མཛོད་དགེ  དོན་འགྲུབ།

ལང་ལོང་འཁྲིགས་པའི་རླབས་ཀྱི་མེ་ཏོག་གནམ་སའི་ཧྲག་ཏུ་རེ་ཞིག་འཇགས། །

ཚང་ཚིང་ནགས་ཀྱི་ཁུ་བྱུག་སྔོན་མོ་གྲགས་མཚམས་བཞག་སྟེ་ལྟ་ཉན་བྱེད། །

རྒྱ་མཚོའི་མཐིལ་གྱི་ཁུག་རྟའི་གཤོག་འགྱུར་བྲག་ཐོག་ཁེན་ཏེ་ངལ་གསོ་བརྟེན། །

རང་བྱུང་མཛེས་བ་སྒྲ་ཡིས་ལུད་པའི་གཙང་འགྲམ་འདི་དང་གྱེས་སྙིང་དཀའ། །

འབྱམས་སུ་ཀླས་པའི་མཚོ་འཇིངས་འདི་ནས་དབྱངས་ཅན་ལྷ་མོས་དབྱངས་ཤིག་བརྩམས། །

བརྩམས་པས་མི་ཚད་འདོད་འཇོ་ངག་རྟ་བརྩེ་བ་ཆེན་པོས་ཆུ་ལ་བསྐྱིལ། །

བསྐྱིལ་བས་མི་ཚད་འཇིག་རྟེན་ཡོངས་རྫོགས་དབྱངས་ཀྱི་ངོ་བོས་བཟི་བར་བྱེད། །

པི་ཝང་རྒྱུད་མངས་དབྱངས་རྟ་ཕྲ་མོས་ཕྱོགས་མཚམས་ཀུན་ལ་རླུང་ཞིག་སྤུར། །

རྒྱ་མཚོ་སྐྱོམ་པའི་མཁའ་དབྱིངས་འདི་ན་ཁྲུང་ཁྲུང་ཁྱུ་གཅིག་གནམ་འཕང་བསྟད། །

ལྷོ་མོན་རོང་གི་རི་ཚོགས་ལྟེབ་ཀྱིན་ཆུ་ལྷའི་ཕང་བར་གར་སྟབས་བསྒྱུར། །

ཀེ་ཀོ་སྒྲོག་པའི་མགྲིན་དབྱངས་སྙན་མོས་གནམ་གྱི་ཕྲ་ཁུང་ཧངས་སེ་ཕྱེས། །

ཁྲུང་ཁྱུ་དཀར་མོའི་གཤོག་རླབས་ཁུད་ནས་ཁོ་བོ་ཨ་མདོ་སྨད་དུ་དེངས། །

ལྟ་བས་མི་མངོན་གཙང་བོའི་གཞུང་ན་གྲུ་ཤན་རྟ་མགོ་མདུན་ཕྱོགས་ནུར། །

གྲུ་ནང་འགུལ་བའི་གྲིབ་གཟུགས་ཆེ་ཆུང་རླབས་དང་བསྡོངས་ནས་གཅིག་བུར་འཕྱོ། །

མཚོ་གཏིང་ལྷུང་བའི་མཚམས་སྤྲིན་རྡོག་རེ་དལ་གྱིས་དལ་གྱིས་གྲུ་ཞབས་མནན། །

གྲུ་ཤན་རྟ་མགོའི་སྐྱ་བ་ཐོགས་ཏེ་ཁོ་བོ་བྱང་ཕྱོགས་རི་ལ་འགོས། །

གཏིང་ཟབ་རྒྱ་མཚོའི་ཀློང་དུ་འཕྱན་པའི་ཉ་ཆེན་གཤོག་པ་ཆུ་ཐོག་བུད། །

སྔོ་ཞིང་གཟར་བའི་གཙང་ཆེན་རགས་ཀྱི་ཉག་སྒང་དག་ཏུ་བག་གིས་འཁྱུགས། །

ཤ་འོད་རྡོལ་བའི་མཚོ་ངོས་གཡེང་གིན་མི་ཡུལ་ལུང་པར་ལྟད་མོ་རོལ། །

བྱེ་འགྲམ་ཉལ་བའི་མི་ཚོགས་གཅེར་བུའི་རོ་གོག་དག་ལ་འདྲོགས་ཤིང་བྲོས། །

དུས་ཀྱི་འཕོ་འགྱུར་དྲག་ཏུ་རྒོད་པའི་རྦ་ལམ་ཡངས་པོའི་གནམ་ཐང་ན། །

བསྐལ་བ་སྟོང་ལ་ཞི་བདེར་སྨོན་པའི་བཙན་པོ་བོད་ཀྱི་མངའ་ཐང་འཁྱིལ། །

སྟོད་ཕྱོགས་གངས་ཀྱི་ར་བ་སྙེག་པའི་བྱ་ཁྱུ་དཀར་པོའི་གཤོག་རྩེ་ན། །

མི་ལོ་གྲངས་མེད་རེ་སྒུག་བྱས་པའི་པོ་ཏ་ལ་ཡི་རྨི་ལམ་འགུལ། །

བྱེ་མ་འཕྱུར་བའི་སྨིག་རྒྱུའི་གྲོང་ན་རི་དྭགས་སྐོར་ཞིག་མཆོང་ལྡིང་རྩེན། །

རྨིག་སྣེར་འཚུབ་པའི་འཇའ་སྤྲིན་རྡུལ་གྱིས་ཉི་མའི་དཀར་ཆ་མོག་པོར་བསྒྲིབས། །

ས་སྲོད་ཉི་མའི་དཀྱིལ་འཁོར་སྐོར་གྱིན་རྒྱང་རིང་གཙང་བོའི་ཕར་ཁར་ཞོགས། །

བག་ཡངས་རྒྱུ་བའི་རི་དྭགས་དམག་གིས་གནམ་གྱི་ཕྱེད་ཀ་བཅད་བཟུང་བྱས། །

གནམ་ནང་ཕྱིན་པའི་ཁྲུང་ཁྱུ་འདི་ཀོ་དུས་རབས་ཤིག་གི་འཕར་རྩ་ཡིན། །

ངང་གིས་འདུས་པའི་གྲུ་ཚོམ་འདི་ཀོ་རྒྱལ་ཁམས་པ་ཚོས་འགྲོ་སྟངས་ཡིན། །

སེམས་དབྱངས་གྱ་གྱུའི་ཡི་གེ་འདི་ཀོ་ཀ་མད་སུམ་ཅུའི་ལང་ཚོ་ཡིན། །

ཁེར་བུར་བསྒྱུར་བའི་རྡོག་སྒྲ་འདི་ཀོ་གངས་རིའི་འདབས་ཀྱི་བརྡ་རྟགས་ཡིན། །

རི་ཆུ་སྟོང་ཕྲག་འཕྲེད་ཀྱིས་གཅད་འགྲོ་དུས་རབས་གསར་བའི་ཕོ་ཉ་ཡ། །

ཁོ་བོའི་རྐན་སྒྲ་མཁའ་རུ་ཁྱེར་འགྲོ་གཙང་འགྲམ་འདི་ཡི་བང་ཆེན་ཡ། །

སྟོང་གསུམ་ཁམས་ཀྱི་འཇབ་རྒོལ་གཤག་འགྲོ་སྟོང་ལོ་གསར་བའི་གྲེ་འགྱུར་ཡ། །

ནམ་ཟླ་ཟླུམ་པོའི་ལྷོད་བག་བསུས་འགྲོ་རྒྱ་མཚོའི་མཁའ་ཡི་རླུང་ཡོར་ཡ། །

ཤར་ཕྱོགས་བོད་ཀྱི་གངས་ར་བསྙེག་པའི་གཤོག་རྡང་རླུང་གིས་མ་གཏོར་ན། །

ན་གཞུང་ལྗང་མོ་ཁད་ཀྱིས་གཅོད་བཞིན་ནོར་ཁྱུ་སྨུག་པོར་འདྲོགས་ཤིག་སློངས། །

རྣང་ཞིང་གྲུ་བཞིའི་རླབས་རྩེར་བྲན་ཏེ་སྙེ་རྐང་རེ་རེར་བྱིལ་བྱིལ་མཛོད། །

སྒང་དྲུག་རི་བོར་དཀྲིས་གསུམ་རྒྱོབས་ལ་ཅན་བཞིའི་ལམ་དུ་འཕུར་ཤོག་ལོབ། །

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d