བཅུད་པར་རྫ་སྐྱེས།

འཆར་སྣང་མག་མོག་གི་ཀློང་ན

འོད་ཟེར་ཆེམ་ཆེམ་འཕྲོ་བའི་པོ་ཏ་ལ

གོ་ལའི་ཡང་རྩེ་ན

ཁྱེད་ཀྱི་ལོ་རྒྱུས་ཀྱི་ཤ་དྲོད་ལ་ཚ་རླབས་འཕྱུར

པོ་ཏ་ལ ཁྱེད་ཀྱིས་བཞག་པའི་ལོ་རྒྱུས་ཀྱི་རྨ་ཁ་རེ་རེ

ང་ཚོའི་མདུན་སྐྱོད་ཀྱི་བགྲོད་ལམ་ཡིན

 

སྙན་ངག་པའི་པིར་རྩེ་ན ཁྱེད་ཀྱི་དབྱངས་སྙན་སིལ་ལི་ལི

གངས་ཕྲུག་ཚོའི་ཕུགས་འདུན་ན་ཁྱེད་ཀྱི་འཕར་རྩ་ལྷོག་ལྷོག་ལྡིང

བཞུད་པའི་བགྲོད་ལམ་རེ་རེ་རྟོགས་བརྗོད་ལ་བྲིས་ཤིང

འཚོ་བའི་ལྷག་བསམ་དཀར་པོ་ཁ་བཏགས་ཀྱིས་དཀྲི་་བཞིན

བསམ་གཞིགས་ཀྱི་བློས་བསླངས་ལ་མེ་ཁ་གསོས

      

 

པོ་ཏ་ལ  ས་མཐོའི་མི་རིགས་ཤིག་གི་བློ་གྲོས་ཀྱི་དྭངས་མ་ཡ

རྒྱང་བཞུད་དཔའ་བོ་ཚོའི་དཔའ་སྙིང་གི་གཡུ་འབྲུག

ད་དུང ཁྱེད་ཀྱི་མཁའ་དབྱིངས་ན་ལྡྀ་རི་རི

སྲོང་བཙན་གྱིས་ཐེམ་སྐས་རེ་རེ་བར་སྣང་ལ་བསྒྲེངས་དུས

ཁྱེད་ལ་སྤོབས་པའི་ངར་ཆུ་ཅི་འདྲའི་མང་པོ་ཞིག་རྒྱས་ཡོད་ཨང

 

 

དེ་དུས གངས་རི་ཨ་མའི་དབུ་རྩེ་ན་སྨུག་སྤྲིན་དྭངས་ཤིང

གཙང་ཆབ་སྔོན་མོའི་བཞུར་རྒྱུན་ལ་དལ་བ་མེད 

ཁྱེད་ཀྱིས་ལྷག་བསམ་དར་གྱིས་བྱུགས་པའི་མི་རིགས་འདིའི

གཤིས་རྒྱུད་དང་སྙིང་སྟོབས བརྩོན་འགྲུས་དང་བརྟུལ་ཕོད

ཡོད་ཚད་ཡར་ཀླུང་གཙང་བོའི་འབབ་རྒྱུན་ལ་བཅོལ་ཨེ་ཡོད

     

པོ་ཏ་ལ ལོ་ངོ་སྟོང་ཕྲག་གི་རི་ཐང་ན

གཡང་དཀར་འཚོ་བའི་ཨ་ཕ་ཚོའི་ཤུགས་རིང་ནར་མོ

ཁ་བཏགས་དཀར་པོའི་གནས་ལམ་ན

ལང་ཚོ་ཤོར་བའི་ཨ་མ་ཚོའི་མིག་ཆུ་སྐྱུར་རོ

ད་དུང རྐང་རྗེན་ལ་སྤང་ཐང་ན

ཨ་བྲ་འཛིན་པའི་བྱིས་པ་ཚོའི་དྭངས་གཙང་གི་རྨི་ལམ་མོད་པོ

ཡོད་ཚད་ཁྱེད་ལས་ཟློག་པའི་སྐྱོ་གར་ཨེ་ཡིན

         

པོ་ཏ་ལ སྙན་ངག་པའི་བློས་བསླངས་སྒུལ་མཁན

བཙན་པོའི་མངའ་ཐང་གི་གསེར་ཁྲི་མཐོན་པོ

དར་མ་འུ་དམ་གྱི་གླང་རྭས་བཤིགས་པ་ནས་བཟུང

རྩྭ་ལྗང་དང་མེ་ཏོག་གི་ཁ་དོག་རིམ་གྱིས་རྙིད་ཅིང

ནགས་ལོ་དང་ཆུ་ཕྲན་གྱིས་ཤུགས་གླུ་གྱེར་བ

ཁྱེད་རྐྱང་རྐྱང་གིས་མཐོང་ཐེངས་རེར 

པོ་ཏ་ལ སྐྱོ་ངལ་དང་མིག་ཆུས་མི་ཡུལ་བངས་པ་སུ་ཡིས་རྟོགས

        

པོ་ཏ་ལ

རྨོངས་པའི་དམུས་ལོང་གི་རལ་གྲི་རྣོན་པོ་སྙིང་ཁར་གཏད་དུས

ནང་འཁྲུག་གི་རྩྭ་ཕུང་འཚུབ་མས་འཁུར་བཞིན 

 

ལོ་ངོ་ཅི་ཙམ་འགོར

དེ་ནས་བཟུང རྫ་ཁྲ་ཡག་འབྲོང་རྒོད་ཀྱི་རྭ་ཟུང་བསྐམས་ཤིང

ནགས་རྒྱ་རྫོང་རྒྱ་སྟག་གི་ཐིག་ལེ་ནོགས

གངས་རི་ཨ་མའི་སྙིང་ཁ་ནས་རོལ་དབྱངས་འཇགས

ལོ་རྒྱུས་ཀྱི་རྨ་ཁ་ལ་དེ་ལྟར་མིག་ཟུང་བགྲད་པའི་པོ་ཏ་ལ

འཁྱགས་ཟིན་པའི་དུར་ཕུང་ཞིག་གི་གཟི་བརྗིད་གླེང་བཞིན

གང་དུ་བགྲོད

འཛམ་གླིང་གི་ཡང་རྩེ་ན་ཡུན་གྱིས་བགྲོད་པའི་པོ་ཏ་ལ

ང་ཚོ་ལ་ཡང་བསྐྱར་ཕྱི་མིག་ཅིག་ཅིས་ཀྱང་གཟིགས་དང

གནས་འདི་ན རེ་སྒུག་གི་རླབས་རྒྱུན་དྲག་ཏུ་སྨིན

                         ༡༩༩༨་༧་༤ ལན་གྲུ།

                                 <<རོ་ལངས>>སྙན་དེབ་ལས་བདམས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: