གཟུངས་འདུས་སྐྱིད། 

གླེང་གཞི།

སེམས་སྟེང་གི་ན་ཟུག་དམར་པོ་ནི

སྤྱན་རས་གཟིགས་ཀྱི་གསུང་ཆོས་ར་བ་དང

འཇིག་རྟེན་སྟེང་གི་ཡུལ་གྲུ་རེ་རེར་ཞབས་ཀྱིས་བཀྱགས་ནས

ངེས་པ་དོན་གྱི་ལྷ་སྲས་གཅིག་པུར

གཞི་བདག་འཁོར་ན་འཁྲུངས་པ་དྲན་དུས

དགུང་གྲངས་དོ་བདུན་གདུང་བས་འཁྱེར་ཏེ

སྡུག་གི་མིག་ཆུ་སེམས་ལ་ལྷུང་ཐལ།

༸རྒྱལ་བའི་གསུང་ཆོས་དང་ངའི་སྙིང་གི་ན་ཟུག

         ཨ་མས་བཤད་ན། ང་ཆུང་དུས་སུ་ཆོས་སེམས་ཆེ་ཞིང་དད་པ་ཡོད་པའི་བུ་མོ་ཡ་རབས་ཤིག་ཡིན། གཅིག་བྱས་ན་ཕ་དམ་པའི་ཤན་ཤུགས་ཐེབས་ཡོད་ནའང་ཐང་གསུངས་མྱོང།  གང་ལྟར་ངས་ཤེས་དུས་སུ་ང་ད་དུང་ཡི་གེ་དྲུག་མའི་དབྱངས་རྟ་དང་མཉམ་དུ་བླ་མ་གང་ཞིག་གི་གསུང་ཆོས་ལ་བྲེལ་བཞིན་ནར་སོན་པ་བདེན་པ་ཡིན། ཡིན་ནའང་། དུས་དེ་རིང་མི་ཡུལ་འདི་ནས་ངའི་བསམ་བློ་གཉོམ་ལག་རྒྱས་ནས་ཁོག་ལ་གདོན་ཞུགས་པ་རེད་དམ། ཡང་ན་ངས་རང་གི་རྩ་བའི་བླ་མ། གངས་རིའི་མགོན་པོ་གང་ཉིད་མཆོག་ལ་དུང་ཞེན་དང་དད་སེམས་མེད་པས་རེད་དམ། ༼༸རྒྱལ་བའི་གསུང་ཆོས་༽ ཞེས་པའི་ཆོས་བརྡ་ཞིག་མིག་གི་རིག་དུས་ངས་རང་ཉིད་ལ་ཚོད་འཛིན་མི་ཐུབ་པར་ཡང་མ་རུང་བ་སུ་ཞིག་གིས་གསུང་ཆོས་ཞུས་པ་རེད། ཚོད་ཚོད་ལ་ཞེ་སྡང་རེ་སྐྱེས་ཡོང་བ་མ་ཟད་རང་ཉིད་ཁོམ་པ་ཡོད་ནའང་མ་སོང་བར་གང་ཉིད་ལ་སྐུ་ངལ་གསོ་བའི་དུས་ཚོད་ཅིག་རག་སོང་ན་འགྲིག་སོང་བའི་སྣང་བ་ཞིག་འཁོར་གི    མཚམས་རེ་ཁྱེད་ཚོས་སྐུ་ཚེགས་ལ་གཏད་ན་ང་རང་གཅིག་པུ་མ་སོང་རུང་ཕན་ཐོགས་ཀྱི་མ་རེད་བསམ་ནས་ཞེ་སྡང་གིས་གཙུག་ལག་ཁང་གི་སྒོ་ཐེམ་འགྲིམས་པ་དང་ཡང་ལན་རེ་མགོན་པོ་ཁོང་གི་དབུ་སྐྲའི་ཁ་མདོག་དང་དཔྲལ་བའི་རྒས་གཉེར་དག་མཐོང་དུས་སེམས་པས་མ་བཟོད་པར། ཞེ་འཁོན་གྱིས་ཕྱིར་ནང་ལ་ལོག་པའང་ཐེངས་གཅིག་ག་ལ་ཡིན། དེ་མིན་ཁ་བའི་ལྷ་སྲས། གངས་རིའི་མགོན་པོ། གང་ཉིད་ལ་དད་པ་དང་ཡིད་ཆེས་ཀྱིས་ཆོས་འབྲེལ་འཇོག་མི་འདོད་མཁན་གྱི་བོད་མི་ཞིག་ཡོད་སྲིད་དམ། གང་ལྟར་ང་ཚོས་བརྒྱ་བཟུང་ནས་བརྒྱད་གཏོང་རྒྱུ་གལ་ཆེ་ཡིན་པ་ཤེས་ཀི  ངའི་རིགས་མཐུན་ཚོ། ངེས་པ་དོན་གྱི་ཆོས་པ་ཚོར་ངས་དེ་རིང་བཤད་འདོད་པ་ནི། གསུང་ཆོས་ཞུ་རྒྱུ་ཙམ་མིན་པར་ལག་ལེན་གྱི་སྟེང་དང་གནད་འགག་གི་སྣེ་ནས་མགོན་པོ་གང་ལ་སེམས་ཀྱིས་བཀུར་ནས་ནང་སེམས་བཟང་བོ་ཞིག་དང་ཕྱིའི་སྤྱོད་པ་ལེགས་པོ་ཞིག་བྱེད་པ་ཡིན་ན། ༸རྒྱལ་བ་མཆོག་གི་ཆེས་མ་མཐའི་ཐུགས་དགོངས་འགྲུབ་སོང་བ་མ་རེད་དམ། ང་ཚོ་མགོན་པོའི་གདུལ་བྱ་ཡིན་པ་ཙམ་གྱི་མི་འགྲིག་པར་མི་རེ་ངོས་རེ་ནས་རང་གི་ཁམས་དང་ནུས་པ། རང་ནུས་ཅི་འཇོན་གྱིས་ལག་བསྟར་གནང་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་ཡིན། དེ་བས་ང་ཚོ་སུ་ཡིན་ཡང་༸རྒྱལ་བ་མཆོག་སྐུ་ངལ་ལ་མ་གཏོད་རོགས་ཞུ།

