ཟླ་ཚེས་ཤིག་དྲན་གསོས་པ།

 སྨྱུག་མདའ།

ལས་དབང་བཙན་པོའི་རྦབ་ཆུ་བབས།།

རྨི་ལམ་བརྒྱ་ཕྲག་ཕར་ལ་སྐྱེལ།།

ལྕགས་རི་སྲ་མོའི་ནང་རོལ་ཏུ།།

ནམ་མཁར་ཅེར་ཏེ་སྙན་ངག་བྲིས།།

 

དུངས་ཀ་ཅི་ཙམ་དེད་གྱུར་ན།།

ཁེར་རྐྱང་གྲིབ་གཟུགས་མདུན་དུ་དཔྱངས།།

སྐད་ཆའི་ཉིན་སྲིབ་འདྲེས་ཚུལ་ལ།།

དྲོད་ཁོལ་བསྲིངས་པའི་སྣང་བ་འཛུམ།།

 

ཞོགས་པའི་འོད་ལ་མགོ་བོ་སྙེ།།

ཅི་ཞིག་བརླན་པའི་མཆི་མ་གླེང་།།

བྲང་གཞོང་ལྕི་བའི་ལོ་ཟླ་ཞིག།

འཚོ་བ་འདི་ཡི་ངོས་ལ་ཆགས།།

 

བསམ་གཞིགས་སྣེ་རུ་ཡུལ་ཞིག་རྙེད།།

འགྱིག་གི་ངད་པ་འགྲོས་ཀྱིས་ཡལ།།

བརྩེ་བ་འོད་ཀྱི་འཇིག་རྟེན་འདི།།

ཡི་དྭགས་སྔོ་སྐེ་ཟས་སྦྱིན་ཉིད།།

 

མི་ཆོས་གཉེར་ལ་འཁོར་བའི་བྲན།།

ད་ཚོད་སྤོབས་པའི་དཔལ་དུ་བསྐྱེད།།

མྱི་ཁའི་མེ་འོབས་ལྷུང་གྱུར་ན།།

སྨོད་པའི་གྱི་ལིང་ཕ་མཐར་བརྒལ།།

 

འཇའ་ཚོན་སྦྲུམ་པའི་གནམ་འོག་འདིར།།

སུ་ཞིག་སྙིང་ཁར་རེག་ཚེ་འཇིགས།།

སང་ཉིན་གློག་བརྡས་དཀྲོགས་པའི་ཚེ།།

སེམས་པ་ཉེ་ཉེ་བཞག་པ་མཐོང་།།

 

ཚོར་ཤུགས་མཇལ་བས་ཅི་ཞིག་བསྡམས།།

བདག་གི་གློ་བའི་ཉམས་སྣང་བཙིར།།

མཚོ་སྔོན་གོམ་གྱིས་གཞལ་གྱུར་ན།།

འཚོ་བའི་དུར་ས་དེ་གའི་འགྲིག །

༢༠༡༤ ༢༨ ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading