གཟུངས་ཕྱུག་སྐྱིད།

བདག་གི་མཁའ་དབྱིངས་མཐོན་པོར་བཏེགས་པའི་ཀ་བ་ཇི་བཞིན།

བདག་གི་ཁོར་ཡུག་དང་མཐོང་ལམ་གསལ་བར་བྱེད་པའི་ཉི་འོད་ཇི་བཞིན།

ངས།   དགུན་དུས་ཧྲིལ་བོ་ཞིག་གི་བསམ་གཞིགས་ཁྲོད་ཁྱེད་ཀྱི་གཏན་ཚིགས་ཚོར།

ངས།   རྒྱུ་སྐར་འཁྲིགས་པའི་མཚན་ལྗོངས་ཤིག་གི་མཛུབ་རྩེ་ནས་ཁྱེད་ཀྱི་འཛུམ་མདངས་རྙེད།

རྨ་ཆེན་གངས་རི།   བགྲང་བྱ་ཁྲི་ཕྲག་གི་སྦས་སྐུང་ཟབ་མོ།

ཁྱེད་ཀྱི་རྫ་སྲུབས་ནས་འཕྱུར་ཞིང་།

དཔའ་བོའི་གཡུལ་འཁྲུག་གི་མཛད་རྗེས་ཟླུམ་པོ།

ཁྱེད་ཀྱི་ལུང་གྲོག་ནས་བཞུར།

རྨ་ཆེན་གངས་རི།

འབྲོང་རྒོད་རུ་དམར་གྱིས་བཙན་རྫོང་བཟུང་སའི་རྫ་འགག་དོག་པོ།

ཁ་དཀར་རྐྱང་གིས་བང་རྩལ་འགྲན་སའི་སྤང་ལྗོངས་ནེམ་པོ།

ཉི་མ་དབུ་ཐོད་དུ་འཆང་ཞིང་།

ཟླ་གཞོན་ཕྲག་གོང་ལ་བསུས་པའི་དཔའ་རྒོད་འཕྱོར་པོ།

ཁྱེད་ཀྱི་རྟོགས་བརྗོད་དང་རེ་སྨོན་ཡོད་ཚད།

རྨ་ཀླུང་རིང་མོའི་རོལ་དབྱངས་ཀྱིས་ཁྱེར་ཏེ།

ཞི་བདེ་རྒྱ་མཚོར་ལེགས་སྐྱེས་སུ་ཕུལ་བ་ཡང་སྒྲོ་འདོགས་མིན།

ཁྱེད་ཡོད་པ་ནས་བཟུང་ཆོས་རྒྱལ་མེས་དབོན་གྱི་བང་སོ།

ང་ཡི་སྙིང་ཁོང་ནས་འབུས་ཤིང་།

ཁ་བའི་དར་རྒུད་ཀྱི་རྨ་ཁ་ང་ཡི་རུས་སྟེང་ནས་འཕག

རྨ་ཆེན་གངས་རི།

ངའི་ཡིད་ཀྱི་མཆོད་ཁང་ན་འབར་བའི་མར་མེ་སེར་པོ།

ངའི་མིག་གི་མཁའ་དབྱིངས་སུ་བཀྲ་བའི་མེ་ཏོག་དཀར་པོ།

ཁྱེད་མཐོང་བས།

བདག་གི་ཕུགས་བསམ་ཀྱི་འཇིག་རྟེན་ལ་ལྗང་མདོགས་འཚེར།

བདག་གི་སྨོན་ལམ་གྱི་ཁ་བཏགས་ལ་རྩུབ་རེག་བྲལ།

རྨ་ཆེན་གངས་རི།

བདག་གི་ཚེ་སྲོག་གི་བཞུར་རྒྱུན་དྭངས་མོ།

ངས་ནམ་ཡང་ཁྱེད་ལ་སྙན་ངག་གི་བདེན་དཔང་བརྗོད།

ངས་ནམ་ཡང་ཁྱེད་ཉིད་དབུ་ཐོད་ཀྱི་ཞྭ་བཞིན་བཞུར།

རྨ་ཆེན་གངས་རི།

ཁྱེད་ཉིད་ནམ་ཡང་བདག་ཡིད་ཀྱི་སྐྱེད་ཚལ་དུ་བརྟན་པོར་བཞུགས་རོགས།

