རྩོམ་པ་པོ། (叶延滨ཡཱི་ཡན་པིན།  

                           ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།

    ཆུ་ཐིགས་ཤིག་གིས་སྙན་ངག་མཁན་དང་དཔྱད་བརྗོད་མཁན། མཚན་ཉིད་པ་བཅས་ལ་བརྟེན་ནས་རང་ཉིད་འཚོལ་འདོད་པ་རེད། རྒྱུ་མཚན་ནི་ཁོས་ནམ་རྒྱུན་ཆུ་ཐིགས་གཞན་དག་གིས་སྙན་ངག་མཁན་དང༌། དཔྱད་བརྗོད་མཁན། མཚན་ཉིད་པ་བཅས་ཁོ་ནས་ད་གཟོད་ཆུ་ཐིགས་གཅིག་ལ་རྒྱུས་ལོན་ཐུབ་པའི་སྐོར་གྱི་སྐད་ཆ་གོ་བས་རེད།  

      “ཀྱེ་ཀྱེ།ཞེས་པའི་ཐ་སྙད་འདི་མཐོང་མ་ཐག་ཆུ་ཐིགས་དེས་རང་ཉིད་ཀྱིས་སྙན་ངག་མཁན་རྙེད་བྱུང་བ་ཚོར།ཀྱེ། ཆུ་ཐིགས་དེའི་ནང་དུའང་ཉི་མའི་གཟི་འོད་འཚེར་བཞིན་འདུག ཅི་འདྲའི་རྣར་སྙན་པའི་སྐད་ཆ་ཞིག་རེད་ཨང༌། ཆུ་ཐིགས་གཅིག་ལའང་དེ་འདྲའི་སྙིང་སྟོབས་ཆེན་པོ་ཞིག ཉི་མའི་གཟི་འོད་ལྟར་ཅི་འདྲའི་རླབས་ཆེ་བའི་ཆུ་ཐིགས་ཀྱེ།ཆུ་ཐིགས་དེས་རང་ཉིད་ལ་བརྩེ་འདང་སྟོན་སྐབས་ཀྱང་ཀྱེ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་ཡོད། ཆུ་ཐིགས་དེས་རང་ཉིད་ཀྱང་ཉི་མ་དངོས་ཡིན་པར་སྙམ་དུས། ཁོ་ལ་ཡང་ནམ་མཁའ་ལྟ་བུའི་སྡུག་ཡུས་ཤིག་ཡོད།ནམ་མཁའི་ཉི་མར་ཡང་ང་རྒྱལ་ཆེ་བ་ལ། འཛམ་གླིང་ཐོག་ཉི་མ་ཁོང་གཅིག་པུ་ལས་མེད་པར་སྙམ་ཡོད། མ་རེད། དེ་འདྲ་མ་རེད། ད་དུང་གཅིག་ཡོད་པ་རེད་ཨང༌། ད་དུང་ཉི་མའི་གཟི་འོད་འཚེར་བའི་ཆུ་ཐིགས་གཅིགཉི་མས་གནས་ལུགས་འདི་ཙམ་ཞིག་སྔ་ས་ནས་རྟོགས་ཐུབ་པའི་ཆེད་དུ། ཆུ་ཐིགས་དེས་སྔ་མོ་ནས་རྩྭ་ལྗང་རྐང་གཅིག་གི་རྩེ་རུ་འགོས་ནས་གནམ་སའི་འབྲེལ་མཚམས་དེར་ཉི་མར་བསྒུགས་ཏེ་བསྡད། ཉི་མ་རི་རྩེ་ནས་འཕག་བྱུང༌། སྐད་ཅིག་དེ་ཉིད་ལ་ཆུ་ཐིགས་དེས་ཀྱང་འོད་ཟེར་སྣ་བདུན་སྤྲོས་བྱུང༌། དངོས་གནས། ཆུ་ཐིགས་དེས་སྤྲོ་སེམས་འཁོལ་བའི་ངང་ཉི་མ་བོས།ཝེ། སྤུན་ཟླ་ཉི་མ། ཁྱེད་ཀྱིས་ང་མཐོང་གིན་འདུག་གམ། ང་ཡང་་་་་འོད་སྣང་སྤྲོ་མཁན་གྱི་ཆུ་ཐིགས་དེའི་སྐད་ཆའི་མཇུག་མ་རྫོགས་གོང༌། ཁོང་ཉི་མའི་འོད་ཀྱི་འཇའ་གུར་ལས་གཟུགས་དབྱིབས་དང་ཁ་དོག་ཅི་ཡང་མེད་པའི་རླངས་རྫས་སུ་གྱུར་སོང༌།

    ཆུ་ཐིགས་དེའི་ཐེངས་འདིའི་རང་ཉིད་འཚོལ་བའི་བློ་སྟོབས་ལ་ཕམ་ཉེས་བྱུང༌། འོན་ཀྱང༌། ཁོས་གནས་ལུགས་ཤིག་ཧ་གོ་བ་ནི་སྙན་ངག་མཁན་ལ་བརྟེན་ནས་དྲིས་ལན་མི་སྙེག་རྒྱུ་དེ་རེད། ཅི་འདྲ་བཤད་རུང༌། དཔྱད་བརྗོད་མཁན་གྱི་སྐད་ཆ་བདེན་ཤས་ཆེ། འོ་ན་དཔྱད་བརྗོད་མཁན་གྱིས་ཇི་ལྟར་བརྗོད་ཀྱི་ཡོད་དམ། དེ་ནི་ཧ་ཅང་བྱང་ཆ་ལྡན་པའི་སྐད་ཆ་ཞིག་རེད།ཆུ་ཐིགས་རྡོ་ཕུགཅི་འདྲའི་དངོས་འབྲེལ་དང་ཚད་ལྡན་ཞིག རྩི་ཤིང་དང་མེ་ཏོག་གི་ཚལ་དུ་ཉི་མ་ཡིན་ཁུལ་བྱེད་པར་རྩ་བ་ནས་མི་འཐད། མ་གཞི། སྙན་ངག་མཁན་ཀུན་གྱིས་མེ་ཏོག་དང་རྩི་ཤིང་ཁྲོད་ནས་ཚོན་མདངས་སྣ་ལྔའི་མཚན་ཉིད་རྙེད། ཡིན་ཡང༌། དཔྱད་བརྗོད་མཁན་གྱིས་ནམ་ཡང་དོན་ཟབ་རྒྱ་ཆེ་བའི་སྐད་ཆ་གསེར་རྡོ་ལྟ་བུ་རྐྱང་རྐྱང་འབྲི། བསམ་གཞིག་གིས་ཚད་འདིར་སླེབ་དུས། ཆུ་ཐིགས་དེ་གཡང་གཟར་གྱི་རྩེ་ནས་མར་དཔྱངས་འདུག ཁོང་མར་ཟགས་པར་དུས་ཡུན་རིང་པོ་མི་འགོར། འོག་གི་ཕ་བོང་དེ་མཐོང་བས་ཁོང་གི་སེམས་ལ་ང་རྒྱལ་ཚད་མེད་སྐྱེས།དགོངས་པ་མ་ཚོམ། སྤུན་ཆུང་རྡོ།”  སྐད་ཅིག་དེ་ཉིད་ལ་ཕ་བོང་དེའི་སྟེང་དུ་ལྷུང་ནས་འཐོར་སོང༌། ཆུ་ཐིགས་དེས་དྲན་པ་མི་གསལ་བའི་སྐབས་སུའང་ཕ་བོང་དེར་བལྟ་རྒྱུ་བརྗེད་མེད། གནམ་རྒན་མ། ཁོང་འགུལ་ཙམ་ཡང་མི་བྱེད་པར་དེར་ཧད་དེ་ལངས་འདུག བརྡབས་ནས་འཐོར་རྗེས་ཀྱི་ཆུ་ཐིགས་གཅིག་པོ་དེ་དཔྱད་བརྗོད་མཁན་འཚོལ་དུ་ཕྱིན་ནས་ཁོང་ལ་ཉེས་འཛུགས་བྱས། དཔྱད་བརྗོད་པས་གསུང་རྒྱུར།ཁྱོད་ཀྱིས་ཆུ་ཐིགས་རྡོ་ཕུག་ཅེས་པའི་ཡིག་འབྲུ་བཞི་མ་གཏོགས་མཐོང་མི་འདུག དེ་ནི་ངའི་བརྩམས་ཆོས་ཀྱི་ཁ་བྱང་ཡིན། བརྗོད་བྱར་མ་ལྟོས་ན་ག་ལ་འགྲིག མ་གཞི། བརྩམས་ཆོས་འདི་ན་ཡོད།མུ་མཐུད་ནས་གསུང་རྒྱུར།ཆུ་ཐིགས་གཅིག་གཅིག་འདུས་ནས་ལོ་སྟོང་ཕྲག་བརྒྱ་ཡི་རྗེས་ལ་རྡོ་ཕུག་སྲིད།ཟེར།གནམ་རྒན་མ། དེ་ནི་ཆུ་ཐིགས་གཅིག་མ་རེད། དེ་ནི་གཙང་པོ་ཞིག་རེད། སྐར་ཆ་རེ་རེར་ཆུ་ཐིགས་རེ་བྱས་ན་ཉིན་གཅིག་ལ་ཆུ་ཐིགས་བརྒྱད་ཁྲི་དྲུག་སྟོང་བཞི་བརྒྱ་དང༌། ལོ་གཅིག་ལ་ཆུ་ཐིགས་ཁྲི་སུམ་སྟོང་བརྒྱ་དང་ལྔ་བཅུ་ང་གསུམ། དེ་ལྟར་ལོ་སྟོང་ཕྲག་བརྒྱ་ལ་ག་ཚོད་འདུས་སམ། དེ་ལ་ཆུ་ཐིགས་རྡོ་ཕུག་ཟེར་རུང་ངམ།ཆུ་ཐིགས་དེས་བསམ་པར་དཔྱད་བརྗོད་པས་ཨང་རྩིས་རྩ་བ་ནས་མི་ཤེས། དཔྱད་བརྗོད་པར་ཧང་སང་རྒྱུ་ཅི་ཡོད། སྐབས་དེར་ཁོས་རྟོགས་པ་ནི་ཨང་རྩིས་མི་སྦྱོང་བའི་མི་སྣ་དེ་དག་རེད། 

