Skip to content
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ངེད་དྲ་བས་བཅར་འདྲི།
དྲི་བ། ཁྱེད་ཉིད་བོད་ན་བཞུགས་སྐབས་དགྱ་གཞུང་གིས་བཀག་གཉེར་རམ་འཛིན་བཟུང་ག་ཚོད་བྱས་ཡོད་པ་དང་སྐབས་དེ་དུས་གནར་གཅོད་ཅི་ལྟར་བཏང་ཚུལ་སོགས་ངོ་སྤྲོད་རགས་བསྡུས་ཤིག་གསུང་རོགས།
ལན། ཡིན་དང་ཡིན། ང་ཐོག་མར་འཛིན་བཟུང་བྱེད་དུས་ཕྱི་ལོ་༢༠༠༨ལོའི་སྤྱི་ཟླ་༣པའི་ཚེས་༢༣ཉིན་བླ་བྲང་དགོན་པའི་ཉེ་འཁྲིས་ཀྱི་བསང་ཆུ་ནས་འཛིན་བཟུང་བྱས་པ་རེད། སྐབས་དེར་ང་ཚོ་མགོ་ལོག་ལྷ་བཟོ་ཤེས་རབ་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་དེ་ཚང་ལ་སོང་བའི་སྐབས་ཐོག་དེར་འཛིན་བཟུང་བྱས་པ་རེད། འཛིན་དུས་དམག་མི་སུམ་བརྒྱ་ལྷག་དང་ཉེན་རྟོག་པ་དྲུག་ཅུ་ཙམ་སླེབས་འདུག ཀན་ལྷོ་ཁུལ་ཉེན་རྟོག་ཁང་དང་། བསང་ཆུ་རྫོང་ཉེན་རྟོག་ཁང་། (ལན་ཀྲིག་གུང་ཨན་ཐེན)ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་སྤྱི་བདེ་ལྷན་ཁང་གི་ཉེན་རྟོག་པ། གཞན་དམག་མི་འབོར་ཆེན་འདུག དམག་མི་དག་དྲག་ཆས་རྒྱལ་སྲུང་དམག་མི་ཅན་པོ་དེ་རེད། ཕྱི་དྲོའི་དུས་ཚོད་བཞི་དང་ཕྱེད་ཀ་ཡས་མས་ཙམ་ལ་འཛིན་བཟུང་བྱས་ཐལ། སྐབས་དེ་དུས་ཀྱི་རྣམ་པ་ཧ་ལས་པ་འཇིགས་སུ་རུང་བ་ཞིག་དང་སྡུག་རྩུབ་ཅན་ཞིག་བྱས་ནས་བཟུང་ཐལ། དེ་ནས་སྒོ་ཕྱི་ལ་ཐོན་སྐབས་ངས་མགོ་བཙན་གྱིས་བཀྱགས་ནས་བལྟ་དུས་ང་ཚོ་སྡོད་སའི་ཀླད་ན་ཟམ་པ་ཞིག་ཡོད་པ་དེའི་སྟེང་ན་མེ་མདའ་ཆེན་པོ་ཞིག་བཙུགས་འདུག རླངས་འཁོར་སྟེང་ནས་རྒྱག་རྒྱུ་ཅན་པོ་དེ་རེད། དེ་མིན་སྦག་སྦག་མེ་མདའ་ཅན་པོ་ཡང་མང་གི གཞུག་ནའང་གཅིག་འདུག་ཟེར་མོད་ངས་དེ་གསལ་བོ་མཐོང་མ་སོང་། དེ་ནས་གཅར་རྡུང་བྱེད་བཞིན་མགོ་ལ་ཁུག་མ་ནག་པོ་ཞིག་བསྐོན་ནས་བསང་ཆུ་རྫོང་ཉེན་རྟོག་གི་རྒྱབ་ན་མགྲོན་ཁང་ཐེབས་ཆག་ཞིག་འདུག མགྲོན་ཁང་དེའི་སྒོ་ནས་གཟུགས་པོར་སྔོག་བཤེར་བྱས་ཤིང་སྒོར་ཁུག་དང་དངོས་རྫས་གཞན་ཚང་མ་བླངས་རྗེས་མཚན་མོའི་དུས་ཚོད་བཅུ་གཅིག་བར་དུ་གཅར་རྡུང་མུ་མཐུད་བྱས་སོང་། དེའི་རྗེས་སུ་ཉེན་རྟོག་ཁང་གི་གཞུང་ལས་ཁང་ཞིག་ཏུ་ཁྲིད་ནས་འདྲི་གཅོད་བྱས་ཐལ། འདྲི་གཅོད་བྱེད་དུས་ངས་ཀྱང་དྲང་མོ་དྲང་བཞག་བཤད་མེད་ལ། ཁོ་ཚོས་ཀྱང་ང་ལ་དྲང་མོ་དྲང་བཞག་ཞིག་དྲིས་མ་སོང་། ང་ཚོས་ཁ་རྩོད་ཅུང་ཙམ་རེ་བརྒྱབས་རྗེས་ཡང་བསྐྱར་གཅར་རྡུང་བྱས་ཐལ། དེ་ལྟར་ཉེན་རྟོག་ཁང་དུ་ཉིན་གསུམ་ལ་བཅུག་སོང་། དེའི་རྗེས་སུ་བླ་བྲང་གི་མན་དཀར་བཙོན་ཁང་ནང་དུ་ཞག་གཅིག་ལ་བཅུག་སོང་། དེའི་དགོང་མོ་ང་རང་ཅུང་ཙམ་རེ་གཉིད་ཐུབ་སོང་། དེ་མིན་ཉིན་དེ་ཚོར་གཉིད་བཅུག་མ་སོང་ལ་ཟ་མ་ཡང་རེག་མ་སོང་། དེའི་ཕྱི་ཉིན་ཕྱི་ལ་ཐོན་དུས་ར་སྐོར་ནང་ན་རྒྱ་ལྭ་ཐེབས་ཆག་གསུམ་འདུག ཁོ་ཚོས་ང་ལ་གྱོན་ཆས་དག་བརྗེ་བོ་རྒྱོབས་ཟེར་གི ངས་རྒྱ་ལྭ་དེ་བརྗེ་བོ་མི་རྒྱག་ལབ་དུས་དམག་མི་འགའ་ཡོང་ནས་དེ་མར་སྒྱིད་ཁུགས་ལ་དབྱུག་པང་དང་གློག་དབྱུག་གིས་མང་པོ་བརྒྱབས་སོང་། དེ་ནས་རྒྱ་ལྭ་དེ་མི་བརྗེ་རང་བརྗེ་ཆགས་སོང་ལ་ངའི་སེམས་སུ་ང་མིན་ད་དུང་མི་གཅིག་གཉིས་ཡོད་ས་རེད་བསམ་ཞིང་ཚང་མ་མཉམ་དུ་འགྲོ་དགོས་ན་འགྲིག་གི་རེད་བསམས་སོང་། སྐབས་དེར་རྒྱུད་སྟོད་ཨ་ཁུ་འཇིགས་མེད་དང་རྒན་གྱའི་སངས་རྒྱས་གཉིས་གཉིས་ཁྲིད་ནས་ཡོང་ཐལ། ཁོ་གཉིས་བླ་བྲང་དགོན་པའི་གྲྭ་པ་རེད་ལ་ང་ཚོ་གྲྭ་ཚང་གཅིག་པ་རེད། དེ་ནས་ང་ཚོར་གྱོན་པ་བརྗེ་རུ་བཅུག་སོང་། དེའི་རྗེས་སུ་ལག་ལྕགས་བརྒྱབས་ཏེ་རླངས་འཁོར་ནང་བཅུག་ནས་ལག་པ་རྒྱབ་ནས་བཀྱིགས་ཏེ་རླངས་འཁོར་ནང་ལ་བཏགས་ནས་བཞག་ཐལ། དེ་ལྟར་ཀ་ཆུའི་ས་མཚམས་སུ་ཐོན་དུས་མགོ་ཡི་ཁུག་མ་ཅུང་ཙམ་རེ་ཕྱེ་བས་ཕར་ལྟ་དུས་ཀ་ཆུའི་ས་ལ་བསླེབས་འདུག དེ་རུ་ཁོ་ཚོས་ཉིན་གང་བོར་ཆང་འཐུང་ནས་བསྡད་འདུག ང་རང་རླངས་འཁོར་རྩ་ལ་བཏགས་ནས་བཞག ཕྱི་དྲོ་ཞིག་ལ་ཀ་ཆུའི་བཙོན་ཁང་ཞིག་གི་ནང་ལ་བཅུག་སོང་། ཕྱི་ཉིན་ཉེན་རྟོག་པ་ཞིག་གིས་ང་རང་སྒོ་ལ་ཁྲིད་ཡོང་ནས་ཉིན་གང་བོར་ལག་ལྕགས་བརྒྱབས་ཏེ་གནམ་ལ་བཏེགས་ནས་བཞག་སོང་། དེའི་ཕྱི་ཉིན་ཡང་སྐད་ཆ་འདྲི་རྒྱུ་དང་རྒྱུ་མཚན་ཅི་ཡིན་མེད་པར་དེ་ལྟར་གནམ་ལ་བཏེགས་ནས་བཞག་སོང་། མདོར་བསྡུས་ནས་བཤད་ན་དེ་ལྟར་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་གཅིག་གི་རིང་ལ་མནར་གཅོད་རྡུང་རྡེག་ཧ་ལས་པ་བྱས་སོང་