<<སྦྲང་ཆར་>>ལས་བདམས། 


སྙན་ངག་རྨ་ཆེན་གངས་རི་ལ་དཔྱད་པ།

                                ཚེ་གྲུབ། ཟི་ལིང

རྨ་ཆེན་གངས་རི་ནི་སྙན་ངག་གི་འཇིག་རྟེན་ཞིག་དང༌། རང་བྱུང་ཁམས་ཀྱིས་མི་ཡུལ་ལ་ཕུལ་བའི་འགྲན་མེད་ཀྱི་སྒྱུ་རྩལ་ཞིག་ལས་གཞན། /ས་བཅུ་བ་ཐོབ་པའི་ཨ་མྱེ་རྨ་ཆེན་ཞེས་མི་ཡུལ་གྱི་ཡུལ་ལྗོངས་དེར་གཟུགས་མེད་ཀྱི་སྲོག་དབང་ཞིག་ཕུལ་བས།  དེ་ནི་མཆོད་ཡུལ་ཞིག་དང༌།  སྙིང་སྟོབས་ཤིག  སྤོབས་པ་ཞིག་ཀྱང་རེད།  གཟུངས་ཕྱུག་སྐྱིད་ཀྱི་སེམས་རྒྱ་ཡངས་པོའི་སྨྱུག་འོག་ལས་ང་ཚོར་གནས་རི་དེར་ཕྱོགས་གཞན་ཞིག་ནས་རོལ་མྱོང་བྱེད་པའི་ཐབས་ལམ་བསྟན་བྱུང༌།

/རྨ་ཆེན་གངས་རི།  བདག་གི་མཁའ་དབྱངས་མཐོན་པོར་འདེགས་པའི་ཀ་བ་ཇི་བཞིན།  /་་་་་་་/ ངས་རྒྱུ་སྐར་འཁྲུགས་པའི་མཚན་ལྗོངས་ཤིག་གི་མཛུབ་རྩེ་ནས་ཁྱེད་ཀྱི་འཛུམ་མདངས་རྙེད/ཅེས་མོ་རང་ཉིད་ཀྱིས་དངོས་སུ་གནས་རི་དེར་ཡུལ་སྐོར་བྱེད་པ་དང་མིག་གི་སྤྱོད་བྱར་མ་གྱུར་ཀྱང༌། དེར་ཡུན་རིང་སྨོན་པ་དང་བརྗོད་འདུན་ཞིག་གི་རྟེན་གཞིར་བསླངས་ཡོད་ཕྱིར།  སྐབས་འདིར་རང་ ཚོར་དུ་གནས་རི་ཞིག་གི་ཡུལ་བཀོད་ལ་ཡིད་སྤྲུལ་ལས་བྱུང་བའི་སྤྲོ་སྣང་ཙམ་དུ་མ་བསྒྱུར་པར། རང་སེམས་ཀྱི་སྤོབས་པ་ཞིག་གི་སྔོན་འགྲོ་རུ་བསྒྲིགས་པས་སྙན་ངག་ལ་ཡིད་ཡུལ་ཆེན་པོ་ཞིག་གིས་རམ་འདེགས་ཐོབས་པས།  མི་སེམས་ལ་ཚོར་སྣང་གསར་བ་ཞིག་སྟེར་བར་མ་ཟད། རྩོམ་མཁན་གྱི་སྤོབས་གདེང་དེའང་རང་ག་བའི་མོ་སྨན་ཞིག་གི་སེམས་འགྱུ་མིན་པས། ཀློག་མཁན་གྱི་ཐོག་མའི་ཚོར་སྣང་དུའང་ཡུལ་བཀོད་ཅིག་གི་བརྗིད་སྣང་ཞིག་དང༌།  སེམས་ཁམས་ཤིག་གི་རང་གཟུགས་དེ་རྩོམ་མཁན་དང་འདྲ་བར་ང་ཚོས་རང་འགུལ་དུ་མཐོན་པོར་བཏེགས་པའི་ཡིད་ཡུལ་དེ་ལས་མཐོང་ཐུབ་པ་ཡིན།

/རྨ་ཆེན་གངས་རི།   བགྲང་བྱ་ཁྲི་ཕྲག་གི་སྦས་སྐུང་ཟབ་མོ་ཁྱེད་ཀྱི་རྫ་སྲུབས་ནས་འཕྱུར་ཞིང༌།  /་་་་་་/ཁ་བའི་དར་རྒུད་ཀྱི་རྨ་ཁ་རེ་རེ་ང་ཡི་རུས་གཏིང་ནས་འཕག/  སྤྱིར་ཡུལ་ལྗོངས་ཤིག་ལ་བརྟེན་ནས་རང་གི་ཚོར་འདུ་བརྗོད་པའི་སྙན་རྩོམ་མང་ཆེ་བ་ཞིག  ཐོག་མར་ལྗོངས་དེའི་ཡུལ་བཀོད་ཀྱི་རྣམ་པ་དང་གནས་ཡུལ་སོགས་བརྗོད་པ་བརྒྱུད་དེ།   རང་གི་ཚོར་འདུ་ཅི་རིགས་ཕྱིར་མཚོན་པ་ཞིག་ཡིན་ཀྱང༌།  སྙན་རྩོམ་འདི་དེ་ལས་ལྡོག་སྟེ་རང་གི་རྟོག་སྣང་ཁྲོད་བསླངས་པའི་གནས་རི་དེ་ལ།  ཕྱིའི་རྣམ་པའི་ཐད་ནས་སྤྲོས་བརྗོད་ཅི་ཡང་མི་བྱེད་པར།  རང་སེམས་ཀྱི་སྤོབས་གདེང་ ཞིག་ལས་བསླངས་པའི་ཚོར་འདུ་དེ་ཡུལ་དུས་ཀྱི་བཀག་རྒྱ་ཞིག་ལས་བརྒལ་ཏེ།  རང་སེམས་ཀྱི་བརྗོད་འདུན་ནམ་ཕུགས་རེ་དེས་རྨ་ཆེན་གངས་རི་རང་གི་སེམས་སྟོབས་ཤིག་ལས:ས་བཅུ་བའི:ཟིལ་ཤུགས་བྱུང་བས།  ང་ཚོས་མཐོང་བ་ནི་གཏན་ཆགས་ཀྱི་གངས་རི་ཞིག་མིན་པར།  རང་སེམས་ཀྱི་བློ་སྦྱོང་ཞིག་ལས་མངོན་པའི་སྙིང་སྟོབས་སམ་སྤོབས་པ་ཞིག་གི་རྟེན་གཞིར་གྲུབ། མོ་སྨན་ཞིག་ལ་འདི་ལྟ་བུའི་སྤོབས་པ་དང༌། རང་སྦྱོང་གི་ལམ་བུ་ཙམ་བརྒྱུད་ནས་འོངས་པའི་སྙན་ངག་མཁན་དེར་འདི་ལྟ་བུའི་སྒྱུ་རྩལ་གྱི་ཚོར་བ་ལྡན་པ་ལ་ང་ཚོས་ཡི་རངས་ཅིས་མི་བྱེད།

བོད་ཡུལ་ལ་མཚོན་ན་རིག་གནས་དང་རང་བྱུང་ཁོར་ ཡུག་གི་དབང་གིས་རྨ་ཆེན་གངས་རི་ལྟ་བུ་ཕར་ ཞོག  ཐ་ན་སྡེ་བའམ་ཚོ་བའི་གནས་ཡུལ་གྱི་རི་ཕྲན་ཙམ་ལའང་བསམ་ཡུལ་ལས་འདས་པའི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་རེ་ཡོད་ངེས་ལ།  དེ་དག་ནི་རྨོངས་དད་རྐྱང་རྐྱང་ཞིག་ཏུ་ངོས་འཛིན་བྱེད་པ་ནི་རྨོངས་དད་གཞན་ཞིག་ཡིན།  འགྲོ་བ་མིའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་བསམ་གཞིག་རེ་བྱས་ནའང༌།  དེང་གི་བརྡ་འཕྲིན་གྱི་དུས་རབས་སུ་འཚོ་བ་རོལ་བའི་མི་རིགས་དང་རིགས་རྒྱུད་གང་ཡིན་ཀྱང༌།  གལ་ཏེ་ཐར་ཐབས་བྲལ་བའི་དཀའ་ཁག་ཅིག་གམ་སྲོག་གི་ཉེན་ཁའི་སྔོན་དུ།  སུ་ལའང་རང་དབང་མེད་པར་སེམས་སུ་ལྷ་སྒྲུངམི་བསྐྲུན་རང་བསྐྲུན་ཡིན། དེར་བརྟེན་རྨ་ཆེན་གངས་རི་ནི་བོད་མིའི་སེམས་ཀྱི་གནས་རི་རྐྱང་རྐྱང་ཞིག་དངརྨོངས་དདཅིག་མིན་པར།

ཕྱོགས་གཞན་ནས་བལྟས་ན་དེ་ནི་སྙིང་སྟོབས་དང་སྤོབས་པའི་རྟེན་གཞི་ཞིག་སྟེ།  རྩོམ་མཁན་གྱིས་མཐོང་སྣང་དེ་ལྟ་བུའི་སྒོ་ནས་རང་གི་འདོད་འདུན་དེའང་མངོན་གསལ་དོད་པོར་གངས་རི་ཞིག་གི་བསྡུས་བརྗོད་ལས་ཕྱིར་མཚོན་བྱས་འདུག 

/རྨ་ཆེན་གངས་རི།   ངའི་ཡིད་ཀྱི་མཚོད་ཁང་ན་འབར་ བའི་མར་མེ་སེར་པོ།  /་་་་་་/ ཁྱེད་ཉིད་ནམ་ཡང་ཁོ་མོའི་ཡིད་ཀྱི་སྐྱེད་ཚལ་དུ་བཞུགས་རོགསརྒྱུས་ལོན་ནི་ནམ་ཡང་ཡིད་ཆེས་ཀྱི་རྨང་གཞི་ཡིན་པ་བཞིན། མོས་རང་གི་རྒྱུས་ལོན་ལས་བསླངས་པའི་རྨ་ཆེན་གངས་ནི་སྐབས་འདིར་ཡུལ་ལྗོངས་རྐྱང་རྐྱང་ཞིག་ལས་མངོན་པའི་དུངས་སྣང་ཙམ་མིན་པར།   མེས་པོའི་བརྒྱུད་རིམ་ཞིག་གི་རྒྱུས་ལོན་ལས་བྱུང་བའི་ཤེས་དད་ཅིག་དང༌།  རང་སེམས་སུ་བཙན་བཟུང་ངམ་སྲུང་སྐྱོབ་བྱེད་བཞིན་པའི་མི་རིགས་ཤིག་གི་སྙིང་སྟོབས་སུ་མཐོང་ནའང་འགལ་བ་མེད་པའི་ཚད་དུ་གནས།   གནས་ལུགས་དེ་ལྟ་བུའི་འོག་ཏུ་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ན་རང་འགན་ལེགས་འགྲུབ་བྱུང་བར་བརྩི་རུང་བར་སྙམ།   ང་ཚོས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དགོས་པའི་དམིགས་ཡུལ་ནི།   སྙིང་སྟོབས་རིགས་ཤིག་གི་ངོས་འཛིན་དང་ དེའི་མུ་རྒྱུན་མཐུད་པར་བྱེད་པ་ནི་གནད་དམ་པ་ཡིན་པ་བཞིན།  རྩོམ་མཁན་གྱིས་རྨ་ཆེན་གངས་རིའི་གཟི་ཉམས་དེ་ལོ་རྒྱུས་ཀྱི་བྱུང་བ་ཞིག་གི་ཀློང་རིམ་དུ་རང་གི་ཚོར་འདུས་བསྐྱེད་ཏེ། བསམ་གཞིག་ཅིག་གི་སྣེ་ནས་ང་ཚོར་སྦྱིན་པའང/ སྨོན་ལམ་གྱི་ཁ་བཏགས་ལ་རྩུབ་རེག་བྲལ/ དགོས་པའི་ཡིད་ཆེས་འབའ་ཞིག་ཡིན། མི་རིགས་ཤིག་གི་ཤེས་རིག་ལས་ཐོན་པའི་དད་ཞེན་ནམ་ཡིད་ཆེས་ནི་དུས་གཏན་ཏུ་མི་རིགས་བརྩེ་དུངས་ཀྱི་ཡང་སྙིང་ཡིན་པར་མ་ཟད། མི་རིགས་ཤིག་གི་དར་རྒྱས་དུ་བགྲོད་བྱེད་ཀྱི་སྲོག་དབང་ཡང་ཡིན།  སྙན་རྩོམ་འདི་ཡུལ་བཀོད་ཀྱི་ཁྱད་ཆོས་རྐྱང་རྐྱང་སྤྱི་བམ་ཙམ་དུ་བརྗོད་པ་ཤས་ཆེ་བའི་སྤྱི་འགྲོས་ལས་བརྒལ་ཏེ།  ཡུལ་བཀོད་ཀྱི་ཁྱད་ཆོས་དེ་རང་གི་ངོས་ཟིན་དང་སེམས་རྒྱ་ཞིག་ལས་བསླངས་ཤིང༌།  དེར་བསྟུན་ནས་རང་གི་འདོད་འདུན་ནམ་ཚོར་འདུ་དེ་སླར་ཡང་ཡུལ་བཀོད་ཀྱི་ཁྱད་ཆོས་སུ་ཞུགས་པས།  སྙན་རྩོམ་དུ་ཚོར་འདུ་དང་ཡུལ་ཆོས་གཉིས་སྦྱར་པའང་གང་ལ་གང་འཚམ་དུ་ཐོན་པས་མཛེས་དཔྱོད་ཀྱི་བྱེད་ནུས་ཅུང་བློར་འབབ་པ་རེ་བཏོན་ཡོད་སྙམ།

ཡང་བརྗོད་སྟངས་འདི་ལ་ཕྱོགས་གཞན་ཞིག་ནས་བསམ་བློ་རེ་བཏང་ན། རང་འདུན་ཐད་ཀར་དུ་བརྗོད་པ་ཐལ་དྲགས་པས་རང་བབ་དང་མི་འཚམ་པའི་འུད་བརྗོད་ཀྱི་ཆ་ཅུང་ཆེ་བས།  བརྗོད་བྱ་གཏིང་མི་ཟབ་པའི་རྣམ་རྟོག་འཕེལ་བར་མ་ཟད། ད་དུང་རྩོམ་མཁན་རང་ལ་སྒྱུ་རྩལ་གྱི་རང་གཤིས་གཏན་འཇགས་མིན་པའི་གཉོམ་ཆའང་མངོན་གསལ་དུ་མཐོང་སླ་བ་ཡིན་མོད། སྒྱུ་རྩལ་བརྩམས་ཆོས་ཤིག་གི་རིན་ཐང་ལྕི་ཡང་ནི་རྒྱ་ཆེའི་ཀློག་མཁན་ཚོས་བརྡར་ཤ་གཅོད་དགོས་པས་འདིར་དགོས་མེད་ངལ་བ་མི་བྱའོ།།

བོད་ཀྱི་སྙན་ངག་གསར་བ་བདམས་དཔྱད། <<སོ་ལྟ་དང་གཟབ་ཉན>>ལས་བདམས། 

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d