___@ཞེས་པའི་བུ་མོ་ཞིག་ལ

འབྲོང་།

 དོ་ནུབ་ཀྱང    ང་སྔ་མོ་ནས་ཉལ་དགོས་ལ་རྨི་ལམ་ཡང་རྨི་དགོས

རྨི་ལམ་དེ་ལྷ་ས་ཟེར་བའི་བོད་མིའི་གྲོང་ཁྱེར་དེ་ཡིན་དགོས་ལ

ལྷ་ས་ལས་ཀྱང་རྒྱང་ཐག་རིང་བའི་རི་གྲོང་ཞིག་ཡིན་དགོས

རི་གྲོང་དེ་ཉི་མའི་བྲང་གཞུང་ན་ཁ་ཁུ་སིམ་པོར་བསྡད་ཡོད་ཟེར

ཡིན་ནའང    གནས་དེ་རུ་ཉི་འོད་ཇི་འདྲའི་དྲོ་བ་ངས་མི་ཤེས་མོད

གང་ལྟར་ཉི་འོད་ལས་ཀྱང་དྲོ་བའི་སེམས་པ་ཞིག་གིས

ང་ལ་ལག་བརྡ་གཏོང་གིན་པ་ངས་བདེན་དཔང་བྱེད་ཐུབ

རྒྱུ་མཚན་ནི   སྐད་ཆ་སྨྲ་ཤེས་པའི་མིག་ཟུང་ཞིག་གི་གཏིང་རུམ་ནས

ང་རང་བསྲེག་ནས་ཐལ་བར་གཏང་སྲིད་པའི་ནུས་མཐུ་ཞིག

གནས་དེ་ན་ལམ་ལམ་དུ་འབར་ནས་འཕྱུར་ལ་ཉེ་བས་ཡིན

མིག་ཟུང་དེ་ངས་རྨི་ལམ་ཁོ་ན་ལས་ཅིས་ཀྱང་མཐོང་སྲིད་པ་རེད

མིག་ཟུང་དེ་མེ་ཏོག་དཀར་བོ་ཞིག་གི་འདབ་མའི་སྟེང་ངམ

ཡང་ན་གླུ་གཞས་སྙན་མོ་ཞིག་གི་འགྱུར་ཁུགས་ཀྱི་དབུས་ན་ཡོད་དམ

དེ་ཡང་མ་ཡིན་ཏེ  དེ་ནི་སྐྲ་ལོ་མཉེན་མོ་ཞིག་གི་མར་གཤམ་དང

མཆུ་སྒྲོས་ནེམ་པོ་ཞིག་གི་གོང་རོལ་དུ་སྒེག་ཉམས་ཀྱིས་བསྡད་ནས

ངའི་དམར་ཞིང་སྙི་བའི་སྙིང་ལ་གང་བྱུང་དུ་སྙོབ་ཀྱིན་འདུག

རྨི་ལམ་ལས    མིག་ཟུང་དེ་འཛུམ་དམུལ་དམུལ་དུ་དགོད་ཅིང

ཁྲ་ལམ་ལམ་དུ་འཚེར་གྱིན་ངའི་ཚོར་ཤེས་ཀྱི་ཁོང་གསེང་གང་རུང་ནས

ཐོགས་རེག་དང་སྒྲིབ་གཡོག་མེད་པར་ལྷོད་ཀྱིས་གྲོལ་ཡོང་དུས

ངས་རང་ཉིད་ལ་མངོན་མཁྱེན་པ་ཞིག་གི་འདུ་ཤེས་བཟུང་ནས

འཇིག་རྟེན་གྱི་བདེ་སྐྱིད་ཡོད་ཚད་སྐད་ཅིག་ལ་རྟོགས་ཡོང་གི་བསམ་ཡོད

ང་ལ་ཆེད་དུ་འཛུམ་པའི་མིག་ཟུང་དེ    ངས་རེག་མི་ཐུབ་པའི་མིག་ཟུང་དེ

ཧ་ཅང་རྒྱང་ཐག་རིང་ཞིང་ཡི་གར་འོང་བའི་རྐྱེན་གྱིས    རྨི་ལམ་གྱི་ངོས་སུ

ངས་འཇའ་ཚོན་གྱི་རི་མོ་ཞིག་སྲ་འཐས་སུ་བྲིས་ནས་རྒྱང་ལ་བསྲིང་ཡོད་དེ

མཁའ་དབྱིངས་སུ་འཐེན་པའི་དཔྱངས་ཟམ་དེ་ལས   མིག་ཟུང་དེའི་བདག་མོ

གོམ་པ་མྱུར་ལེན་དང་དབུགས་ཧལ་ཧལ་གྱིས་ངེད་ཕྱོགས་སུ་ལ་བརྒྱུག་འོང་ནས

བསམ་ལོང་དྲན་ལོང་མེད་པར    ངའི་མགྲིན་པར་དམ་པོར་འཁྱུད་ནས

ལུས་སེམས་ཡོད་ཚད་སྦྲིད་པར་བྱེད་པའི་འོ་ཞིག་བྱས་ཨེ་ཡོང་ལ་རེ་བ་བྱས

ངས་རྨི་ལམ་གྱི་གཤོག་པ་ཤུགས་ཀྱིས་བརྐྱངས་ནས   མཚན་མོ་ཧྲིལ་བོ་རེ་རེར

མིག་ཟུང་དེའི་མཐོང་ཚད་ཀྱི་ཁོར་ཡུག་ཏུ་ལྡིང་སྐོར་ཅི་ལྟར་བརྒྱབ་ཀྱང

ང་ལ་སྣང་དོག་བྱེད་མཁན་ཡེ་ནས་མེད་པ་སུས་ཀྱང་མ་རྟོགས་པས་ཡིན་ནམ

ང་ལ་མིག་ཟུང་དེའི་གམ་དུ་ཉེ་བར་བཅར་ནས་ཞིབ་ཀྱིས་བལྟས་ཚེ

མ་གཞིར་མིག་ཟུང་དེའང་ལྷོད་པོར་བཙུམ་ནས་རྨི་ལམ་རྨི་བཞིན་པ་འདྲ

རྫི་མའི་གཤོག་ཟུང་གི་འོག་ན་རེས་མངོན་རེས་ཡིབ་ཀྱི་འཛུམ་ཆུང་དེ་ལས

ང་ལ་ཕྱི་གསལ་ནང་གསལ་དུ    མགོ་མཇུག་མེད་པར་ཡང་ཡང་བཀླགས་ནས

བློ་ངོས་སུ་སྐྱོར་ཅིང་སེམས་གཏིང་དུ་སྦ་བཞིན་པ་གཞི་ནས་རྟོགས་ཐུབ

དོ་ནུབ་ཀྱང   ང་ཅིས་ཀྱང་སྔ་མོ་ནས་མལ་དུ་ཉལ་ཏེ་རྨི་ལམ་རྨི་དགོས

རྒྱུ་མཚན་ནི    རི་ཀྱོག་ཟེར་བའི་མཐའ་འཁོབ་ཀྱི་རི་གྲོང་དབེན་པོ་ཞིག་ན

གཡའ་མེད་པའི་མིག་ཟུང་ཞིག་མངོན་ལྐོག་མེད་པར་ང་ལ་ཅེར་ཡོད་པའི་ཕྱིར

རྒྱུ་མཚན་ནི    མིག་ཟུང་དེ་ང་གཅིག་པུ་ཁོ་ནར་དབང་བའི་རྐྱེན་གྱིས

གཞན་སུ་ལ་ཡང་གཉིད་ཀྱི་རྨི་ལམ་དེ་རྨི་བའི་ཁེ་དབང་ཡེ་མེད་

པའི་ཕྱིར

༢༠༡༤    ༡༥ཉིན་ཟི་ལིང་ནས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: