གཟུངས་ཕྱུག་སྐྱིད། ཆུ་བོ་གངྒཱ གསེར་འོད་འཚེར་བའི་ས་ཆེན་གྱི་ལང་ཚོ་ཁྱེད གསེར་མདོག་གི་ཉི་འོད་དང་ལྷན་དུ་གང་ནས་ཡོང འདམ་སྙིགས་ཀྱིས་གྲུབ་པའི་བ་ཚྭའི་བཞུར་རྒྱུན་ཁྱེད བྲེལ་ཟིང་གི་མི་ཚོགས་དང་མཉམ་དུ་གང་ལ་འགྲོ སའི་སྤྱི་གཙུག་ནས་བཞུར་འོངས་པའི་ཤེལ་གྱི་མགུལ་རྒྱུན་དྭངས་མོ རང་བྱུང་དང་ཉི་འོད་ཀྱི་ཞི་འཇམ་བསུ་བཞིན དྭངས་གཙང་གི་ཀློང་ནས་ཅི་ཞིག་འབོད་ཀྱིན་ཡོད ས་སྲོད་ཀྱི་ཉི་ཟེར་དམར་པོའི་སྙན་འཇེབས་བཀྲོལ་ཀྱིན འདམ་སྙིགས་ཀྱི་གསེབ་ཏུ་ཅི་ཞིག་འབོར་བཞིན་ཡོད ཆུ་བོ་གངྒཱ། ས་ཆེན་པོའི་སྙིང་ཁྲག་ལྟར་ཁོལ་བའི་ཁྱེད་རང་ འདི་ལྟར་སྐྱོ་མདོག་གིས་བཞུར་དོན་སུ་ཡི་ཆེད་དུ་ཡིན འདི་ལྟར་ངལ་དུབ་ཀྱི་གཟེར་ནས་ཅི་ཞིག་འཚོལ་བཞིན་ཡོད ང་རང་ཁྱེད་ཀྱི་ཞི་འཇགས་ཀྱི་གཙང་འགྲམ་ནས་འགྲེང་བཞིན ཁྱེད་ཀྱི་སྙན་འཇེབས་ཀྱི་རོལ་དབྱངས་ལ་རྣ་བ་བླགས་དུས གསེར་སྤྲིས་འཁྱུད་པའི་འབབ་རྒྱུན་རེ་རེ དེ་རིང་གི་གད་སྙིགས་སུ་འགྱུར་ཚུལ་མཐོང་ཞིང ཆེས་རང་བྱུང་ངམ་སྟོབས་ཀྱིས་བརྡོལ་བའི་འཚོལ་སྙེག་དྭངས་མོ སུ་ཞིག་གི་མགྲིན་པ་ནས་མཆེད་པའི་སྐྱོ་ངག་དང་སྨྲེང་པ་ཐོས་བྱུང ཆུ་བོ་གངྒཱ ཁྱེད་ལ འཛད་མཐའ་བྲལ་བའི་གོམས་འགྲོས་འདི་སུ་ཡིས་གནང་སོང་ ཁྱེད་ལ འཇགས་སུ་མེད་པའི་འགྱུར་ཁུགས་འདི་སུ་ཡིས་བསྩལ་བྱུང་ ངེད་དྲ་ཚིགས།...
དེ་ལས་མང་པ།
ཐུ་བྷོད་སྤྱི་ཚོགས་ཀྱི་བུད་མེད་ཀྱི་ཐོབ་ཐང༌། ༡༽
__ བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས། མང་བཟའ་པད་དཀར་གྱིས་བརྩམས། ལྷ་སྡེ་གནམ་ལོ་ཡག་གི་བསྒྱུར། “དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྒང་སྔ་མཐུད་ཕྱི་སྤེལ་བྱེད་ཐུབ་ཡོད་པའི་མི་རབས་གཅིག་གི་མཁས་དབང་ཞིག་ཡིན་པའི་ཁར། ཁོང་གིས་བུད་མེད་ཀྱི་འདྲ་མཉམ་མ་ཡིན་པ་དང༌། སྤྱི་ཚོགས་དང་ཁྲིམས་ལུགས་ཀྱི་མདུན་དུ་ཐོབ་ཐང་བློས་གཏོང་བྱེད་དགོས་བྱུང་ཡོད་པའི་དངོས་ཡོད་གནས་སྟངས་སུན་འབྱིན་བྱས་ཡོད།” འཇིག་རྟེན་འདིར་ཐོག་མའི་ངུ་སྐད་གཏོར་བ་ནས་བུད་མེད་ཀྱི་ལུས་ནི་བཀྲ་མི་ཤིས་པའི་ཚེ་སྲོག་ཅིག་དང༌། རིགས་དམན་པའི་མཚོན་བྱེད་དུ་འཇོག་པས། སྐྱེ་བ་དམན་པ་ཞེས་མིང་འདོགས་ཀྱང་བྱས་འདུག དུས་དེ་ནས་བཟུང༌། བུད་མེད་ཀྱི་ལས་དབང་སྡུག་བསྔལ་གྱི་རྒྱ་མཚོའི་རླབས་འོག་ཏུ་ཤོར་ཞིང༌། སྤྱི་ཚོགས་ཀྱི་འདུ་ཤེས་ལྟ་གྲུབ་དང་སྲོལ་རྒྱུན་གྱི་བཀག་རྒྱ། རྨོངས་དད་ཀྱི་འཆིང་རྒྱ་སོགས་བགྲང་ལས་འདས་པའི་༼རང་བྱུང་གནས་ལུགས་དང་དྲང་བདེན་༽མེད་པའི་མི་ཆོས་ཀུན་སྤྱོད་ནང་ཉམ་ང་བའི་བུད་མེད་རྣམས་ཀྱི་ཕྱི་ནང་གཉིས་ཀ་རིམ་པ་གསུམ་རེས་བཏུམས་པའམ། བུད་མེད་ཀྱི་མི་གཤིས་དང་ལ་རྒྱ་གཉིས་སྐྱེས་པའི་འདུ་ཤེས་ཀྱི་འཇིག་རྟེན་ནང་གསོན་འཇུག་བྱས་ཡོད་པས། བུད་མེད་རྣམས་ཀྱིས་རང་ཉིད་འཚོ་བཞིན་པ་ཅི་ཞིག་གི་དོན་དུ་ཡིན་པ་དང༌། ཅི་ཞིག་བྱས་ཟིན་པའང་ཧ་མ་གོ་བར་མི་ཚེ་ཧྲིལ་བོར་ཞབས་འབྲིང་གིས་ཐ་ཤལ་གྱི་གོ་བབ་སྒང་ཐར་ཐུབ་མེད་པའི་ཚེ་སྲོག་ཅིག་ལས་མ་འདས། ཡིན་ནའང༌། འཛམ་གླིང་ཤར་ནུབ་གཉིས་ཀྱི་ལམ་ལྷོང་བྱུང་ཟིན་པའི་རླབས་ཆེན་བུད་མེད་དག་གི་ལོ་རྒྱུས་ཁག་ལས་མཐོང་ཐུབ་པ་ནི། གལ་ཏེ་བུད་མེད་ལ་འཇིག་རྟེན་འདིའི་ཞོར་གཏོགས་དངོས་བོ་མི་འདོད་པའི་བློ་གདེངས་འཁོར་ཐུབ་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་འགན་འཁུར་བའི་བསམ་བློས་བསྐུལ་མ་ཐེབས་པ་ཡིན་ན། འདི་དག་འགྲུབ་པར་བྱེད་པའི་ཐོག་མའི་རྒྱུ་སྟེ། རང་ཉིད་རང་ལ་ཡིད་ཆེས་དགོས། རང་ཉིད་ཀྱི་མགོན་སྐྱོབ་རང་ཉིད་ཡིན་པར་གོ་བ་གསལ་བོ་ལོན་དགོས་ཀྱི་ཡོད། ད་གཟོད་ཁོ་མོས་རང་ཉིད་ཀྱི་ཚེ་སྲོག་ལ་དོན་སྙིང་གཏིང་ཟབ་མོ་ལྡན་པར་བསྐུལ་འདེད་གཏོང་ཐུབ་ཀྱི་ཡོད་པ་རེད། སྲོལ་རྒྱུན་ལྟ་གྲུབ་ཀྱིས་བོད་ཀྱི་བུད་མེད་རྣམས་ཀྱི་གཉའ་བར་བུད་མེད་སྐྱེ་བ་ནས་ཚུལ་ལྡན་དང་བག་མར་ཕྱིན་རྗེས། ཁྱོ་གའི་ཕ་མ་དང་ཁྱོ་ག