  མཇུག་མཐར། ཆུ་ཐིགས་དེ་མཚན་ཉིད་པ་འཚོལ་དུ་ཕྱིན། མཚན་ཉིད་པས་གསུང་རྒྱུར་ཆུ་ཐིགས་འདི་བརྒྱུད་ནས་རྒྱ་མཚོ་མཐོང་ཐུབ་ལ། ཆུ་ཐིགས་དེ་ནི་རྒྱ་མཚོ་རེད། རྒྱ་མཚོ་ནི་ཅི་ཞིག་རེད་དམ།ཟེར། ཆུ་ཐིགས་དེས་མཚན་ཉིད་པར་ཏན་ཏན་ཤེས་ཡོན་འདུག་བསམས། འོན་ཀྱང༌། རྒྱ་མཚོ་ནི་ཅི་ཞིག་ཡིན་པ་ཤེས་ན་ད་གཟོད་རང་ཉིད་ཅི་ཞིག་ཡིན་པ་ཧ་གོ་ངེས། གང་ལྟར། ཆུ་ཐིགས་ནི་རྒྱང་བཞུད་པ་ཞིག་རེད། ལམ་བར་དུ་འདྲི་རྒྱུར་རྒྱ་མཚོ་གང་ན་ཡོད་དམ། རྒྱ་མཚོ་འཚོལ་མཁན་གྱི་ཆུ་ཐིགས་རེ་རེ་འདྲེས་ནས་ཆུ་ཕྲན་དང༌། ཆུ་ཕྲན་ནས་གཙང་པོ། དེ་ནས་གཙང་ཆེན་དུ་གྱུར་ནས་ཤར་དུ་བཞུར། ཁོས་རྒྱ་མཚོ་མཐོང་སྐབས། མཚན་ཉིད་པས་ཀྱང་སྐད་ཆ་ལྡོག་སྟེ་བཤད་ཡོད་པ་རྟོགས་སོང༌། དེ་འདྲ་མ་རེད་དམ། རྒྱ་མཚོའི་ནང་དུ་ཆུ་ཐིགས་བགྲང་གིས་མི་ལངས་པ་ཡོད། ཆུ་ཐིགས་གཅིག་རྒྱ་མཚོ་དང་བྲལ་བ་ཅི་ཡང་མ་རེད། ཆུ་ཐིགས་གཅིག  ཆུ་ཐིགས་གཅིག་ཙམ་རེད། 

   ཚད་འདིར་སླེབ་དུས། ཆུ་ཐིགས་དེས་རང་ཉིད་རྙེད་ཟིན་པ་རྟོགས། ཆུ་ཐིགས་གཅིག་ཅི་རེད། ཉི་མ་མིན་ཡང༌། སྐབས་འགར་འོད་ཟེར་ལྡན་སྲིད། རྡོ་ཁྲབ་གོས་སུ་གྱོན་པ་མིན་ཡང་། འོན་ཏེ། ཆུ་ཐིགས་ཁ་ཤས་ལ་ལམ་འགྲོ་འདི་འདྲ་རྒྱུགས་སྲིད། ལྷག་པར་དུ། རྒྱ་མཚོ་མིན་ཡང་རྒྱ་མཚོར་འབྲེལ་ངེས།  རྒྱ་མཚོ་ཆེན་པོ་ནི་ཆུ་ཐིགས་ཀུན་གྱིས་རང་ཉིད་བརྗེད་སའི་ས་ཆ་རེད། ཆུ་ཐིགས་དེ་ཉི་མ་མ་རེད། རྡོ་མ་རེད། རྒྱ་མཚོ་ཆེན་པོ་ཡང་མ་རེད། དེ་ནི་ཆུ་ཐིགས་གཅིག་རང་རེད།   

མ་རྩོམ་ལ་བལྟ་ན་གཤམ་གྱི་འབྲེལ་ཐག་འདི་ལ་སྣུན། wapbaike.baidu.com/view/1529887.htm?adapt=1&

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d