བ་མ་ཟད། ཉིན་མཚན་མེད་པར་ཟ་མ་དང་ཆུ་སོགས་བཀག་པ་རེད། དེའི་སྟེང་ལ་ད་དུང་གཉིད་ཀྱང་བཅག་པ་རེད། སྐབས་དེ་དུས་ཟ་མ་དང་གཉིད་བཅག་པ་མ་སྐྱོན་ཡང་། གཙོ་བོ་ཆུ་མེད་པས་ཧ་ཅང་དཀའ་ཐལ། དེ་ནས་རྐུབ་སྟེགས་སྟེང་ལ་བཏགས་པའི་བཙོན་ལས་མནར་གཅོད་བྱས་སོང་། དེ་ནི་ཆེས་སྡུག་ཤོས་ཀྱི་བཙོན་ལས་མནར་གཅོད་ཅིག་རེད། སྤྱིར་བཏང་རྐུབ་སྟེགས་སྟེང་བཏགས་ནས་མནར་གཅོད་བྱས་པ་ནི་རྒྱུན་ལྡན་ལྟར་རེད་མོད། ཡིན་ནའང་རྐུབ་སྟེགས་ལ་བཏགས་པའི་བཙོན་ལས་མནར་གཅོད་བྱེད་སྟངས་དེའི་གོ་རིམ་ཆ་ཚང་ཞིག་འདི་ནས་ང་ཚོར་གོ་བརྡ་འཕྲོད་དཀའ་ཁ་རེད། དེ་ལྟར་བཙོན་ལས་མནར་གཅོད་སྡུག་ཤོས་དེ་ཐེངས་བརྒྱད་ལ་མྱང་བ་ཡིན། འདོགས་ཡུན་ཡང་རིང་ཤོས་དུས་ཚོད་དྲུག་དང་ཐུང་ཤོས་དུས་གསུམ་ཙམ་རེད། ཡིན་ནའང་ང་རང་ལ་རུས་པའི་ཁམས་དང་ཁྲག་གི་ཁམས་གང་གིས་ཡིན་པ་འདྲ་གང་ལྟར་དྲན་པ་ཉམས་རྒྱུ་དང་། དབང་བོ་ཤོར་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་མ་སོང་། དེ་ནས་མདུན་ཅོག་ཞིག་གི་སྟེང་ནས་ངོ་ལ་གློག་གཉིས་གསུམ་ཞིག་བཀར་ནས་བཞག་སོང་། དེའི་བར་ནས་ད་དུང་ཁ་ནང་ལ་གློག་བཙུགས་པ་འདྲ་བོ་དེ་འདྲ་བྱེད་པ་ཡང་ཁོ་ཚོའི་རྒྱུན་ལྡན་གྱི་བཙོན་ལས་མནར་གཅོད་ཀྱི་ལས་ཀ་རེད། སྐབས་དེའི་བཙོན་ལས་མནར་གཅོད་ཛ་དྲག་སོང་བས་ང་རང་ལ་ན་ཟུག་འདྲ་བོ་དེ་འདྲ་བྱུང་བའང་ཚོར་མ་སོང་། དེ་ལྟར་ཐེངས་བརྒྱད་ལ་གནམ་ལ་བཏགས་པ་རེད། དེའི་རྗེས་སུ་རྐང་ལག་ཕྱི་རུ་གནམ་ལ་འདོགས་རྒྱུ་ཞིག་འདུག དེ་ནི་ཧ་ལས་པ་ཐུ་མོ་ཞིག་རེད་འདུག དེ་རྩིས་ན་ཐེངས་དགུ་ལ་བཙོན་ལས་མནར་གཅོད་བཏང་བ་རེད།
དེ་ནས་ཐེངས་གཉིས་གསུམ་ལ་ཁ་མེ་ལ་བསྲེགས་ཐལ། ད་རུང་ལག་ལྕགས་བརྒྱབས་ཡོད་པའི་བར་ལ་ཤེལ་དམ་ཡང་ཐེངས་མང་པོར་བཞགས་སོང་། དེ་ལྟ་བུ་ཚང་མ་ནི་སྤྱིར་བཏང་གི་བཙོན་ལས་བྱེད་སྟེངས་རྒྱུན་ལྡན་རེད་ལ་ཧ་ཅང་ཐུ་མོ་ཡང་རེད། དེ་ལྟར་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་གཅིག་གི་རིང་ལ་རྡུང་རྡེག་བྱས་པ་རེད། དེའི་རྗེས་ཀྱི་ཟླ་བ་དེ་ཚོར་རྐུབ་སྟེགས་སྟེང་འཇོག་པ་ནི་སྔོན་དང་གཅིག་མཚུངས་རེད་མོད། ཡིན་ཡང་མི་འདྲ་ས་ནི་ཅུང་ཙམ་རེ་གཉིད་དུ་བཅུག་ཀྱང་གཉིད་རྩ་བ་ཉིད་ནས་ཡོང་གི་མི་འདུག དེ་ལྟར་ཉལ་སའི་ནང་རྐུབ་སྟེགས་ལ་བཏགས་ནས་ཟླ་བ་བདུན་ཙམ་ལ་བཞག་པ་རེད་མོད། ཉལ་གོས་གྱོན་ནས་ཉལ་རྒྱུ་ཟླ་གཅིག་ཙམ་གྱི་རིང་ལ་ཡང་བྱུང་མ་སོང་། ཨོང་ཤ་འཇོག་སའི་རྐུབ་སྟེགས་དེའི་སྒང་ན་ཁུང་བུ་བཞི་འདུག་པ་དེའི་ནང་དུ་ཤ་གཏིང་ལ་ཟུག་པས་ཨོང་ཤ་རྨ་ཡིས་གང་བའི་དཀའ་ཁག་ཡང་མང་དུ་འཕྲད་སོང་། ད་དེ་ཙམ་རེད།
དྲི་བ། ཁྱེད་ཉིད་བོད་ནང་དུ་མངགས་གཏོང་ཁང་གི་བཀག་གཉེར་འོག་ནས་ཅི་ལྟར་ཐར་ཚུལ་ངོ་སྤྲོད་ཅིག་གནང་རོགས།
ལན། རེད་རེད། དེ་ནི་༢༠༡༢ལོའའི་ཟླ་༩པའི་ཚེས་༢༢ཉིན་ང་རང་བཟུང་བ་རེད། ང་ཚོ་བླ་བྲང་གཙོད་ནས་ཉིས་སྟོང་བརྒྱད་ལོའི་བཙོན་མ་འགའ་དང་མཉམ་དུ་ཟ་མ་ཞིག་ཟོས་ནས་ཡར་ཡོང་གི་ཡོད། ནངས་མོ་སྔ་སེ་ཡར་ཡོང་དུས་ལམ་ཁ་ན་སྒུག་ནས་བསྡད་འདུག་ལ་དེ་མར་འཛིན་བཟུང་བྱས་སོང་། ངས་སྔོན་ནས་རང་ཉིད་འཛིན་རྒྱུ་རེད་བསམ་སྟེ་སེམས་ན་གྲ་སྒྲིག་གང་ཙམ་ཡོད་ལ།ཕལ་ཆེར་ལོ་ལྔ་དྲུག་གི་ལོ་ཐག་གཅད་སོང་ན་དེར་འདུག་དགོས་རྒྱུ་རེད་བསམ་ནས། རང་སྟེང་ནས་གྲ་སྒྲིག་གང་ཙམ་བྱས་ཤིང་གློག་ཀླད་ནང་གི་ཡིག་ཆ་དེ་དག་བསྡུ་གསོག་འདྲ་བོ་སྔོན་ནས་ཚགས་ཚུད་པ་བྱས་ཡོད། གང་ལྟར་ཉིན་དེར་གློ་བུར་དུ་འཕྲད་བྱུང་བས་ཐབས་ཤེས་ནི་མི་འདུག དང་པོ་ཁ་པར་ནང་དུ་ཕྱི་ལོག་ལ་འབྲེལ་བ་བྱེད་སྤྱད་མཉེན་ཆས་འགའ་རེ་ཡོད་པ་ཚང་མ་གསུབ་ཚར་ཡོད། དེ་ནས་ཕྱིར་བསང་ཆུ་ལ་ཁྲིད་མ་སོང་། རྒྱ་ཁོག་ཞིག་ལ་ཁྱེར་ཐལ། སྐབས་དེར་ངས་ཀ་ཆུ་ལ་ཁྱེར་རྒྱུ་རེད་བསམ་སོང་། དེ་ལྟར་ཀ་ཆུ་དང་བླ་བྲང་གཉིས་ཀྱི་བར་ན་བང་དཀར་ཐང་ཟེར་བའི་གྲོང་བརྡལ་ཞིག་ཡོད་པ་དེའི་མངགས་གཏོང་ཁང་དུ་ཁྲིད་སོང་། མངགས་གཏོང་ཁང་ནས་ཁོ་ཚོས་ང་ལ་འདྲི་རྩོད་བྱས་ཐལ། འདྲི་གཅོད་བྱེད་དུས་ཀྱང་སྔོན་གྱི་འཇིགས་བྲལ་གློག་བརྙན་སྐོར་གྱི་སྐད་ཆ་མང་པོ་དྲིས་སོང་། དེ་དུས་གཅར་རྡུང་བྱས་མ་སོང་ལ། ཟ་མ་ཡང་སྤྲད་སོང་། ཁོ་ཚོས་ང་ལ་ཁྱེད་མ་བཟུང་སྔོན་ནས་ང་ཚོས་ཉིན་དྲུག་ལ་ཚོགས་འདུ་ཚོགས་ནས་ཁྱེད་ཀྱི་བྱ་བ་ཚང་མ་མཇུག་བསྡོམས་བརྒྱབས་ཚར་ཡོད། ད་ཁྱེད་རང་ལ་ལམ་ཁ་འདི་མ་གཏོགས་ཡོད་པ་མ་རེད། སྤྱིར་གུང་ཁྲན་ཏང་གིས་ཁྱེད་ལ་དམིགས་བསལ་མང་པོ་སྤྲད་ཡོད། ཐེངས་གཉིས་ལ་འཛིན་དུས་གུ་ཡངས་བཏང་ཡོད་པ་རེད། ཡིན་ཡང་ཁྱེད་རང་འདུག་མ་ཤེས་པས་རེད། ད་ཐེངས་མཇུག་མཐའི་ལམ་ཁ་གཅིག་མ་གཏོགས་ཡོད་པ་མ་རེད། ལམ་ཁ་དེར་འགྲོ་རག་བར་དུ་ཁྱེད་ལ་ཟ་མ་རག་གི་རེད། ཁྱེད་རང་སྐྱིད་པོ་བྱས་ནས་སྡོད། ལས་ཀ་ཆ་ཚང་ང་ཚོས་བྱས་ཚར་ཡོད། འདིའི་ཕན་ནས་ཁྱེད་རང་ཁྲིམས་ཐོག་ལ་ཡང་འགྲོ་དགོས་པ་མ་རེད། ཀན་སུའུ་ཞིང་ཆེན་སྤྱི་བདེ་ལྷན་ཁང་ཡོང་ནས་ཉིན་དྲུག་གི་རིང་ཁྱེད་རང་ལ་ཐག་གཅོད་བྱས་ཚར་ཡོད། གཞན་(ལན་ཀྲིག) ལན་གྲུའི་ཕར་ནང་ཞིག་གི་དམག་གི་སྨན་ཁང་ཞིག་ལ་གཟུགས་པོ་རྟོག་དཔྱད་བྱེད་དུ་འགྲོ་དགོས། དེ་དུས་ཁབ་འདྲ་རྒྱག་དགོས་པ་མ་གཏོགས་གཞན་པ་ཅི་ཡང་མེད་ཟེར་གི དེ་དུས་ངས་འདང་མང་པོ་བརྒྱབས་པ་ཡིན། གང་ལྟར་དུག་ཁབ་རྒྱག་པའམ་ཡང་ན་དུག་སྨན་ལྡུད་རྒྱུ་ཞིག་གི་སྟེང་ནས་མེད་བརླག་ལ་གཏོང་རྒྱུ་ཡིན་པ་བརྒྱ་ཆའི་བརྒྱ་གཏན་འཁེལ་རེད་འདུག སྤྱིར་ཤི་བར་མི་སྐྲག་པ་ཞིག་ཡོད་པ་མ་རེད་མོད། ད་སྐྲག་ན་ཡང་ཐབས་ཤེས་མི་འདུག མགོ་ཐོག་ལ་ཐོན་ཚར་ན་སྒུག་འདུག་རྒྱུ་ལས་ཐབས་གཞན་མི་འདུག གང་ལྟར་ཁྱི་ཤི་ཤི་བྱེད་རྒྱུ་ལས་ལམ་ཁ་ཞིག་མི་འདུག་པས། ད་ནི་དེ་ཚོའི་ལག་འོག་ནས་ལྐོག་གསོད་ལ་སྒུག་པ་ལས་གོ་སྐབས་ཤིག་ཨེ་ལྡན་ནམ་བསམ་ནས་དེའི་སྐོར་ལ་ཐབས་ཤེས་དང་འདང་འདྲ་བོ་མང་པོ་བརྒྱབས་པ་ཡིན། དེ་དུས་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་འདུག རྒྱལ་སྟོན་དུས་ཆེན་ཐོན་ཚར་དུས་རྒྱ་ནང་ལ་ཁྲིད་འགྲོ་གི་རེད། སྐབས་དེར་ཐོན་ན་འབྲོ་བའི་གོ་སྐབས་ཤིག་གི་རེ་བ་མི་འདུག དེ་བས་གོ་སྐབས་དེ་ཏག་ཏག་རྩོད་དགོས་བསམ་ཐལ།དེ་ནས་ཟླ་དགུ་པའི་ཚེས་༣༠དགོང་མོ་སྟེ་བོད་རྩིས་ལྟར་ན་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་མཚན་མོ་སྒོ་ལ་འབྲོ་ཐབས་བྱས་པ་ཡིན། སྤྱིར་བཏང་གི་ང་ཡོད་ས་དེར་ལྟ་རྟོག་བྱེད་མཁན་མི་གཉིས་འདུག་ལ། གཅིག་ལས་དོན་ཞིག་གི་ཆེད་གནང་བ་ཞུས་ནས་ཡུལ་ལ་བུད་སོང་བས་ད་ནི་དེ་ན་མི་གཅིག་ལས་མི་འདུག ཕྱིའི་ར་སྐོར་ནང་ན་ལྟ་རྟོག་བྱེད་མཁན་མི་བཅུ་དྲུག་འདུག