བུ་ཕྲུག་རྣམས་ལ་རང་དོན་གཏིང་བརྗེད་ཀྱིས་རང་ཉིད་ལེགས་སྐྱེས་སུ་འབུལ་ཐུབ་པ་སྤྱོད་བཟང་དུ་བརྩི་བའི་ཚད་གཞི་ཞིག་བཀལ་ཡོད་པས། བོད་ཀྱི་བུད་མེད་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གྲགས་མེད་ཚོར་མེད་ཀྱིས་སྡུག་བསྲན་དང་ལེགས་སྐྱེས་སུ་ཕུལ་བར་བརྟེན་ནས་སྤྱི་ཚོགས་དང་ཁྲིམས་ལུགས་གཉིས་ཀའི་གླུད་རྫས་སུ་གྱུར་བ་དང་སྲོལ་རྒྱུན་གྱིས་༼སྐྱེས་མཆོག་༽དང་༼སྐྱེས་དམན་༽དུའང་དབྱེ་ཡོད་པ་རེད། འོན་ཀྱང༌། བུད་མེད་རྣམས་ཀྱིས་གྲགས་མེད་ཚོར་མེད་ངང་ད་དུང་བཟོད་བསྲན་གྱིས་སུ་གང་གི་སེམས་ལའང་༼ཅིའི་ཕྱིར་༽ཞེས་པའི་དྲི་བ་འདི་མ་འཁོར། བརྙས་བཅོས་འདི་དང་འདྲ་མཉམ་མ་ཡིན་པ་འདིས་བུད་མེད་རྣམས་ཀྱིས་སྐྱེས་པ་ཚོར་ཡིད་སྨོན་གྱིས་རང་ཉིད་ལ་མོ་ལུས་ཐོབ་པར་འཁང་སེམས་ཤོར། ཐ་ན་བུ་མོ་ནར་མ་སོན་པ་རྣམས་ཀྱི་སེམས་ཁོང་དུའང་རང་ཉིད་ཀྱི་དྲི་ཆུ་གཏོར་སའི་བུ་ག་འདི་མི་རྣམས་ཀྱིས་མཐོང་མི་རུང་པའི་མདོག་ཉེས་པོའི་ཅ་ལག་ཅིག་ཡིན་པའི་སེམས་སྐྲན་བཟོས་ཡོད་ཅིང༌། དེ་ལས་ལྡོག་ནས་བུ་ཕྲུག་ནར་མ་སོན་པ་དག་གི་དྲི་ཆུ་གཏོར་བྱེད་ཀྱི་ཡོ་ཆས་གཟི་བརྗིད་དང་ལ་རྒྱའི་མཚོན་བྱེད་དུ་བརྗོད་ཀྱི་ཡོད།མི་ཚེ་ཧྲིལ་བོ་ངལ་བར་བསྐུར་བའི་རྒན་མོ་རྣམས་ཀྱིས་སྐྱེ་བ་རྗེས་མ་ཕོ་ལུས་ཤིག་ཐོབ་པར་མཇུག་མཐའི་རེ་སྨོན་རྒྱག་གི་ཡོད་ཅིང༌། སེམས་ཚོར་རྣོ་བའི་བུད་མེད་ཁ་ཤས་ལ་གནས་སྟངས་འདིར་རྒོལ་སེམས་འཁོར་མྱོང་ནའང༌། སྲོལ་རྒྱུན་གྱི་སྟོབས་ཤུགས་ཆེན་པོ་འདིའི་སྔུན་དུ་ཕམ་ཁ་ལས་རྒྱལ་ཁ་གཅིག་ཀྱང་ཐོབ་མྱོང་མེད་ལ། མཐའ་མཇུག་རླབས་རིས་ཆུ་ལ་སིམ་པ་ལྟ་བུའི་འཚོ་བར་མི་རོལ་རང་དབང་བྲལ་ཡོད། རྒྱལ་ཡུམ་ཆེན་མོའི་རང་རྣམ་ <<ངའི་བུ་ཏཱ་ལའི་བླ་མ>> ནང་གསུངས་དོན། ༼ང་བཙས་པའི་རྗེས་ནས་བཟུང༌། བུ་མོ་ཞིག་གི་ལུས་རྟེན་ཐོབ་ཡོད་པའི་གྲིབ་ཡོར་གྱིས་ངའི་སེམས་ཁོང་ལྕི་ཏིག་གེར་མནན་ཡོད། ང་ཚོ་ཆུང་ཆུང་ཡིན་སྐབས་ནས་ཕོ་མོའི་དབྱེ་བ་དང་རེ་བ་འཛིན་སྟངས་ཀྱི་ཧེ་བག ཁྱིམ་ཚང་ནང་གི་གནས་བབས་ཀྱི་མཐོ་དམའི་བར་ཁྱད་བཅས་ལྷག་གི་ཡོད་པས། སྐྱེས་པ་དང་སྐྱེས་མའི་འཇིག་རྟེན་ལ་བྱང་སྣེ་དང་ལྷོ་སྣེ་ནང་བཞིན་གྱི་རྒྱང་ཐག་རིང་ཞིང༌། ཕྲུ་གུ་རྣམས་འཚར་ལོངས་བྱུང་པའི་བརྒྱུད་རིམ་ཁྲོད་འདྲ་མཉམ་མ་ཡིན་པའི་ངེས་ཤེས་གསལ་ལམ་མེར་བརྙེད་ཐུབ་ཀྱི་ཡོད། གཞན་གྱི་བཟའ་ཟླ་བྱེད་ཀྱིན་པའི་བུད་མེད་ཀུན་ཀྱིས་ཧ་ཅང་དཀའ་ངལ་ཆེ་བའི་འཚོ་བ་རོལ་གྱི་ཡོད་ཅིང༌། ཧ་ལམ་གཡོག་པོ་ཞིག་གམ་ཁྱིམ་ཚང་ནང་གི་རྒྱུ་ནོར་ཞིག་གི་གོ་བབ་ལས་ཡོད་པ་མ་རེད། འདྲ་མཉམ་མ་ཡིན་པའི་སྡུག་པོ་ག་ཚད་མྱངས་ནའང༌། འཁང་ར་བྱེད་པ་དང་ཚིག་ལན་སློག་པ་སོགས་གཅིག་ཀྱང་ཆོག་གི་མེད་པའི་ཁར། ཁྱོ་གའི་ཁྱིམ་ཚང་ནང་ཁ་བྲལ་ནས་འགྲོ་ཡང་མི་ཆོག་པར་ལས་དབང་ཁོ་ནར་གཞི་བཅོལ་ཡོད་ལ། དེ་ལས་ལྡོག་ནས་ཁྱོ་གར་ནམ་ཞིག་བཟའ་ཟླར་ཡིད་མི་ཚིམས་པ་བྱུང་ཚེ། ག་དུས་ཀྱང་ལོགས་ཀའམ་ཁ་བྲལ་ཆོག་གི་ཡོད་པ་དང་ཁྱོ་གས་ཟླ་མོར་བཏང་པའི་ཁ་བྲལ་བའི་བཀའ་རྒྱར་གདམ་ག་ཡོད་པ་མ་རེད། གལ་ཏེ་བུད་མེད་ལ་འོས་མཐུན་མིན་པའི་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་ཡིན་ན། བུད་མེད་དེའི་ཁྱིམ་ཚང་གིས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་གི་ཡོད་ནའང༌། སེམས་ཕམ་པ་ཞིག་ལ་སྐབས་དེའི་ཁྲིམས་ཁང་གིས་ནམ་རྒྱུན་བདེན་ཁ་སྐྱེས་པར་སྟེར་གྱི་ཡོད་པ་རེད། དུས་སྐབས་དེ་དག་རིང་བཟའ་ཚང་བར་འདྲ་མཉམ་ཞེས་པའི་ཡིག་འབྲུ་འདི་གཉིས་རྩ་བ་ནས་མེད་ཅིང༌། བུད་མེད་ཀྱིས་ནམ་ཡང་ཁྱོ་གའི་ཁར་ཉན་དགོས་པ་དང་ཁོ་མོའི་འཇོན་ཐང་ཁྱོ་ག་ལས་ཆེ་བ་ཡོད་ནའང༌། ངེས་པར་དུ་ཁྱོ་གའི་ཁར་ཉན་དགོས་ཀྱི་ཡོད་པ་རེད།༽ རྒྱལ་ཡུམ་ཆེན་མོས་ཞིབ་བརྗོད་གནང་པའི་དོན་དངོས་ཀྱི་བྱུང་པ་འདི་དག་བོད་ཀྱི་བུད་མེད་ཕལ་ཆེ་བའི་ཁོང་དུ་སྦས་ཀྱིན་པའི་སྡུག་བསྔལ་དུ་བརྗོད་ཆོག་གི་ཡོད། དེའི་ཕྱིར། བོད་ཀྱི་བུད་མེད་རྣམས་ཀྱི་ལྟ་གྲུབ་བམ་འདུ་ཤེས་འཛིན་སྟངས་སྒང་ག་དུས་ཀྱང་༼འདྲ་མཉམ་༽གྱི་འདུ་ཤེས་ཤིག་བཞེངས་བསྐྲུན་བྱེད་ཐུབ་ཀྱི་མི་འདུག སྤྱིར་མོ་ལུས་ཀྱང་ཕོ་ལུས་ནང་བཞིན་རང་བདག་གི་ཐོབ་ཐང་དང་ངལ་རྩོལ་ཕོགས་ཐོབ་རོལ་བའི་ཐོབ་ཐང༌། འཚོ་བར་གང་དགར་སྤྱོད་པའི་ཐོབ་ཐང༌། བཟའ་ཟླ་གདམ་ག་བྱེད་པའི་ཐོབ་ཐང༌།འཁྲིག་སྤྱོད་དམ་དགའ་མགུར་སྤྱོད་པའི་རང་འགུལ་ཐོབ་ཐང༌།རང་རང་སོ་སོའི་དགའ་ཕྱོགས་བདག་སྐྱོང་གི་ཐོབ་ཐང༌། སྤྱི་ཚོགས་འགྲོ་འོངས་ཀྱི་རང་དབང་ཐོབ་ཐང་སོགས་རྩོད་ལེན་བྱེད་འོས་ཤིང༌། ༼འདྲ་མཉམ་མ་ཡིན་པ་༽འདི་སྐྱེ་མ་ཐག་ནས་ཡོད་པ་ཞིག་རྩ་བ་ནས་མ་རེད། གླེན་ལྐུགས་འདུ་ཤེས་ཤིག་གིས་སྤྲིན་ནག་ནང་བཞིན་བུད་མེད་ཚོའི་མགོ་བོ་བཏུམས་ཡོད་པས་ཡིན་ལ། བུད་མེད་ཀྱིས་རང་ཉིད་དང་རང་ཉིད་ཀྱི་མངོན་མེད་ནུས་ཤུགས་ལ་ཡིད་ཆེས་བྱེད་རྒྱུ་གལ་ཆེ་ཞིང༌། གལ་ཏེ་མར་ས་ལ་འགྱེལ་ཐེངས་སྟོང་ཕྲག་བྱུང་ནའང༌།བཟོད་བསྲན་གྱིས་རང་ཉིད་ལ་དུས་ཚོད་སྤྲད་ནས་ག་ལེར་ཡར་ལངས་ཏེ་ལམ་ལྷོང་ཡོང་པའི་ཕྱོགས་སུ་མདུན་བསྐྱོད་དང༌། བྱང་ཆ་ལྡན་པའི་ལམ་ལ་མདུན་བསྐྱོད་བྱེད་འོས། དེང་སྐབས་བོད་ཀྱིས་ཧ་ལམ་སྲོལ་རྒྱུན་གྱི་བཟང་སྤྱོད་ཟེར་བ་བཀོལ་ནས་བུད་མེད་ལ་གདེངས་འཇོག་བྱེད་ཀྱི་ཡོད་ཅིང༌།བུད་མེད་ལ་བསམ་བློ་དང་རང་གཤིས། ཐུན་མོང་མ་ཡིན་པའི་ལྟ་སྟངས་སོགས་ཏེ། སྐྱེས་པའི་ཁེ་ཕན་ལ་ཕོག་ཐུག་གཏོང་སྲིད་པའི་རྒྱུ་རྐྱེན་གང་ཡང་ཡོད་ཆོག་གི་ཡོད་པ་མ་རེད། བུད་མེད་ལ་བསམ་བློ་ཡོད་པ་ལས་བུད་མེད་རྣམས་གསེར་དངུལ་གྱི་རྒྱན་ཆ་འདོགས་པ་དང་རྣམ་པ་ཇེ་མཛེས་གཏོང་པའི་སྒང་དུས་ཚོད་འདའ་བར་སྐྱེས་པ་ཚོར་བློ་མོས་ཡོད་ཀྱི་འདུག ལོ་རྒྱུས་སྒང་བོད་ཀྱི་བུད་མེད་རྣམས་རྒྱུ་ནོར་དང་སྐྱེས་པའི་རྣམ་ཤེས་བཅོལ་ཡུལ་གྱི་མདོ་འཛིན་པར་གྱུར་ཡོད་ཚུལ་བཤད་ཀྱི་ཡོད་པ་དང༌། གཉེན་སྒྲིག་ཁྲུང་སའམ་ཆང་ས།རྗེས་དབུས་གཙང་དུ་པང་གདན་རྒྱག་པ་དང་ཁམས་ཁུལ་དུ་མགོར་སྤོས་ཤེལ་ལྔ་འདོགས་པ། ཨ་མདོར་དུང་རའམ་ཁ་སྐད་དུ་དམར་གདན་འབོད། སྐྲ་ལུང་འདོགས་པ་སོགས་ཏེ། འདི་དག་གིས་བུད་མེད་དེར་བདག་པོ་ཡོད་ཟིན་པ་མཚོན་གྱི་ཡོད་ཅིང༌། ལུས་ལ་བཏགས་པའི་རྒྱན་ཆ་དེ་དག་ཁྱོ་གའི་བླ་གནས་ཡུལ་དུ་བཤད་ཀྱི་ཡོད་པས། སྐབས་དེ་ཤེད་ནས་ཁོ་མོ་ཚོས་རྒྱན་ཆ་འདི་དག་ཁྱད་དུ་འཕགས་པར་ངོས་འཛིན་གྱིས་རང་ཉིད་ཀྱི་རྣམ་ཤེས་བླ་སྲོག་བོར་ཡོད་པའི་ཁར། མཚོན་བྱེད་རང་བཞིན་དུ་གྱུར་བའི་རྒྱན་ཆ་འདི་དག་གཉེན་སྒྲིག་རྗེས་ཀྱི་བུད་མེད་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལྕགས་སྒྲོག་ཏུའང་གྱུར་ཡོད་པ་རེད། དུས་ཡུན་ག་ཚད་ཅིག་ལ་སྒུག་རྗེས། ད་གཟོད་ཁོ་མོ་ཚོར་རང་བདག་གི་བླ་ཞིག་དང་རང་གཤིས་ཤིག་ཡོད་ཐུབ་ཀྱི་ཡིན་ནམ། དཔེ་མཚོན་ཞིག་བཀོད་པ་ཡིན་ན། ངས་ནམ་རྒྱུན་ལུས་སེམས་གཅིག་ཏུ་སྒྲིལ་ནས་འཇིམ་རྐོས་ཆེན་པོ་ཞིག་གམ། རི་མོ་ཞིག་གསར་བཏོད་བྱེད་པ། ཡང་ན། བལྟ་འདོད་པའི་ནང་དོན་གཏིང་ཟབ་པོའི་དེབ་ཅིག་ཀློག་པ་གང་རུང་གི་ལས་གཞི་ཞིག་གི་སྒང་བློ་རྩེ་གཅིག་སྒྲིམ་བྱེད་སྐབས། གལ་ཏེ་གོ་གནས་དང་འབྱོར་སྟོབས་ཆེ་བའི་སྐྱེས་པ་ཞིག་གིས་ང་ལ་དགའ་བའི་རྣམ་འགྱུར་བསྟན་པ་དང༌། སྐབས་འདིར་ང་ལ་བུད་མེད་ཀྱི་རང་སྦས་ནུས་པས་ཁོ་བོའི་ཟླ་མོའམ་ལྕམ་སྐུ་ཞབས་བྱེད་འདོད་སྐྱེས་པ་ཡིན་ན། རང་ཤུགས་ཀྱིས་ཁོ་བོ་སྐྱེས་པ་བླ་མེད་ཀྱི་གོ་གནས་སྒང་བཞག་པ་ཡིན་པས། སྐད་ཅིག་ཉིད་ལ་གསར་བཏོད་ཀྱི་རིག་པ་མཐའ་དག་འགག་ནས་མུན་འཐོམས་ཀྱི་གནས་སུ་ལྷུང་པར་མ་ཟད། བསམ་བློའི་ནང་བྱ་བ་ཙག་ཙིག་མང་པོ་ཞིག་འཁོར་ཡོང་པའང་ཁྱོ་ག་རང་ལ་བྱམས་མིན་དང་སྡོད་གནས་ཕྱི་ནང་གི་བཀོད་སྒྲིག ཕྱི་ལོགས་སུ་རང་ཉིད་ཀྱི་གཏམ་འདོད་ཚ་བོ་ཇི་ལྟར་ངོམས་སྟོན་བྱེད་རྒྱུ་སོགས་ལས་ལྷག་མེད། ཐེངས་གང་མང་རིང་ངས་གསར་བཏོད་ཀྱི་ལས་གཞི་མཇུག་སྐྱོང་བྱེད་ཐབས་བྲལ་ཡོད་ཅིང༌། ཁོར་ཡུག་སྡུག་པོ་འདིར་གཡོལ་བའི་ཐབས་ལམ་ཉག་གཅིག་ནི་རང་ཉིད་ཀྱི་སར་ཡར་ལངས་ནས་ཕར་ཕྱོགས་ཀྱི་གནས་བབས་ལེགས་པོར་མཐོང་ཆུང་གིས་རང་ཉིད་ཀྱི་བརྩེ་དུང་ཅི་ཡང་མེད་པའི་སྐྱེས་པ་ཞིག་ལ་གཏད་ཀྱང་མི་ཆོག་པ་མེད་པ་དེ་ཡིན། འདི་ལྟར་གསར་བཏོད་ཀྱི་རྣམ་དཔྱོད་དང་ངར་ཉམས་ཀྱི་མཐོ་རླབས་སླར་ཡང་བརྙེད་ཐུབ་པ་དང༌། འདི་དག་གིས་ལྟ་གྲུབ་ཀྱི་འཁྱེར་སོའམ་འཛིན་སྟངས་སྟོན་གྱི་ཡོད་པ་ལས་གཞན་གང་ཡང་སྟོན་གྱི་མེད་ཅིང༌། གལ་ཏེ་ངས་རང་ཉིད་ཀྱི་ལྟ་གྲུབ་ནང་དུ་གཞན་འོག་རྒྱུགས་པའི་ལས་དབང་གདམ་པ་ཡིན་ཚེ།རང་ཉིད་ཀྱི་རང་བདག་ཐོབ་ཐང་དོར་ཟིན་པའི་ཁར་རྣམ་དཔྱོད་ཀྱི་བུ་ག་རེ་རེའང་སིམ་ཉེན་ལ་གཏུགས་ཟིན་པས། ༼འདྲ་མཉམ་༽གྱི་ལྟ་གྲུབ་དེས་བུད་མེད་ཅིག་གི་འཚོ་བའི་ནང་ཇི་འདྲའི་ནུས་པ་གལ་ཆེན་ཞིག་འདོན་ཐུབ་ཀྱི་ཡོད་ཨང༌།ཡིད་སྐྱོ་བ་ཞིག་ལ་བོད་ཀྱི་སྲོལ་རྒྱུན་གྱིས་བུད་མེད་ཀྱི་སེམས་ནང་དུ་དམའ་རིམ་གྱི་འདུ་ཤེས་རི་མོ་ནང་བཞིན་བརྐོས་ཡོད།དཔེར་ན། དེང་གི་བར་བོད་ཀྱི་བཙུན་མ་ཞིག་ཡར་ལངས་ནས་བཙུན་པ་དང་རྟགས་བསལ་ལམ་ཆོས་རྩོད་གཏོང་མྱོང་མེད་ལ། ཅིའི་ཕྱིར་ཐའེ་ཝན་དང་ནུབ་ཕྱོགས་ཀྱི་བཙུན་མས་གཏོང་ཐུབ་ཀྱི་ཡོད་པ་རེད། འདི་ནི་བོད་ཀྱི་བཙུན་མའི་རིག་གནས་ཀྱི་ཆུ་ཚད་དམའ་དྲགས་པ་ཡིན་ནམ། གོ་རྟོགས་སད་མ་ཐུབ་པས་ལན་པ་རེད། སྤྱིར་མཚན་ཉིད་རིག་པའི་སྒང་གི་རིགས་སྒྲུབ་ཁུངས་སྐྱེལ་ནི་གཏིང་ཟབ་པའི་རིག་ཚན་ནམ་བསླབ་གཞི་ཞིག་ཡིན་ནའང༌། རྒྱ་གར་ནས་བོད་ལ་དར་བ་ནས་བཟུང༌། གངས་ལྗོངས་སུ་ལོ་ངོ་སྟོང་ཕྲག་རིང་རྨོ་འདེབས་བྱས་ནས་ལྗང་བུ་འབུས་པ་དང༌། མེ་ཏོག་བཞད་པ། གཡུར་དུ་ཟ་བ་སོགས་ཀྱི་དུས་རིམ་བརྒྱུད་ནས་དེང་སྐབས་བོད་ཀྱི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་ཆོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། གནས་ལུགས་ཀྱི་སྒང་ནས་བཤད་པ་ཡིན་ན། དཔྱད་པ་གཏོང་སྟངས་དང་བོད་སྐད་སོགས་ཀྱི་ལེགས་ཆ་རང་ལ་ཡོད་པའི་ཐོག་ནས་ཀྱང་བོད་ཀྱི་བཙུན་མ་རྣམས་ཕྱི་ཡོང་བཙུན་མ་རྣམས་ལས་ཡག་ཆོག་ཆོག་ཅིག་ཏུ་སྣང་མོད། ཁོ་མོ་ཚོས་ནམ་ཡང་རྒྱང་ཐག་རིང་པོར་བལྟ་ཐབས་བྲལ་ཡོད་པ་དང༌། གཙོ་བོ་ཐོག་མར་བཙུན་དགོན་ནང་འཛུལ་སྐབས། བཙུན་མ་མང་ཆེ་བ་རྨོངས་དད་ཀྱི་དབང་དུ་སོང་ཡོད་པའི་ཁར། ནང་མི་སྐོར་ཞིག་གིས་ཀྱང་བཙུན་མ་བཟོ་བ་ནི་བུ་མོ་ཚོའི་མདུན་ལམ་བཀོད་སྒྲིག་ཉག་གཅིག་ཏུ་བསམ་ཡོད་པས། བུ་མོ་དེ་དག་གིས་ཀྱང་མི་ཚེ་ཧྲིལ་བོར་གྲྭ་ཆས་མ་དོར་བར་ཁ་འདོན་ཙག་ཙིག་ཙམ་བྱེད་ཐུབ་པ་བྱུང་ན་བཙུན་མ་ཡང་དག་ཅིག་འཁྱོངས་ཡོད་པར་བསམ་བཞིན་པར་ཐུག་ཡོད་པར་གོར་མ་ཆག་པ་ཞིག་རེད། དེ་ལས་ལྡོག་ནས་ཐའེ་ཝན་དང་ནུབ་ཕྱོགས་ཀྱི་བཙུན་མ་མང་ཆེ་བར་དེང་རབས་ཀྱི་ཤེས་བྱ་ངེས་ཅན་ཞིག་ལྡན་ཡོད་པའི་རྨང་གཞིའི་སྒང་སྤྱི་ཚོགས་ལ་རྒྱུས་མངའ་གང་འཚམས་འཛོམས་པ་དང༌། ཕོ་མོ་འདྲ་མཉམ་གྱི་ལྟ་གྲུབ་འོག་རང་བདག་རང་སྐྱོང་གིས་མི་ཚེ་མདུན་ལམ་རང་ཉིད་ཀྱིས་ཐག་གཅོད་བྱས་ཏེ། བདེན་དོན་བཙལ་བའི་ལམ་ཁ་ཉག་གཅིག་དང་འཁོར་བའི་སྡུག་བསྔལ་གཞོལ་བའི་ཐབས་ལམ་རྐང་གཅིག་ལ་ནང་བསྟན་ལས་ལྷག་ཅིག་མེད་པར་གོ་བ་ལོན་པའི་སྔོན་འགྲོའི་ཆ་རྐྱེན་བརྒྱུད་ནས་ཆོས་སྒོར་ཞུགས་པ་ཡིན་པས། སློབ་ན་ཤེས་སླ་བ་དང་གནས་ལུགས་ཟབ་མོ་རྟོགས་ཐུབ་ཀྱི་ཡོད་པ་རེད། བོད་ཀྱི་བཙུན་མ་རྣམས་ནང་ཚང་གི་འཆིང་རྒྱའི་འོག་ཐར་ཐུབ་ཡོད་ཀྱང་དམའ་རིམ་འདུ་ཤེས་ཀྱི་འཆིང་རྒྱའི་འོག་ཐར་མ་ཐུབ་པས་རང་རློམ་གྱི་ལྟ་གྲུབ་འཛུགས་ཐུབ་ཡོད་མི་འདུག ཕྱི་ལོ་ ༡༩༩༧ལོར་ངའི་གྲོགས་མོའམ། དབྱིན་ཇིར་ལྷ་རམས་པའི་ངད་ཁ་བསླབ་གཞིར་སློབ་སྦྱོང་གནང་བཞིན་པའི་བློ་བཟང་རབ་རྒྱས་སྐྱིད་མཆོག་ཁོ་མོའི་དཔྱད་རྩོམ་ལ་རྒྱུ་ཆ་འཚོལ་སླད་རྒྱ་གར་དུ་ཡོང་ཞིང༌། བོད་ཀྱི་བུད་མེད་ལ་ཞིབ་འཇུག་གནང་པ་དང་བཙུན་དགོན་སྒྲོལ་མ་གླིང་དུ་ལེགས་སྦྱར་གཏམ་བཤད། སྤེལ་སྐབས། ཁོ་མོས་བཙུན་མ་ཚོར་ང་རང་ལ་བུད་མེད་ཅིག་གི་ལུས་རྟེན་རག་པར་ང་རྒྱལ་བྱེད་ཀྱི་ཡོད་ལ། གལ་ཏེ་སྐྱེ་བ་རྗེས་མ་ཟེར་བ་ཞིག་ཡོད་ན་ཡང་བསྐྱར་བུད་མེད་ཅིག་ཏུ་སྐྱེ་བའི་འདོད་པ་ཡོད་ཅེས་མ་ཐག ལེགས་སྦྱར་ལ་ཉན་བཞིན་པའི་བཙུན་མ་རྣམས་ལ་ཧ་ལས་པ་དང་ཧང་སངས་པའི་རྣམ་འགྱུར་ཐོན་ཡོང་པའི་ཁར། བསམ་ཚུལ་དེ་དང་ལེན་བྱེད་ཐབས་མེད་པར་སྐྱེ་བ་རྗེས་མར་མོ་ལུས་ཤིག་མི་ལེན་པར་སྨོན་ལམ་རྒྱག་གི་ཡོད་ཅེས་ལན་བསྐྱོན་སོང༌། ལྕམ་སྐུ་རིན་ཆེན་མཁའ་འགྲོ་ལགས་ཀྱིས་ཀྱང་ང་ལ་གསུངས་མྱོང་སྟེ། ཁོ་མོས་དང་ཐོག་བཙུན་མ་རྣམས་ལ་འཕྲད་སྐབས་བཙུན་མ་རེ་འགར་སྐད་ཆ་དྲིས་མྱོང་ཞིང༌། ཅིའི་ཕྱིར་བཙུན་མ་བྱས་པ་ཡིན་ནམ་ཞེས་པའི་ལན་དུ་མགོ་བོ་གཡུག་པའམ། ༼ཧ་གོ་མ་སོང༽གཉིས་ལས་མི་འདུགདྲིས་ལན་དེ་དག་ཁོ་མོས་རྗེས་སོར་བློ་ཐག་རྦད་བཅད་ངང་བཙུན་མའི་ལས་དོན་སྒང་ཤུགས་རྒྱག་རྩར་ཐུག་ཡོད་པར་མ་ཟད། ཁོ་མོས་སྙིང་རྗེ་ངང་བཙུན་མ་རྣམས༼མ་རིག་པའི༽གནས་སྟངས་ལས་གྲོལ་ཐུབ་ཡོད་པ་དང་ཤེས་བྱ་གང་མང་ཞིག་ལོན་ཐུབ་པ་བྱེད་དགོས་སྙམ་ནས་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་གིས་ལོ་མང་རིང་བཙུན་མའི་ལས་དོན་སྒང་དཀའ་ལས་བརྒྱབ་པར་བརྟེན་ནས་དེང་གི་ཆར་ཧ་ལམ་འཚོ་བའི་ཆ་རྐྱེན་དང་སློབ་ཁྲིད་རྒྱུ་སྤུས། བཙུན་དགོན་གྱི་ལམ་ལུགས་བཅས་ལ་ལེགས་བཅོས་བྱེད་ཐུབ་ཡོད་པ་དང༌། ལྕམ་སྐུ་མཆོག་གི་བསྐུལ་འདེད་དང་གཞོགས་འདེགས་ལ་བརྟེན་ནས་བཙུན་མ་རྣམས་རྣམ་དཔྱོད་ཀྱི་ཐེམ་སྐས་ཤིག་ལ་འཛེག་ཐུབ་ཡོད་ཅེས་བཤད་ཆོག་པ་ཞིག་ཀྱང་རེད། གོང་ས ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་ལོན་ཊོན་དུ་ཐེངས་ཤིག་གསར་འགོད་པར་བུད་མེད་གནས་བབས་སྐོར་གྱི་དྲིས་ལན་ནང་གསུངས་དོན། ༼བུད་མེད་བླ་མ་སྐོར་ཞིག་ཀྱང་ཡོད། ཡིན་ནའང༌། གནའ་ནས་དེང་བར་བླ་མ་མང་ཆེ་ཤོས་སྐྱེས་པ་ཆགས་ཀྱི་ཡོད་པ་རེད། ང་ཚོས་ངེས་པར་དུ་ངོས་ལེན་བྱེད་དགོས་པ་ནི་གནའ་བོའི་བུད་མེད་ཀྱི་གནས་བབས་ཧ་ཅང་སྐྱོ་བ་དང་དོ་སྣང་ཡང་བྱེད་ཀྱི་མེད། བོད་ཀྱི་ནང་ཆོས་ལས་བུད་མེད་གནས་བབས་དང་ཁེ་དབང་ལ་དོ་སྣང་བྱས་མེད་པའང༌། རྒྱུ་རྐྱེན་སྐོར་ཞིག་འདས་པའི་དུས་ཀྱི་མི་རྣམས་ཀྱིས་དེའི་སྐོར་ལ་བསམ་བློ་རྩ་བ་ནས་གཏོང་མྱོང་མེད་པས་ཡིན་ལ། ང་ཚོས་དེ་ནི་འོས་ཤིང་འཚམས་པ་ཞིག་ཏུ་འདོད་ཡོད་པས་ཀྱང་ཡིན། འོ་ན། ནང་པས་ཕོ་མོའི་དབྱེ་བ་དང་མཐོང་ཆུང༌། བུད་མེད་ཀྱི་ཁེ་དབང་དང་ནང་པའི་བུད་མེད་ཀྱི་གནས་བབས་སོགས་ལ་ཡང་དག་པའི་ལངས་ཕྱོགས་ཤིག་བཟུང་ཡོད་ཅིང༌། གོང་ནས་བརྗོད་པ་ལྟར། སངས་རྒྱ་རུང་གི་ཆ་ནས་ཕོ་མོར་དབྱེ་བ་མེད་པ་དང་ཚད་མཐོན་པོའི་གཞན་ཕན་སྙིང་བརྗེ་བསྐྱེད་ནས་སངས་རྒྱས་པའམ། གནས་ལུགས་རྟོགས་པའི་མངོན་མེད་ཀྱི་ནུས་པའི་སྒང་ནས་ཀྱང་དབྱེ་བ་ཡོད་པ་མ་རེད། ངས་བལྟས་ན་བུད་མེད་ཚོས་དབང་ཆ་ཆ་ཚང་རང་གིས་འཛིན་ཐུབ་རྒྱུ་ཧ་ཅང་གི་གལ་ཆེ་ཞིང༌། རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་ནས་ངོས་ཀྱིས་བཏོན་པའི་བུད་མེད་ཀྱི་ཁེ་དབང་ལོ་མང་རིང་དར་སྤེལ་བཏང་པ་ཡིན། སྒོས་སུ་བཙུན་མ་རྣམས་ལ་ངེས་པར་དུ་བཙུན་པ་ནང་བཞིན་གྱི་སློབ་སྦྱོང་གི་འདུན་པ་དང་སྤོབས་པ་ཡོད་དགོས། བོད་ནང་དུས་ཡུན་ཞིག་གི་རིང་ལ་བཙུན་མ་རྣམས་ཀྱིས་སློབ་སྦྱོང་ཡག་པོ་གནང་ཡོད་མི་འདུག་ཅིང༌། བཤད་རྒྱུན་ཞིག་ཡོད་པ་ནི་སྔར་བཙུན་མས་མཚན་ཉིད་རིག་པ་སྦྱངས་ནས་བཙུན་པར་རྩོད་པ་བརྒྱབ་ནས་བཙུན་པ་ཕམ་པའི་དཔེར་བརྗོད་ཡང་མང་པོ་འདུག བྱས་ཙང་ཁྱེད་ཀྱིས་བསམ་བློ་ཐོངས་དང༌། ངོས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་བུད་མེད་ལ་ཁེ་ཕན་ཐོབ་ཐང་རག་པའི་ཆེད་དུ་དཀའ་ལས་བརྒྱབ་ཡོད་མོད། ཁོ་མོ་ཚོའི་རང་འགུལ་གྱིས་ཐོབ་ཐང་རྩོད་ལེན་བྱེད་རྒྱུའང་ཧ་ཅང་གི་གལ་ཆེན་པོ་རེད།༽ སྔོན་ཐོན་རྒྱལ་ཁབ་ཁག་ཅིག་གི་འཕེལ་རྒྱས་ལས་བལྟས་པ་ཡིན་ནའང༌། སྤྱི་ཚོགས་ཀྱིས་བུད་མེད་ལ་བརྩི་བཀུར་དང་སྒོ་དབྱེ། རང་དབང་སོགས་བུད་མེད་ཀྱི་ཐོབ་ཐང་ལ་ལེགས་བཅོས་བྱས་པ་ལས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་བསྐུལ་འདེད་བྱེད་ཐུབ་ཡོད་འདུག དཔེར་ན། རྒྱ་ནག་གི་བུད་མེད་རྩོམ་པ་པོ་ལའོ་ཝུན་གྱིས་ཁོ་མོའི་ཨ་རིའི་བུད་མེད་སྒྱུ་རྩལ་པ་དང་གླེང་མོལ་བྱས་པའི་ཟིན་ཐོ་ <<བུ་མོ་བཟང་པོ་ཞིག་མི་འདུག>> ནང་གསལ་དོན། ལོ་རབས་དྲུག་ཅུ་ནས་བདུན་ཅུའི་ནང༌། ཨ་རིར་རང་དབང་དང་རང་སྐྱ་འཕེར་བ་རག་སླད་སྐད་འབོད་རྒྱག་པའི་བུད་མེད་སྒྱུ་རྩལ་པ་སྐོར་ཞིག་བྱུང་ཡོད་ཅིང༌། ཁོ་མོ་ཚོས་དངོས་མྱོང་གཞིར་བཞག་གིས་བུད་མེད་རྣམས་སྐྱེས་པ་ཚོའི་འཛད་རྫས་སུ་ཇི་ལྟར་གྱུར་བའི་སྐྱོ་གར་བརྗོད་ཡོད་པར་མ་ཟད། རྣམ་དཔྱོད་ཀྱི་སྒོ་འབྱེད་པ་དང་མི་མངོན་པའི་ནུས་ཤུགས་རྡོལ་བ་ལས་བུད་མེད་རྣམས་ཀྱིས་རང་ཉིད་ལ་ལམ་ཁ་ཞིག་ལག་སྙོབདང་འཚོལ་སྙེག་བྱེད་དགོས་བྱུང་ཡོད། སྐབས་དེར་ཁོ་མོ་ཚོས་ཐོག་མར་ཨ་རིའི་ཕོ་དབང་རིང་ལུགས་པའི་༼ཨ་ཕ་ཆེ་བས་༽ཡོད་ཚད་ལ་དབང་བསྒྱུར་བྱེད་ཀྱིན་པའི་མགོ་གནོན་ལས་ཐར་ཐབས་དང་ཨ་རིའི་སྲོལ་རྒྱུན་རིག་གནས་ལས་བུད་མེད་སློབ་གསོའི་རྣམ་པའི་འཆིང་རྒྱ་གཏོར་ཐབས་ནས་འགོ་བརྩམས་ཏེ། རང་སྐྱ་འཕེར་བའི་བུད་མེད་རྩོམ་པ་པོ་དང་བུད་མེད་བཀོད་ཇུས་མཁན། བུད་མེད་སྒྱུ་རྩལ་པ་མང་པོ་ཞིག་རང་འགུལ་གྱིས་གཞི་གཅིག་ལ་འདུས་ནས་ཨ་རིའི་བུད་མེད་ཀྱི་སྤྱི་ཚོགས་གནས་བབས་དང་ཕོ་མོ་འདྲ་མཉམ་སོགས་རྩོད་ལེན་བྱས་ཡོད་ཅིང༌། ཁོ་མོ་ཚོས་སྒྱུ་རྩལ་སོགས་མཚོན་ཐབས་སྣ་མང་སྤྱད་ནས་སྔར་ཨ་རིའི་སྐྱེས་པ་ཚོས་ལོ་རྒྱུས་སུ་བཀོད་པའི་༼ཕོ་མཆོག་མོ་དམན་༽གྱི་ལྟ་གྲུབ་ལ་མགོ་རྟིང་སློག་ཐུབ་ཡོད་པ་དང༌། ཁོ་མོ་ཚོས་བུད་མེད་ཀྱི་དགའ་མགུའམ་འཁྲིག་སྤྱོད་རང་འགུལ་དར་སྤེལ་གཏོང་པ་དང༌།བུད་མེད་ཀྱི་ཆ་དང་བུད་མེད་རང་ཉིད་ཀྱི་དགོས་མཁོ་ནས་ཕུགས་འདུན་བརྒྱུད་དེ་ལག་ལེན་བྱེད་འོས་པར་འདོད་ཀྱི་ཡོད་ཅིང༌། བུད་མེད་ཀྱིས་རང་དབང་དང་འདྲ་མཉམ་རྩོད་ལེན་བྱེད་པའི་ལས་འགུལ་དེ་དང་ཁོ་མོ་ཚོར་སྐབས་ཤིག་སྤྱི་ཚོགས་སྒང་སྡིག་དམོད་དང་འགྲེལ་ལོག ཐ་ན་བུད་མེད་ནང་ཁུལ་དུའང་སྲོལ་རྒྱུན་འདུ་ཤེས་ཀྱི་རྩ་བ་མཐུག་པ་རེ་འགས་རྒོལ་གཏམ་སྤེལ་ཡོད་མོད། ཡིན་ནའང༌། དེས་བུ་མོའི་ལུས་ཅན་མང་པོ་ཞིག་ལ་རང་དབང་གི་མཁའ་དབུགས་ལོངས་སུ་སྤྱོད་པའི་བར་སྟོང་ཞིག་བསྐྲུན་ཐུབ་ཡོད། ཨ་རིའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་བསྐུལ་འདེད་དང་དེང་སྐབས་ཨ་རི་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་དང་བལྟོས་འཇོག་གིས་དམངས་གཙོ་དང་རང་དབང་གི་རྒྱལ་ཁམས་ཤིག་ཏུ་བརྗོད་ཀྱིན་པའི་རྒྱུ་རྐྱེན་ཞིག་ཏུའང་གྱུར་ཡོད་པར་གདོན་མི་ཟ།...
དེ་ལས་མང་པ།
སྐུའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
༄༅། ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོར་འབོད་པའི་གཏམ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བ། དེ་ཡང་གངས་ལྗོངས་ཆོས་ཀྱི་ཞིང་སར་སྔོན་བྱོན་རྒྱལ་བློན་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་སུ་རྫོགས་པའི་༸རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་གྱི་རིག་པའི་གནས་མཐའ་དག་དར་ཁྱབ་གཏིང་ཟབ་བྱུང་སྟེ་འཇིག་རྟེན་སྤྱི་དང༌། ཁྱད་པར་ཤར་གླིང་འདིར་ནང་བསྟན་གཙོ་བོར་གྱུར་པའི་རིག་པའི་གནས་ཡོངས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གྲངས་ལས་འདས་པའི་སྐྱེ་འགྲོ་མང་པོའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ལག་རྗེས་རླབས་ཆེན་དོན་སྙིང་ལྡན་པ་བྱུང༌། དེ་ལྟའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱུང་རབས་ཀྱི་འཕེལ་རིམ་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་དར་བ་དེས་བསྟན་འགྲོ་སྤྱི་དང༌། དགེ་འདུན་འདུས་སྡེ་སོགས་ལ་ཕན་རླབས་ཚད་མེད་བྱུང་ཡོད། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་དང༌། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ལམ་ནས་བྱུང་ཞིང༌། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་ ༣༦༩ ཙམ་སོང་བ་དེ་ངོས་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན་ཞིང༌། འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན། འོན་ཀྱང་གནད་དོན་འདིའི་སྐོར་ད་དུང་ལམ་སྟོན་ཁ་གསལ་ཞིག་མ་བྱུང་ན་དད་ལྡན་མང་ཚོགས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱེད་རྒྱུའི་མངོན་འདོད་ཤུགས་ཆེ་ཡོང་སྲིད་པའི་ཁར། སྲིད་དབང་འཛིན་མཁན་རྣམས་ཀྱིས་སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་ཡང་སྲིད་ངོས་འཛིན་བྱེད་ཐབས་ལོག་པ་སྤྱད་རྒྱུའི་ཉེན་ཁའང་དངོས་མཐོང་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ཡོད་པའི་སྐབས་འདིར་ངེས་པར་དུ་བྱེད་དགོས་པར་མཐོང་ཞིང༌། ལམ་སྟོན་འདིའི་གནད་དོན་ཆ་ཚང་ཞིབ་གསལ་ཞིག་གོ་རྟོགས་ཐུབ་པའི་ཆ་རྐྱེན་དུ། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང༌། དེའི་གཞི་རྩའི་ལྟ་གྲུབ་རྣམས་ཚུལ་བཞིན་ཤེས་དགོས་རྒྱུ་མེད་དུ་མི་རུང་བས་དེ་དག་མདོ་ཙམ་བརྗོད་ན། སྐྱེ་བ་སྔ་ཕྱི། ཡང་སྲིད་དམ་སྤྲུལ་སྐུའི་གནས་ལུགས་ཁས་ལེན་པ་ལ་སྐྱེ་བ་སྔ་ཕྱི་ཁས་བླང་བ་ཞིག་ ངེས་པར་དུ་དགོས། སེམས་ལྡན་གྱི་སྲོག་ཆགས་རྣམས་སྐྱེ་བ་སྔ་མ་ནས་འདིར་སྐྱེ་བ་དང༌།...
