ཉིན་ཤས་རྗེས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་དྲུག་པ་ཕྱིར་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་དང་། ཀུ་ཤུ་ལ་དགའ་མོས་ཅན་ཁ་ཤས་ཀྱིས་ད་ལྟ་ནས་ཀུ་ཤུ་ཚོང་ཁང་གི་སྒོ་ཁར་བང་སྒྲིག་ནས་སྒུག་བཞིན་འདུག
ཀུ་ཤུ་བཟོ་ཚང་ཁང་གི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ཟླ་༩ པའི་ཚེས་༩ ཉིན་ཀུ་ཤུ་བཟོ་ཚོང་ཁང་གི་ཐོན་གསར་སྒོ་འབྱེད་མཛད་སྒོ་དེ་ཨ་རིའི་ཀེ་ལི་ཧྥོ་ནི་ཡ་མངའ་སྡེའི་ཁུ་ཕར་ཊི་ནོ་(Cupertino) གྲོང་ཁྱེར་གྱི་ཧྥི་ལན་ཊི་(Flint) ཞེས་པའི་ལྟེ་གནས་སུ་འཚོག་རྒྱུ་ཡིན་པ་དང་། མཛད་སྒོའི་སྟེང་ཆེས་གསར་ཤོས་ཀྱི་ཀུ་ཤུ་རྟགས་ཅན་ཁ་པར་ཐོན་རིམ་དྲུག་པ་(Iphone6) དང་(IWatch) ཀུ་ཤུ་རྟགས་ཅན་གྱི་ཆུ་ཚོད། ཀུ་ཤུ་རྟགས་ཅན་གྱི་(Ipad Air) ཐོན་རིམ་གཉིས་པ་སོགས་འགྲེམ་སྤེལ་བྱ་རྒྱུ་ཡིན་ཞིང་། ཁ་ཤས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་Flagship ཞེས་པའི་ཀུ་ཤུ་ཚོང་ཁང་གི་ཕྱི་ལོགས་སུ་སྒར་རྒྱག་ཏེ་ཞག་སྡོད་བྱེད་བཞིན་ཀུ་ཤུ་ཐོན་གསར་ཉོ་རྒྱུར་སྒུག་འདུག
བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་༦ པའི་བཟོ་དབྱིབས་ད་ཡོད་ཀྱི་ཀུ་ཤུ་དང་བསྡུར་ན་འགྱུར་བ་ཆེན་པོ་བཏང་ཡོད་ཅིང་། རྩ་ཆེའི་ལྕགས་རིགས་ཀྱི་རྒྱུ་སྤུས་ལས་བཟོས་པའི་ཕྱི་ཤུན་དང་། ཨེན་ཆི་(Inch)༤་༧ རྒྱ་ཁྱོན་ཅན་གྱི་འཆར་ངོས། ད་ལྟའི་ཀུ་ཤུ་ལས་མྱུར་ཚད་མཐོ་བའི་A8Processor མ་ལག་སོགས་ལྡན་ཡོད་པ་རེད།
ཉེ་སྔོན་ཧོ་ལེ་ཝུ་ཌིའི་(Hollywood) གློག་བརྙན་འཁྲབ་སྟོན་པ་བུད་མེད་མང་པོ་ཞིག་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསང་མྱུལ་བས་གཏོར་རྒོལ་ཐེབས་ཏེ། འཁྲབ་སྟོན་པ་བུད་མེད་དེ་དག་གི་དམར་རྗེན་མའི་པར་རིས་མང་པོ་ཞིག་རྐུ་ཁྱེར་འོག་ཡོངས་གྲགས་ཐོག་ཕྱིར་ཁྱབ་སྤེལ་བྱས་པའི་རྐྱེན་གྱིས། ཀུ་ཤུའི་མ་རྐང་བརྒྱ་ཆ་4% ལ་མར་ཆགས་ཏེ། ཟླ་གཅིག་གི་དུས་ཚོད་ནང་ཉམས་རྒུད་ཆེ་ཤོས་སུ་གྱུར་ཡང་། ཐེངས་འདིར་ཐོན་ལ་ཉེ་བའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་འདོན་ཐེངས་༦ པར་དེས་ཤུགས་རྐྱེན་ཧ་ལམ་ཐེབས་མི་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། སྤྱིར་ཀུ་ཤུ་བཟོ་ཚང་ཁང་གིས་ཐོན་གསར་འགྲེམ་སྤེལ་བྱ་བར་བདུན་ཕྲག་གཅིག་གི་སྔོན་དུ་བརྒྱུད་ལམ་ཁག་ལ་བརྡ་ལན་སྤྲོད་སྲོལ་ཡོད་ཀྱང་། ད་ཐེངས་བདུན་ཕྲག་གཉིས་ཀྱི་སྔོན་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།།
ཡོང་ཁུངས་བོད་ཀྱི་བང་ཆེན།