༸རྒྱལ་བའི་ཆིབས་བསྒྱུར་དང་ངའི་ཡིད་ཀྱི་གདུང་བ།

         སེམས་ངོགས་སུ་གདུང་བས་ཁེངས་ཏེ་རྨི་ལམ་གྱི་བྲང་གཞུང་ལ་འགས་བཏོད་ཀྱི་མདའ་ཁ་མུ་ནས་རྒྱུན་དུ་སྙིང་ཁར་ལྷུང་འོང་བ་ནི་བོད་མི་ཚོ། ལྷག་པར་དུ་གཞི་བྱེས་བོད་མི་ཚོའི་བདེ་སྡུག་གི་སླད་དུ་༸རྒྱལ་བ་མཆོག་གཞི་བདག་ལྟ་བུའི་ཁོམ་ལོང་ཅུང་ཙམ་ཡང་མེད་པ་དེ་ཁོ་ན། ཞོགས་པ་༸རྒྱལ་བས་གཙུག་ལག་ཁང་ན་གསུང་ཆོས་གསུངས་ཀྱི་འདུག ཉིན་གུང་༸རྒྱལ་བ་མཆོག་ལ་དྭགས་ཕྱོགས་ལ་ཕེབས་ཀྱི་རེད།  སང་ཉིན་༸རྒྱལ་བ་མཆོག་ཨ་རིའི་ཕྱོགས་ལ་ཆིབས་བསྒྱུར་གནང་དགོས་པ་རེད་སོགས་རེ་རེ་བཞིན་རྣ་ལམ་དུ་ཐོས་ཡོང་དུས་ངོ་མ་སེམས་བསམ་པའི་སྟེང་ནས་མི་བཟོད་པར་དོན་ལྔ་སྣོད་དྲུག་ལ་ཟུག་ནས་ཡོང་གི ད་དུང་དེ་ལས་ཀྱང་ཡིད་ལ་གཟན་ཞིང་སེམས་ཀྱིས་མི་འདོད་པ་ནི། མངོན་སུམ་གྱིས་མཇལ་མ་མྱོང་ཡང་བརྙན་འཕྲིན་ལས་རྒྱང་ཐག་རིང་བའི་ཡུལ་གྲུ་རེ་རེར་ཞབས་ཀྱིས་བཅགས་ནས་སྐྲ་སེར་མིག་ལྗང་གི་འཇིག་རྟེན་རེ་རེའི་སྟེགས་བུ་ནས་ཕྱག་ཟུང་ཐལ་མོ་སྙིང་ལ་སྦྱར་ཏེ་སློང་མོར་ཆས་ཤིང་བོད་མིའི་ཆག་འཇིགས་ལ་གཟིགས་ཏེ་ན་ཟུག་གིས་བཤུམས་པ་སོགས་མཐོང་ཡོང་ན་ངོ་མ་ཤ་མཆིན་པའི་སྟེང་འོག་བརྗེ་ཡོང་གི་མོད། འོན་ཀྱང་སེམས་ཀྱིས་ལོངས་ཀྱང་ནུས་པའི་མི་ལྕོགས་སྟབས་བསམ་ཤེས་ནས་བསམ་བློ་འཐུས་ཚང་ལྟ་བུ་ཞིག་ཆགས་ཡོད་ན་ཡང་ང་ཀྱ་ཙེ་གོམ་ཙེ་ལ་འགྲོ་བཞིན་པའི་བྱིས་པ་ལོ་ཆུང་ཞིག་དང་འདྲ་བས་གནས་ལུགས་དང་གནས་ལུགས་རྩུབ་བརྡར་གྱི་བར་ནས་སྐད་ཆ་དང་སྐད་ཆའི་ཉེ་འགྲམ་ནས་བོད་མི་ཚོར་སྙིང་གཏམ་ཞིག་བརྗོད་ཀྱི་སྨྱོན་མིང་ཐོགས་ན་འང་ཐང། གང་ལྟར་ལྷག་བསམ་དང་དུངས་པ་ཞིག་རུམ་ནས། བདེན་པ་དང་འཚོལ་སྙེག་ཅིག་གླེང་ཞོར་འཆི་སོང་ན་མི་འགྱོད་ལ་རྒས་སོང་ན་ཅི་ལ་སྐྱོན། རང་གི་ཕ་མར་སྙིང་ནས་གཅེས་པའི་མི་བུ་ཚོས་སོ་སོའི་ཕ་མའི་སར་༸རྒྱལ་བ་མཆོག་བཞག་ནས་བསམ་བློ་ཞིག་ཐོངས་དང་ད་གཟོད་༸རྒྱལ་བའི་སྐུ་ཚེགས་ཀྱིས་ཁྱེད་ལ་ཚོར་བ་གསར་བ་ཞིག་སྟེ་བཟོད་མི་ཐུབ་པའི་ན་ཟུག་ཅིག་དང་གདུང་བ་ཞིག ད་དུང་ཁྲག་དྲི་ཁ་བའི་མིག་ཆུ་གྲང་མོ་ཞིག་གིས་ཧམ་སེམས་རྒོད་པོ་ཅིག་གི་སྣེ་ན་ནམ་ཡང་བྱིན་རླབས་ལ་དངོས་གྲུབ་མེད་པའང་གསལ་པོ་བསྟན་ཡོང་། དེ་བས་ང་ཚོ་སུ་ཡིན་ཡང་༸རྒྱལ་བ་མཆོག་སྐུ་ཚེགས་ལ་མ་གཏོད་རོགས་ཞུ།