དེ་ལས་མང་པ།
གངས་སྐོར་ལམ་ཁའི་རྙོག་གླེང་།
རྒྱ་གར་སྲིད་བློན་མུ་དྷི་སྲིད་གཞུང་གིས་ཧིན་རྡིའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་མཁན་ཚོར་ལ་དྭགས་བདེན་མཆོག་དང་ཀུ་མོན། ཀིན་ནཱོར་བཅས་ཀྱི་ལམ་ཁ་མ་ཕྱེས་པར་སྣ་ཐོད་ལ་ནས་འགྲོ་རྒྱུ་བྱས་པ་དེར་ས་གནས་མང་ཚོགས་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཉིན་གསུམ་རིང་གི་གཟིགས་སྐོར་སྐབས། རྒྱ་དཀར་ནག་བར་ཚོང་འབྲེལ་གཙོས་པའི་ལས་དོན་ཁག་ ༡༢ ལ་མིང་རྟགས་བཀོད་ཡོད་པའི་ཁྲོད། རྒྱ་གར་གཞུང་གིས་རྒྱ་གར་གྱི་ཧིན་རྡིའི་གནས་མཇལ་བ་ཚོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་བར་འགྲོ་གྲོན། འགྲིམ་བཞུད་བདེ་འཇགས་སོགས་ཀྱི་ཆེད་དུ། ལ་དྭགས་ས་གནས་བདེན་མཆོག་དང་ཨོ་ཊིར་ར་ཀན་མངའ་སྡེའི་ས་གནས་ཀུ་མོན་ (Kumaon)། ཧི་མ་ཅལ་མངའ་སྡེའི་ས་གནས་ཀིན་ནཱོར་ (Kinnaur) བཅས་ནང་གི་ས་མཚམས་ཁག་སྒོ་ཕྱེ་རྒྱུ་མིན་པར། འབྲས་ལྗོངས་ས་མཚམས་སྣ་ཐོད་ལ་ནས་གཞིས་ཀ་རྩེ་བརྒྱུད་གནས་མཇལ་དུ་འགྲོ་རྒྱུའི་ལམ་ཁ་ཕྱེ་རྒྱུའི་གྲོས་མཐུན་བྱུང་ཡོད་སྟབས། ཨོ་ཊིར་ར་ཀན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཧ་རེ་ཞི་ (Harish Rawat) ལགས་དང་ལ་དྭགས་ས་གནས་ཀྱི་ཀོང་རེ་སི་ཚོགས་པ་གཙོས་གོང་གི་ས་གནས་མང་ཚོགས་ཀྱིས་མུ་དྷི་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག ཨོ་ཊིར་ར་ཀན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཧ་རེ་ཞི་ལགས་ཀྱིས་མངའ་སྡེ་ནང་ཡོད་པའི་བྷེ་ཇེ་པེ་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་མུ་དྷི་མཆོག་གི་མདུན་ཅོག་སྟེང་གནད་དོན་འདི་འཁྱེར་ཏེ་ཡང་བསྐྱར་བསམ་ཞིབ་བྱེད་དགོས་པའི་རེ་སྐུལ་ཡི་གེ་ཞིག་ཕུལ་ཡོད་པ་དང་། ཁོང་གིས་ “ཐག་གཅོད་དེས་རྒྱ་གར་རྒྱལ་ཡོངས་དད་ལྡན་མང་ཚོགས་ཀྱི་རྩ་བའི་དད་སེམས་ལ་ཕོག་ཐུག་ཚབས་ཆེན་བཟོས་ཡོད་”ཅེས་བརྗོད་འདུག ལ་དྭགས་ས་གནས་ཀྱི་ཀོང་རེ་སི་ཚོགས་པས། ཐེངས་འདིར་བྷེ་ཇེ་པེ་གཞུང་གིས་ལ་དྭགས་མི་མང་ལ་མགོ་སྐོར་བཏང་བ་<མ་ཟད། བྷེ་ཇེ་པེ་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཆོས་དབང་གིས་དབུས་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་པར་འཐུས་ཤོར་སོང་བས་ཁོང་ལ་འགན་འཁུར་ཆ་ཚང་ཡོད་སྟབས། སྲིད་གཞུང་གིས་ལ་དྭགས་མི་མང་ལ་ཕྱོགས་ལྷུང་བྱས་པའི་ཐག་གཅོད་ལ་ས་གནས་ཀོང་རེ་སི་ཚོགས་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཚུལ་སོགས་བརྗོད་ཡོད་འདུག དེ་ནི་ཟླ་སྔོན་མའི་སྲིད་བློན་མུ་དྷི་ལ་དྭགས་དང་ཀར་གྷེལ་ནང་གཟིགས་སྐོར་སྐབས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་བདེན་མཆོག་ས་མཚམས་ལ་གཞུང་ལམ་འཛུགས་སྐྲུན་དང་ཚོང་ལས་བྱེད་སྒོ་མགོ་འཛུགས་བྱེད་དགོས་པའི་དགོས་འདུན་ཁག་ཅིག་བཏོན་ཡོད་འདུག ལོ་འགའི་གོང་ནས་རྒྱ་གར་གྱི་ཧིན་རྡུའི་གནས་མཇལ་བ་ཚོ་ལྡི་ལི་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊྲོ་རུ་སོང་སྟེ། དེ་ནས་བལ་བོད་ས་མཚམས་གྲོ་མོ་བརྒྱུད་དེ་ཉིན་ ༡༠ ཙམ་རིང་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་བྱེད་ཐུབ་ཀྱི་ཡོད་པ་དང་། གཞན། ཨོ་ཊིར་ར་ཀན་མངའ་སྡེའི་ས་གནས་ཀུ་མོན་ (Kumaon) གྱི་ལེ་པོ་ལེ་ཁུ་(Lipulekh)...
