ནུབ་ཕྱོགས་ཀྱི་གཟའ་མཇུག་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་དགོས་མཁོར་གཟས་པ།
དམ་ཆོས་བསམ་འཕེལ། རི་མོ་བ་སློབ་མ་བསྟན་འཕྲིན་ཆོས་མཚོ། (བོད་ནང་།)
༡༽ འཆར་གཞི་དང་དམིགས་གཟས།
ལོ་རེའི་འཆར་གཞི། སློབ་དུས་ཧྲིལ་པོའི་འཆར་གཞི། གཟའ་འཁོར་གྱི་འཆར་གཞི། སློབ་ཚན་གྱི་འཆར་གཞི། ཆུ་ཚོད་ཀྱི་འཆར་གཞིའི་དམིགས་ཚད་ལས་བྱིས་པའི་སྐད་ཡིག་གི་ཤེས་ཚད་ལ་གཞལ་ཅིང་། སྤུས་ཚད་ལ་ཚོད་དཔོག་བྱས་ཏེ་བོད་ཀྱི་སྐད་ཡིག་སྦྱངས་འབྲས་འགན་ལེན་བྱེད་ཐུབ་པར་འབད་བརྩོན་བྱ་དགོས་པར་མ་ཟད་ལོ་གཅིག་དང་གཉིས། གསུམ་གྱི་རིང་གི་སློབ་མས་སྐད་ཡིག་ཤེས་པའི་ཚད་གཞི་དེ་གཏན་འབེབས་དང་ཁག་ཐེག་བྱ་དགོས་པར་འདོད།
དེ་ནི་བོད་ཡིག་བསླབ་གཞི་ཚད་འཛིན་དང་སློབ་དེབ་ཐོག་མའི་རྩ་བའི་ཆ་རྐྱེན་ཡིན་ཞིང་། བསླབ་གཞི་དང་སློབ་དེབ་དེའི་ནང་དོན་གཅིག་པོ་གལ་ཆེ་བར་བརྩིས་ནས་རྒྱལ་རབས་དང་ལོ་རྒྱུས། ནང་ཆོས། བསླབ་བྱ་རྐྱང་རྐྱང་མིན་པར་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ལ་དོ་སྣང་ཤུགས་ཆེར་སྤྲད་དེ་སྤྱི་ཚོགས་ཁོར་ཡུག་གི་གནས་བབས་ལ་མཐུན་ཐབས་བྱ་དགོས། དེའི་ཕྱིར། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་ཡར་རྒྱས་གཏོང་ཐབས་ལ་དམིགས་ནས་རྩོམ་རིག་སྣ་མང་གི་ཤེས་བྱའི་སྤྱི་ཁོག་ལ་སྤྲོ་བ་སྐྱེ་རུ་གཞུག་དགོས་པར་སྙམ། དེ་ཡང་ཉིན་རེའི་འཚོ་བ་དང་འབྲེལ་པའི་སྒྲུང་གཏམ་དང་། བྱིས་པའི་སེམས་ཁམས་དང་མཐུན་པའི་རང་མྱོང་གི་མཐོང་ཆོས་དཔེ་ལེན་གྱི་རྩོམ་ཡིག་གོ་སླ་ཞིང་ཀློག་བདེ་བ་དག་གི་མཐུན་རྐྱེན་བསྒྲུབ་དགོས་པ་དེ་རེད།
༢༽སྤུས་ཚད་དང་རྨང་གཞི།
དབུ་ཆེན་སྟེ་ཡིག་གཟུགས་གཅིག་གྱུར་ཐོག་བསླབ་གཞི་སླ་བ་ནས་དཀའ་བའི་བར་རིམ་འགྲོས་ཀྱིས་སྔ་ཕྱི་མཚམས་སྦྱོར་བྱས་ནས་རྒྱུན་འཁྱོངས་ཀྱི་དམིགས་ཡུལ་ལ་གཟས་ཤིང་། བོད་ཀྱི་སྐད་ཡིག་གི་རྨིང་གཞི་བརྟན་པོ་གདིང་བཏང་ཏེ་སྐད་ཡིག་གོང་མཐོར་གཏོང་ཐུབ་ལ་འབད་བརྩོན་རྒྱུན་སྲིང་བྱ་ཐུབ་དགོས་པ་རེད། དེ་བཞིན་དུ་ཁ་སྐད་དང་བརྡ་སྤྲོད་གཉིས་ཕན་ཚུན་ལ་ལྟ་རྟོགས་བྱས་ཤིང་། དེ་གཉིས་སྙོམས་པར་བཅུག་ཏེ་ཉིན་རྒྱུན་གྱི་འཚོ་བའི་སྐད་བརྡ་བཀོལ་སྤྱོད་ཀྱིས་བྱིས་པས་སྐད་ཡིག་སྦྱང་བ་ལ་དང་བ་འདྲེན་བཏུབ་དང་། སྤྲོ་བ་འཕེལ་ཐུབ་ཀྱི་སྤོབས་པ་སྐྱེ་རུ་གཞུག་དགོས་པ་དེ་རེད། དེ་དང་བསྟུན་ནས་བོད་སྐད་གཙང་མ་བཤད་ཡུལ་ཞིག་ཡང་ཁྱིམ་ཚང་དང་། སློབ་གྲྭ བོད་ཀྱི་སྤྱི་ཚོགས་རང་ངོས་ནས་དམ་འཛིན་དང་གཅིག་གྱུར་གྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཤིང་། བོད་མི་སྒེར་རེ་རེ་ངོས་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་དོ་སྣང་དང་འགན་ལེན་ནན་ཏན་བྱ་ཐུབ་པ་དགོས་སོ།
༣༽ ཁྲིད་ཐབས་དང་རྒྱུ་ཆ།
བརྡ་སྤྲོད་ཀྱི་འགྲོ་སྟངས་དང་འཚམ་པའི་འབྲི་ཀློག་འཆད་ཉན་བཞི་སྦྲགས་ཀྱི་སློབ་ཁྲིད་ཐབས་ལམ་ལག་བསྟར་བྱ་དགོས་པ་དམིགས་གཟས་རེད། དེ་ཡང་། དུས་དང་འཚམ་པར་འབྲེལ་ཆགས་པའི་བརྡ་སྤྲོད་ཀྱི་འགྲོ་སྟངས་ངོ་སྤྲོད་བྱས་ཏེ་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་བརྡ་སྤྲོད་ཀྱི་འགྲོས་ལ་གོམས་འདྲེས་ཡང་དག་པ་ཡོང་ཐབས་ལ་འབད་པ་དགོས། དེའི་དགོས་དམིགས་ནི་བོད་ཡིག་འཛིན་གྲྭ་ནང་འབྲི་ཀློག་འཆད་ཉན་བཞི་ལག་ལེན་ཐོག་ནས་བཀོལ་སྤྱོད་བྱེད་དུ་བཅུག་ཏེ་སློབ་མའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་གཉིས་ཀྱི་འབྲེལ་བ་ཅི་ཞིག་ཡོད་པ་བརྟག་ནས་སློབ་མའི་ཉིན་རེའི་འཚོ་བར་འབྲེལ་བ་ཡོད་པའི་རྩོམ་ཡིག་དང་། སྒྲུང་གཏམ། ཉིན་ཐོ་སོགས་ཀྱང་དགེ་རྒན་གྱི་ངོས་ནས་འབྲི་ཀློག་འཆད་ཉན་གྱི་སློབ་ཁྲིད་བརྒྱུད་སྐད་ཡིག་གི་རྨང་གཞིའི་ཚད་གཞི་ཡར་རྒྱས་གཏང་དགོས་པ་དེ་རེད། དེའི་ཞོར་ཏུ། སློབ་མ་སོ་སོའི་སྐད་ཡིག་གི་ཆུ་ཚོད་དང་འཚམ་པའི་དཔེ་དེབ། དུས་དེབ། ཚགས་ཤོག དྲྭ་ཤོག དྲྭ་དེབ། དྲ་རྒྱ། རེས་འགྲེལ་སྒྲུང་གཏམ། རྒྱུན་ཤེས་ལག་དེབ་གང་མང་གི་ཆ་རྐྱེན་བསྐྲུན་ནས་དེ་དག་ཀློག་གི་འཇུག་རྒྱུ་དང་། བརྙན་འཕྲིན་དང་གློག་བརྙན་ལ་ལྟ་རུ་འཇུག་པ། རླུང་འཕྲིན་དང་གླུ་གཞས་ལ་ཉན་དུ་འཇུག་པ། གློག་ཀླད་ཀྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་བོད་སྐད་ཐོག་བྱ་རུ་གཟུག་དགོས་པ་སོགས་ཡིན།
དེ་དག་གི་ཆ་རྐྱེན་ཡང་སློབ་གྲྭ་གཅིག་པོས་འགན་ཁུར་བ་ཙམ་མིན་པར་ཁྱིམ་ཚང་དང་། མི་སྒེར་བ། ཚོགས་པ། གཞུང་བཅས་སྤྱི་ཚོགས་ཧྲིལ་པོ་མཉམ་རུབ་ཐོག་མཐུན་རྐྱེན་རོགས་རམ་གྱིས་ཁོར་ཡུག་བཟང་པོ་སྐྲུན་ཞིང་འགན་ཁུར་གྱིས་དང་ལེན་བྱ་ཐུབ་པར་དགོས་པར་མ་ཟད་ང་ཚོ་བོད་མི་རེ་རེའི་ངོས་ནས་བོད་ཀྱི་སྐད་དང་ཡི་གེའི་ཚེ་སྲོག་རྒྱུན་སྲིང་གི་གལ་ཆེ་དང་དགོས་མཁོའི་རང་བཞིན་ལ་དམིགས་ནས་རང་གིས་རང་ལ་བདག་པོ་རྒྱག་རྒྱའི་གོ་རྟོག་སད་དགོས་སོ།
ཕྱི་ལོ་༢༠༡༤་ཕྱི་ཟླ་༨་ཚེས་༣༠་ཉིན།
ངེད་དྲ་ཚིགས།