དགོང་མོ་དེའི་དུས་ཚོད་བརྒྱད་པའི་སྟེང་ང་རང་ཉལ་བཞག་པ་ཡིན། བར་མཚམས་ཤིག་ནས་ཉལ་ཁྲིའི་ཚག་སྒྲ་ཞིག་གྲག་བྱུང་། ཅིག་ལྟ་དུས་ལྟ་རྟོག་བྱེད་པའི་མི་དེ་ཉལ་འདུག ཁོས་ལག་ནས་ཁ་པར་སྣོག་ཙམ་སྣོག་ཙམ་བྱས་རྗེས་སྐར་མ་བཅུའི་རྗེས་སུ་གཞི་ནས་གཉིད་ཁུག་ཐལ། དེ་ནས་སྔོན་ནས་གྲ་སྒྲིག་ཡོད་པའི་རྡོ་ཕྲ་མོ་དེ་ཁྱེར་ཡོང་ནས་ལག་ལྕགས་ཀྱི་མཛེར་མ་དེ་ཇི་ལྟར་གཅུས་ཀྱང་ཕྱེ་ཐུབ་མ་སོང་། དེ་ནས་རང་ཉིད་ཀྱི་ལག་པའི་མཐེབ་མོས་གཅུ་ཨེ་ཐུབ་བལྟས་ཀྱང་ཐུབ་མ་སོང་། དེ་ནས་བྱེད་རྒྱུ་གཞན་མི་འདུག་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཚང་ལ་གསོལ་འདེབས་ཤིག་བྱས་ནས་ཡང་བསྐྱར་རང་གི་མཐེབ་མོའི་སྟེང་མཆིལ་མ་བཏབ་ནས་ཤུགས་ཀྱིས་གཅུས་པས་མཛེར་མ་དེ་ལྷོད་ཀྱིས་འཁོར་ཡོང་ཐལ། དེ་ནས་གྱོན་ཆས་གྱོན་ཞིང་། ཉིན་དེ་ཚོར་གྲ་སྒྲིག་བྱས་པའི་རྩམ་པ་ཉུང་ཙམ་ཡོད་པ་གློ་ཁུག་ནང་བཅུགས་ནས་ག་ལེར་སྒོ་ཕྱི་ལ་སོང་པ་ཡིན།
སྐབས་དེར་སྒོ་ཞོལ་མའི་ནང་ཆག་སྒྲ་གྲག་པ་གོ་བྱུང་བས་ཕར་ལྟ་དུས་ཉེན་རྟོག་པའི་འགོ་བ་དང་གཞན་དག་འགའ་མཱ་ཅང་ལ་རྕེད་ཀྱིན་འདུག དེ་ནས་ཅུང་ཙམ་ལ་ཅི་ཞིག་བྱ་དགོས་མིན་ཡང་ཤེས་མ་བྱུང་། སེམས་ནང་ནས་སྐྱབས་འཇུག་ཞིག་ཞུས་ཏེ་ག་ལེར་ཁོ་ཚོར་གཞོལ་ཙམ་གྱིས་ཤེལ་གྱི་འདེད་སྒོ་ཞིག་ཡོད་པ་དེ་ཕྱེ་འདུག་པས་དེ་དེད་ནས་སོང་བ་ཡིན། སྟབས་ལེགས་པ་ཞིག་ལ་དེ་དུས་སྒོ་ཆེན་ཕྱེ་འདུག དེ་ནས་མགྱོགས་པོར་སྒོ་ཆེན་བརྒྱུད་ནས་བྲོས་ཏེ་བསང་ཆུའི་ཁ་ན་ལྕགས་ཟམ་ཐེབས་ཆགས་ཤིག་ཡོད་པ་དེ་བརྒྱུད་རི་སྒང་ལ་བྲོས་པ་ཡིན། རི་མགོར་བྲོས་བ་ནས་ཉིན་བཅུ་བདུན་བཅོ་བརྒྱུད་ཙམ་གྱི་རིང་ལ་དཀའ་ལས་ཧ་ལས་པ་ཁག་སོང་། ཉིས་སྟོང་བརྒྱད་ལོར་རྐང་པར་སྐྱོན་བྱུང་ཡོད་པས་རི་སྒང་ཏག་ཏག་བརྒྱུད་ནས་འགྲོ་དགོས་དུས་ཧ་ཅང་དཀའ་ཐལ། དེ་ལྟར་ལོ་གཅིག་དང་ཟླ་བ་བརྒྱད་ཀྱི་རིང་ལ་རི་སྒང་ནས་བསྡད་དེ་ད་གཟོད་བཙན་བྱོལ་ལ་འབྱོར་ཐུབ་པ་བྱུང་སོང་བ་རེད། ད་མདོར་བསྡུས་ནས་བཤད་ན་དེ་འདྲ་ཞིག་རེད།
དྲི་བ། ཁྱེད་ཉིད་བཀག་གཉེར་ཁང་ནས་བྲོས་བྱོལ་ལ་ཕེབས་ཏེ་འདི་གར་བསླེབ་རག་བར་དུ་ཟླ་བ་ཉི་ཤུ་ཙམ་འགོར་ཡོད་པས་ལམ་བར་ནས་དཀའ་སྡུག་ག་འདྲ་མྱངས་སོང་ངམ།
ལན། དཀལ་སྡུག་ཧ་ལས་པ་མྱངས་ཐལ། སྤྱིར་བཏང་གི་སེམས་ནང་ལ་དཀའ་ངལ་མང་པོ་འཕྲད་སོང་། དོགས་ཟོན་མང་པོ་བྱེད་དགོས་ཀྱི་འདུག ། དགུན་ཁ་མཐོ་སྒང་ནས་བསྡད་པ་ཡིན་པས་འཁྱག་ཐོག་གི་དཀའ་ངལ་མང་པོ་རིག་ཐལ། སེམས་ནང་དུ་ཡིན་ནའང་འཇིགས་སྐྲག་སོགས་ཧ་ལས་པ་འཕྲད་སོང་། ད་མང་པོ་བཤད་ན་དྲ་ལམ་དང་དུས་ཚོད་ཀྱི་འདང་གི་མ་རེད།གང་ལྟར་མདོར་དྲིལ་ན་ལུས་སེམམ་གཉིས་ཀའི་སྟེང་ནས་དཀའ་ལས་ཧ་ལས་པ་མང་པོ་ཞིག་མྱངས་པ་ཡིན།
དྲི་བ། ཉེ་ཆར་ཁྱེད་ཀྱིས་གནང་བའི་གསལ་འགོད་གསལ་བསྒྲགས་ནང་དུ་བོད་ནང་གི་བོད་མི་བརྒྱ་ཆ་དགུ་བཅུ་དབུ་མའི་ལམ་རེད་ཅེས་གསུངས་པ་དེ་གཞི་བཅོལ་ས་གང་འདྲ་ཞིག་ལ་བྱས་ཡོད་དམ།
ལན། ངས་ཆབ་སྲིད་ཀྱི་ལས་ཀ་ལོ་རབས་བརྒྱད་ཅུ་ནས་དགུ་ཅུ་གོ་གཉིས་གོ་གསུམ་སྐབས་ནས་བཟུང་འགོ་བརྩམ་པ་ཡིན། གཙོ་བོ་བོད་ནང་ཡིན་ན་སྐབས་དེ་དུས་དབུ་མའི་ལམ་གྱི་ལོ་རྒྱུས་འདྲ་བོ་ཡིན་ནའང་གསལ་བོ་ཞིག་ཤེས་ཀྱིན་མི་འདུགཚང་མ་རང་བཙན་གཙང་མའི་སྒང་ན་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་ལས་དཀའ་ལས་སྟངས་ཡིན་ན་རེད། ཐ་ན་སྦྱར་ཡིག་སྦྱོར་སྟངས་སོགས་སོགས་ཚང་མ་རང་བཙན་གཙང་མའི་སྟེང་ལ་འགྲོ་བཞིན་འདུག དེའི་རྗེས་སུ་དུས་རབས་ཉེར་གཅིག་པ་འདི་སླེབས་པས་བརྡ་འཕྲིན་གྱི་དུས་རབས་འདི་བྱུང་པས། མི་ཚང་མས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་མང་པོ་ཞིག་དྲ་བའི་བརྒྱུད་ལམ་ནས་གོ་སོང་བ་རེད་ལ། དེ་བཞིན་དུ་དབུ་མའི་ལམ་ཟེར་བ་ཞིག་ཡོད་པ་ཡང་ཚང་མས་ཧ་གོ་སོང་བ་རེད། སྦྱིར་བཏང་ང་རང་ཉིད་ཡིན་ནའང་བོད་རྒྱལ་ཁབ་ཆེན་པོ་འདི་རང་བཙན་གཙང་མ་མ་རེད་ཅེས་རྩ་བ་ཉིད་ནས་བཤད་ཀྱིན་མེད། ཡིན་ནའང་དབུ་མའི་ལམ་འདིའི་སྟེང་གི་བོད་རྒྱ་གཉིས་ཕན་གྱི་ལམ་འདི་འདེམས་པ་ཡིན་ན་ང་ཚོ་བོད་ལ་ཡང་ཕན་གི་རེད་ལ། དེ་བཞིན་རྒྱ་མི་ཁོ་རང་ཚོ་ཡིན་ནའང་ཁེ་ཕན་ཧ་ལས་པ་ཡོད་པ་རེད་བསམ་པ་དེ་ཡིན། དེ་མིན་བོད་རྒྱབ་ཁབ་རང་བཙན་གཙང་མ་ཡིན་པ་ང་ཚོ་སུ་ཡིན་ཡང་ཁས་ལེན་གི་ཡོད་པ་རེད། རྒྱ་ཆེའི་གཞིས་ལུས་མི་མང་རྒྱ་ཆའི་རྒྱ་ཡིས་རང་བཙན་གཙང་མ་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་དབུ་མའི་ལམ་གྱི་སྟེང་ན་རྒྱ་བོད་གཉིས་ཀར་ཕན་པའི་ལམ་ཞིག་འདུག་བསམ་ནས་གཙོ་བོ་དེ་ལ་བཙོན་ལེན་བྱས་པ་དེ་འདྲ་ཞིག་རེད། དེ་ཡང་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ཁོ་ན་གཞི་བཅོལ་ནས་བརྩོན་ལེན་བྱས་སོང་བ་དེ་འདྲ་ཡང་མ་རེད། དཔེར་ན་ཤེས་ཡོན་པའི་སྡེ་ཡིན་ན་རེད། དེ་བཞིན་དུ་ལས་བྱེད་སོགས་མང་པོ་ཞིག་གི་རང་ངོས་ནས་འདང་བརྒྱབ་ནས་དབུ་མའི་ལམ་ལ་བརྩོན་ལེན་བྱེད་བཞིན་པ་དེ་འདྲ་རེད། ཚང་མ་དེ་འདྲ་ཞིག་གི་སྟེང་ནས་དབུ་མའི་ལམ་གྱི་སྟེང་ལ་འགྲོ་བཞིན་ཡོད་པ་རེད་མ་གཏོགས། རྦད་དེ་བོད་རྒྱལ་ཁབ་རང་བཙན་མ་མ་རེད་བསམས་ནས་རང་བཙན་རྩ་དོན་བོར་སོང་བ་དེ་འདྲ་ཡང་མ་རེད། ད་གཙོ་བོ་དེ་འདྲ་ཞིག་རེད།
དྲི་བ། ཁྱེད་ཉིད་ལ་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀྱིས་སྤྲད་པའི་ཚོར་བ་མ་འདྲ་བ་ཇི་འདྲ་བྱུང་སོང་ངམ།
ལན། སྤྱིར་བཏང་གི་བཤད་ན་བོད་ནང་ནས་ག་དུས་ཡིན་ཡང་གཟབ་གཟབ་དོགས་དོགས་ངང་འདུག་དགོས་པ་དེ་རེད། དེ་བཞིན་དུ་ལས་ཀ་འདྲ་ལས་ན་ཡང་སྐྲག་སྐྲག་འཇིགས་འཇིགས་ལ་འདུག་དགོས་པས་ཚོར་བ་ཧ་ཅང་འཇིགས་ཡེར་བ་ཞིག་རེད། དེ་ནི་ང་རང་ཉིད་གཅིག་པུ་མ་ཡིན་པར་བོད་ནང་གི་གཞིས་ལུས་བོད་མི་སུ་དང་སུ་ཡིན་ཡང་བྱེའུ་ཚེར་མགོ་ལ་བབ་པ་ལྟར་བསྡད་དགོས་པ་དེ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། བཙན་བྱོལ་སྤྱི་ཚོགས་ནང་ལ་བསླེབས་དུས་དེ་ལས་ལྡོག་སྟེ་ལྷོད་ཡངས་ཀྱི་རྣམ་པ་འདྲ་བོ་ཧ་ལས་པ་ཞིག་རེད། ང་རང་ཉིད་ཀྱིས་ངོས་ནས་བལྟས་ནའང་དེ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་ཚོར་སོང་།
སྐུ་ཉིད་ཀྱི་བཅར་འདྲིའི་བདག་དབང་དང་ཡི་གེར་ཕབ་སྐབས་ཀྱི་རྩོམ་སྒྲིག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད།
ལན། དེ་ད་ཡིན་དང་ཡིན།
མཐར་སྐུ་ཉིད་ཀྱིས་ངེད་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
༢༠༡༤། ༠༨ །༢༨ ཉིན།
ངེད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག
Like this:
Like Loading...