དེ་ལས་མང་པ།
དོ་དགོང་གི་སྐུ་མགྲོན། (བོད།)
གཅན་མེ་སྟག ཤིང་བལ་ལྟ་བུའི་སྤྲིན་ཕུང་དེའི་གསེབ་ནས་ཆས་ཏེ མི་ལོ་ལྔ་བཅུ་ལྷག་འདས་སོང ལོ་ངོ་ལྔ་བཅུ ཡང་དྲགས་ནས་རླུང་གིས་ཀྱང་འཁུར་མ་ཐུབ་པའི་ཁྱོད དོ་དགོང མུན་པ་ཚོམ་བུ་ཚོམ་བུར་མཆེད་པ་དག་གི་སྦུབས་ནས ང་ལ་འཕུར་ཀྱིན་ཡོད་དམ ནེམ་འབོལ་གྱི་རས་ཡུག་དཀར་པོ་ཞིག་དང་འདྲ་བའི་རྨི་ལམ་འདི དོ་དགོང ངའི་སྔས་འགྲམ་ནས་བསྲིངས་ཏེ ཁྱོད་ཀྱི་ཁེར་རྐྱང་གི་རྒྱབ་གཟུགས་ཀློང་དུ་འཐིམས་ཀྱིན་འདུག ཡོ་ཞིང་ཡོ་བའི་ཁྱོད་ཀྱི་རྒྱབ་གཟུགས་དང སྨྱུག་རྩེ་རུ་བཞུར་འདོད་མེད་པའི་ངའི་མིག་ཆུ་གཉིས་ཀྱི་བར་ན ལག་ཟུང་ཁྲི་སྟོང་གི་སྨེང་བ་ཡོད་ཚད་ཀྱང ཁྱོད་ཀྱི་ཕྱོགས་ལ་རྐྱོང་ཀྱིན་ཡོད ཕྱིར་སླེབས་ཤོག ང་ཡི་ཁ་བ མར་མེའི་སྡོང་རྐང་ལས་ཚིག་པའི་ཁ་སང་གི་དུས་ཚོད བལ་རྩིད་ཀྱིས་བཏགས་པའི་རེ་སྦྲ་ནག་པོ་ཇི་བཞིན རྩྭ་ཐང་གི་སེམས་ལྗོངས་ངོགས་ན་ཡལ་གྱིན་པའི་དོ་དགོང རི་རྩེ་ཕ་རོལ་ན་འཁྱུག་ཙམ་འཁྱུག་ཙམ་གྱིས་ངུ་ཀྱིན་པའི་གློག་འོད་འོག ངས་ནི་ཁྱེད་རང་གླིང་ག་གང་ཞིག་གི་བདག་པོ་ལགས་ཡིན་པ་ཤེས་བྱུང དེ་བས མགོ་རས་ནག་པོ་གཡོགས་པའི་དེ་རིང་གི་མཚན་མོར་ཡང ང་རང་ལྡེབས་འགྲིག་པའི་གཙུག་ལག་ཁང་གི་བསྐོར་ལམ་དང རྡོ་རྩིག་བརྟན་པའི་ལོ་རྒྱུས་ཀྱི་བཀོད་ཐང་བརྒལ་ནས ང་རང་བསམ་གཞིག་བོར་བའི་ལྕགས་མཁར་དང ཚེ་སྲོག་གི་བཙོན་ར་ཆེན་མོ་བརྒལ་ནས ཁྱེད་ཀྱི་ཕེབས་བསུ་རུ་ཐེངས་གཅིག་བཅར་འདོད་ཡོད མ་མཐའ་ཡང ལོ་ངོ་ལྔ་བཅུའི་སྔ་རོལ་ནས་ཆས་ཤིང དུས་རབས་ཉེར་གཅིག་པའི་ལམ་ངོགས་སུ་ལུས་པའི གདུང་སེམས་ཁེར་རྐྱང་འདིའི་ངོགས་ནས་ཀྱང ངས་ལས་རླུང་གིས་དེད་ཅིང་དཀྲུགས་ཀྱིན་པའི ཁ་ཆར་དམར་པོ་འདིའི་རློན་འཁྲུས་ཐེངས་གཅིག རང་ལུས་ཀྱིས་མྱོང་འདོད ༢༠༠༩ལོའི་ཟླ༣པའི་ཚེས༡༤ལ་བྲིས་ཤིང་། ཟླ༤པའི་ཚེས༤ལ་བསྐྱར་བཅོས་བྱས། ངེད་དྲ་ཚིགས།...
དེ་ལས་མང་པ།
ཁ་བྲལ་ངོ་རྒོལ་བར་ཁ་བྲལ་བའི་ཉེས་མིང་བཙུགས།
འབྲོག་མྱི། པེ་ཅིང་མི་རིགས་སློབ་ཆེན་གྱི་དཔར་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡུ་གུར་བ་ཨེལ་ཧམ ཐོ་ཧྭི་ཏས(Llham Tohti) ལགས་ལ་ཁྲིམས་ཐག་ལྕི་མོ་གཅོད་སྲིད་པར་མི་རྣམས་པས་ཚོད་དཔག་བྱས་ཡོད། ཡིན་ན་ཡང་། དེ་འདྲའི་ཁྲིམས་ཐག་ལྕི་མོ་བཅད་པར་མི་རྣམས་ཧ་ལས་ཧང་སང་ཡོད། རྒྱ་གཞུང་གི་གྲངས་ཉུང་མི་རིགས་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཀྱང་། ཐོག་མཐའ་བར་གསུམ་དུ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་འཐུས་པའི་དྲི་ལན་འཚོལ་མཁན་དགེ་རྒན་ཆེན་མོ་ཨེལ་ཧམ ཐོ་ཧྭི་ཏས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཁོང་གི་རེ་བ་ནི་གུ་ཡངས་པའི་སྲིད་ཇུས་ཤིག་གི་འོག་ཏུ་གྲོས་མོལ་བྱ་རྒྱུ་དེ་ཡིན་ཡང་། ཁོང་ལ་རེག་པ་ནི་གུ་དོག་པའི་བཙོན་ཁང་རེད། ཁོང་ཉིད་ཡུ་གུར་བ་དང་རྒྱ་རིགས་བར་གྱི་ཟམ་པ་ཞིག་ཏུ་གྱུར་རྒྱུར་ཧུར་བརྩོན་བྱས་ཀྱང་། ཁྲིམས་ཁང་གིས་ཁོང་ལ་མི་རིགས་མཐུན་སྒྲིལ་ལ་གཏོར་ཞིག་བྱས་པའི་ཉེས་མིང་བཏགས། གཅིག་གྱུར་ལ་གཅེས་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་ག་ཚོད་བྱས་ཀྱང་། ཁོང་ལ་ཁ་བྲལ་རིང་ལུགས་པའི་ཉེས་མིང་བཙུགས། གཉིས་སྨན་དབུ་མའི་ལམ་གྱི་དར་ཆ་འཕྱར་ནས་འཚེ་མེད་ཞི་བའི་ལམ་ལ་ཤར་སྐྱོད་བྱས་ཀྱང་ཁོང་ལ་འཇིགས་སྐུལ་རིང་ལུགས་པའི་རྗེས་འབྲང་བར་བསྙད་ནས་འཛིན་བཟུང་བྱས། དྲག་པོའི་དོན་རྐྱེན་བསྟུད་མར་བྱུང་དང་འབྱུང་གིན་པའི་ཞིན་ཅང་དང་། ཨེལ་ཧམ ཐོ་ཧྭི་ཏས་ཀྱི་ཕ་ཡུལ་མི་མང་ལ་སྤྲད་པའི་བརྡ་ལན་ནི་ཧ་ཅང་གསལ་བོ་རེད། ཞི་ཅིན་ཕེང་གི་ཀྲུང་གོ་ན་ཁ་བྲལ་མ་ཡིན་པའི་ཞི་འཇམ་གྱི་ལམ་དབུ་མའི་ལྟ་སྤྱོད་ཅན་ཡིན་ཡང་འགྲོ་ས་འདུག་ས་མེད་པ་དེ་རེད། རྒྱ་ནག་གཞུང་གིས་མཉམ་གནས་ཀྱི་བསམ་བློ་ཡོད་མཁན་ཞི་འཇམ་རིགས་ཡུ་གུར་བ་རྣམས་ཀྱང་ཐལ་དྲགས་ཅན་དུ་གྱུར་རྒྱུར་སྐུལ་འདེད་བྱས་དང་བྱེད་ཀྱིན་ཡོད། རྒྱ་རིགས་རྩོམ་པ་པོ་གྲགས་ཅན༼ང་ཡི་ཤར་ཏིར་ཀུ་སི་ཐན། ཁྱོད་ཀྱི་ཞིན་ཅང༽ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཝང་ལའེ་ཞོན་གྱིས། རྒྱ་ནག་དེང་གཞུང་གིས་ཡུ་གར་བའི་མན་དྷི་ལཱ་ཞིག་བཟོ་བསྐྲུན་བྱས་ཡོད། ཅེས་དང། སྐད་གྲགས་ཆེ་བའི་འབངས་དབང་སྲུང་སྐྱོབ་མཁན་ཧོའུ་ཇཱ་ཡིས། ཡུ་གུར་བ་རྣམས་ནི་རྐང་བཀྱིགས་ལག་བསྡམས་ཀྱི་རིགས་ཚོགས་དེ་ཡིན་པས། ཇི་ལྟར་བྱས་ནས་གཞུང་དང་མཐུན་ལམ་འཛུགས་དགོས་སམ། ཞེས་ཡུ་གུར་བའི་གནས་སྟངས་གླེང་འདུག འདས་པའི་ལོ་གཅིག་གི་ནང་དུ། ཞིན་ཅང་ས་ཁུལ་དུ་དྲག་པོའི་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་ལ། པེ་ཅིང་གཞུང་གིས་དེ་ལ“འཇིགས་སྐུལ་རིང་ལུགས”ཞེས་ངོ་བོ་ངོས་འཛིན་བྱས་ཡོད་ལ།...
དེ་ལས་མང་པ།