོད།།
ངེས་མེད་རྣམ་རྟོག་རྩང་བོས་མ་བྱས་ལ།།
དད་ཞེན་མཁྲེགས་འཛིན་མིག་གིས་མ་བལྟས་པར།།
ཤེས་རབ་འདྲེན་བྱེད་གདེངས་ཏེ་བལྟས་ན་ཡང་།།
སྙིང་ལ་བྲེད་ཤ་སློང་བའི་གནད་ཅིག་འདུག།
ཤོག་རྙིང་རྡུལ་གྱིས་མནན་པའི་འགྲམ་པ་རུ།།
གཙུག་ལག་རི་མོར་ཤར་བའི་སྒྱུ་འཕྲུལ་ལ།།
མྱོང་སྟོབས་གྲོག་མའི་སུག་པས་དེད་དེད་པས།།
མེས་པོ་རྡོ་རིང་ཅན་ལ་ཕྱག་ཅིག་ཤོར།།
གནའ་བོའི་གཙུག་ལག་ཀོ་བའི་གླེགས་ཐག་ཅན།།
ཨུ་ཚུགས་དཔུང་བ་གཏུམ་པོས་དེད་དེད་པས།།
དེང་གི་རིག་བྱེད་བུ་རམ་སྦྱར་བའི་ཆང་།།
གནའ་སྲོལ་དག་མའི་ཚབ་དུ་མི་འཐད་དོ།།
རང་ཚུགས་ས་ལེ་སྦྲམ་གྱིས་མ་བཟུང་བར།།
འཁྲལ་འཁྲུལ་ཆལ་ཆོལ་མང་ཞིག་བྲིས་ན་ཡང་།།
རྣམ་བཞག་ཁབ་མིག་ཙམ་ཞིག་མ་མཐོང་བའི།།
དེང་གི་ཕལ་ཆེར་སྤྲེལ་ཚོགས་གཟན་འདུར་ཉིད།།
སྐྲ་ལོའི་ནགས་ཚལ་ཁ་བས་ཟོས་པ་ལ།།
ལོ་ཟླའི་ཕྱག་རྒྱ་ཐེབས་པ་མ་ཡིན་ཏེ།།
རེ་དོགས་རྒྱ་མཚོ་འཕྱུར་བའི་བསམ་གཞིག་ལ།།
ཤ་འཁོན་ནག་པོའི་ཁ་རླངས་ཕོག་པའོ།།
ངེད་དྲ་ཚིགས།