༸རྒྱལ་བའི་དགུང་གྲངས་དང་ངའི་སེམས་ཀྱི་མིག་ཆུ།

ང་བོད་པའི་ཆབ་འབངས་ཤིག་གི་ངེས་ཤེས་རྙེད་དེ་༸རྒྱལ་བའི་འཁྲུངས་སྐར་བཏང་བའི་ཉི་མ་ཐོག་མ་ནས། ངས་བསམ་བློ་ཡང་འཁོར་མྱོང་ལ་ཞིབ་འདང་ཡང་བརྒྱབས་ཡིན། ཡིན་ནའང་། འཁྲུངས་སྐབས་འདིས་ང་ལ་བདེ་སྐྱིད་ཁོ་ཐག་ཅིག་དང་སྡུག་བསྔལ་ཤ་སྟག་ཅིག་གི་ཚོར་བ་ཞིག་ཡེ་ནས་སྤྲད་མ་མྱོང། དེ་ནི་ངས་ངོ་མ་མི་ཤེས་ཀི སྐུའི་འཁྲུངས་སྐར་གྱི་ཞོགས་པ་རེ་རེར་ཚོད་ཚོད་ལ་དགའ་སྣང་ཞིག་གིས་བོད་ཆས་ཤིག་གྱོན་ནས་གསང་གསོལ་དང་༸རྒྱལ་བའི་ཞབས་བརྟན་དབྱངས་ལ་གྱེར་ཡིན། ཡང་༸རྒྱལ་བའི་ཕྱོགས་ལ་ཞིབ་འདང་ཞིག་བརྒྱབས་ན་བློ་ཡིད་ལ་སྐྱོ་སྣང་ཞིག་བབ་ཡོང་བ་ནི། དོན་གྲངས་ལ་ཟིན་པའི་དགུང་ལོ་དང་རྒས་གཉེར་ཤར་བའི་ཉམས་འགྱུར་བཙན་པོ་བོད་པ་སུ་ཞིག་གི་ཡིད་ལ་གཟན་ཞིང་སྙིང་ལ་མི་ཟུག་གམ། ༸རྒྱལ་བའི་དགུང་གྲངས་ལ་གཞིགས་ནས་མཛད་འཕྲིན་ལ་བསམ་ན་ངའི་དོན་ལྔ་སྣོད་དྲུག་ན་ཟུག་གིས་གཅུན་ནས་སེམས་ཀྱི་མིག་ཆུ་སྙིང་ཁར་ལྷུང་ཡོང་གི དེ་ལོས་ཡིན་འཁྲུངས་སྐར་མང་པོ་ཞིག་གི་གོ་རིམ་ཁྲོད་ན་ང་ཚོའི་འཇིག་རྟེན་ལ་མུན་ནག་འཐིབས་པར་བར་ཐག་ཇེ་ཉེ་དང་ཇེ་ཉེ་ཡིན་པ་དྲན་ན་བདེ་སྐྱིད་ཀྱི་ཉིན་མོ་སྡུག་བསྔལ་ཞིག་གིས་མི་བསྐྱལ་ག་མེད་ལྟ་བུ་ཞིག་ཆགས་ཡོང་གི གང་ལྟར་ང་ཚོས་སེམས་ཀྱི་ནོར་བུ _ ༸རྒྱལ་བ་མཆོག་གི་འཁྲུངས་སྐར་ལ་སྲུང་གཙི་བྱེད་ན་ལོས་ཆོག ཡིན་ནའང་། འཁྲུངས་སྐར་སྲུང་གཙི་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་སྤྱི་ཚོགས་ལ་ཧུར་ཐག་གིས་འཇུག་ཅིང་རྒྱུ་འབྲས་བློ་མིག་གསལ་བའི་ལག་ལེན་ལ་གནས་པ་ཁོ་ན་ཡིན། དེ་མིན་ང་ཚོས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་དང་ཀ་མཚོན་ཆེད་མཇལ་ཁ་ཙམ་ལ་འཚང་ཁ་ཤིག་ཤིག་གིས་བསྐྱོད་པ་ཡིན་ན་ཡང་དེ་འདྲའི་རིན་ཐང་ཞིག་མེད་པར་མཐོང་གི གང་ལགས་ཤེ་ན་༸རྒྱལ་བའི་བཀའ་དགོངས་སེམས་ཀྱིས་སྲུང་ནས་བོད་མི་ལ་རྒྱ་སྙིང་ལ་བཅངས་ན་ད་གཟོད་༸རྒྱལ་བ་མཆོག་ལ་མཇལ་བ་དང་གཅིག་མཚུངས་མ་རེད་དམ། ངོ་མ་བཤད་ན་ཁ་རྗེ་དབང་ཐང་ཅན་གྱི་བླ་མ་ཚོ་དང་མཐོ་གོ་སར་དགའ་བའི་དཔོན་པོ་ཚོ། རྒྱུ་དབང་ཐང་ཅན་གྱི་སྒེར་གཅོད་བ་ཚོས་ཀྱང་རང་ཉིད་ལ་ཚ་འདྲི་རེ་ཐོངས་དང་། ༸རྒྱལ་བ་དགུང་གྲངས་དོན་བདུན་ཡིན་པ་ལོས་ཤེས། དེ་བས་ང་ཚོ་སུ་ཡིན་ཡང་༸རྒྱལ་བ་མཆོག་སྐུ་ངལ་ལ་མ་གཏོད་རོགས་ཞུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: