འབའ་སྲས།

སྒོ་རུ་བུད་དེ་མགོ་བོ་བཀྱགས་ནས་མིག་གིས་མཁའ་རུ་བལྟས་པ་ན།།

ཀུན་གསལ་ལམ་གྱི་ཆུ་འཛིན་དག་ནི་ཕྲེང་བར་བསྒྲིགས་ཏེ་ལྷོ་ལ་རྒྱུ།།

ཀྭ་ཡེ་སྤྲིན་དཀར་ལག་པ་སྲིངས་དང་བདག་ཀྱང་ཁྱོད་དང་བསྡོངས་ནས་འགྲོ །

རྒྱང་ཐག་རིང་བའི་ཕ་མཐའ་དེ་ན་ཁྱོད་དང་ང་ཡི་མཛེས་སྡུག་མཆིས།།

 

ཡུན་རིང་བརྣག་པའི་གདུང་བ་དག་ནི་མིག་གི་མཐའ་ཡི་མཆི་མ་སྟེ།།

སྤྲིན་དཀར་འདབ་མའི་ཕང་དུ་བྱོ་ན་ས་ལ་བབས་པའི་ཆར་ཆེན་འདྲ།།

མེ་ཏོག་དུས་ཀྱི་སྦྲང་ཆར་དེ་ཡང་ཆུ་འཛིན་སྐྱོ་བའི་མིག་ཆུ་བཞིན།།

ཕན་ཚུན་མཚུངས་པའི་ཆུ་ཐིགས་དག་གིས་སེམས་ཀྱི་འཛིན་མ་བརླན་པར་ཤོག །

 

ཕ་མཐའ་བྲལ་བའི་མཚོ་མོའི་འགྲམ་ན་སྤྲིན་དཀར་བསུ་བའི་རླུང་ཞིག་ལྡང་།།

རྒྱང་ཐག་རིང་བའི་རི་གྲོང་དེ་ན་ཁོ་བོ་འབོད་པའི་སྐད་ཅིག་མཆིས།།

ཀྱེ་ཀྱེ་ཡིད་འོང་སྤྲིན་པ་དཀར་པོ་བདག་ལ་སྒུགས་དང་མཉམ་དུ་བསྐྱོད།།

ཤིན་ཏུ་དྲན་པའི་གདུང་བ་ལྕི་མོ་ཕན་ཚུན་གླེང་བཞིན་གླེང་བཞིན་འགྲོ །

༢༠/༠༨/༡༤ དགོང་སྤྲིན་ལ་ཅེར་ནས་གློ་བུར་དུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d