འོད་དཀར་དྲ་ཚིགས་ནི་ཕྱི་ལོ་ ༢༠༠༨ ལོའི་ཟླ་མཇུག་ཞིག་ནས་འགོ་བརྩམས་པའི་བཙན་བྱོལ་ཁྲོད་ཀྱི་སྒེར་གཉེར་དྲ་ཚིགས་སྔ་ཤོས་ཤིག་ཆགས་ཡོད།  འདས་པའི་ལོ་ཟླ་འདི་དག་གི་ནང་བཙན་བྱོལ་འཚོ་བའི་འཕོ་འགྱུར་དང་མཉམ་དུ་ངེད་དྲ་ཚིགས་ལ་ཡང་དཀའ་ཚེགས་མི་ཉུང་པ་ཞིག་བྱུང་སོང་པ་ནི་ཁོར་ཡུག་ཞིག་གི་རང་ཆོས་ཀྱི་གྲུབ་དོན་ལྟར་རེད།

  འོན་ཀྱང་རྒྱ་ཆེ་བའི་ཀློག་པ་པོ་དང་ལྷག་བསམ་ཅན་དག་གི་སྐུལ་མ་དང་བོད་ཀྱི་རིག་གནས་ཀྱི་འདས་མ་ད་གསུམ་ལས་མ་འོངས་པའི་འོད་སྟོང་འབར་བའི་ལམ་ཆེན་ལ་དམིགས་ཏེ་ངེད་དྲ་ཚིགས་ཡང་བསྐྱར་ཁྱེད་ཅག་གི་མིག་མདུན་ནས་ལངས་ཡོད།  ད་དུང་འགན་ཁུར་དང་ཁ་ཕྱོགས་གཉིས་ཀྱི་དར་ཆ་གྱེན་དུ་བསྒྲེངས་བཞིན་སྔར་ལྟར་དྲང་བདེན་མི་སྲུང་བའི་སྐྱེ་བོ་དང་ཚོགས་པ་སུ་ཞིག་གི་མདུན་ནས་ ʼʼབདེན་དོན་ʼʼ ཞེས་པའི་ཚིག་འབྲུ་འདི་འདོར་མི་སྲིད་པའི་དམ་བཅའ་ཁུར་ནས་སླེབ་ཡོད། དུས་རབས་གསར་བའི་བརྡ་འཕྲིན་དང་མཉམ་དུ་སྐྱེ་བོ་མང་པོ་ཞིག་མིང་རྫུན་འོག་བཀབ་ནས་གང་བྱུང་དུ།  སྤྱི་ཚོགས་ལ་འགན་མི་ཁུར་བའི་སྣང་ཚུལ་མང་དུ་བྱུང་བཞིན་པ་འདི་ལ་ངེད་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་འདོད། གལ་སྲིད་མི་རིགས་ཀྱི་རིག་གནས་ལ་དུངས་ཞེན་ཆེ་བའི་སྐྱེ་བོ་སུ་ཞིག་ཡིན་རུང་མི་རིགས་འདིའི་ལས་དབང་དང་རིག་གནས་ཀྱི་མདུན་ནས་འགན་ཁྲིའི་ཚིག་འབྲུ་འདི་དོར་ཚེ་རང་ཉིད་ཀྱི་ཚེ་སྲོག་འདོར་བ་དང་ཁྱད་མེད་པར་འདོད་ངེས་སྙམ།  དེས་ཕྱིར་ངེད་ཚོས་སྒལ་ཚིགས་ཅེས་པའི་ཚིག་འབྲུ་བཙན་པོ་འདི་གཉིས་ཐོད་དུ་བཟུང་ནས་ཁྱེད་ཅག་གི་མིག་མདུན་ན་ལངས་ཡོད།

       སྐབས་བབ་ཀྱི་དྲ་ངོས་གསར་བཟོ་དང་མཉམ་དུ་ངེད་དྲ་ཚིགས་ནང་དུ་སྔོན་དང་མི་འདྲ་བའི་ (གྲགས་ཅན་རྩོམ་པ་པོ་) དང་། ངེད་དྲ་ཚིགས་ཀྱི་(རྐང་འཛིན་རྩོམ་པ་པོ) ཞེས་པའི་ལེ་ཚན་གཉིས་གསར་དུ་བསྣན་ཡོད།  འདི་ནི་ངེད་དྲ་ཚིགས་ཀྱིས་སྔོན་ཞིག་ནས་སེམས་སུ་ཉར་ཡོད་པའི་ལས་དོན་ཞིག་ཡིན་པར་བརྗོད་ཆོག  གཙོ་བོ་འུ་ཅག་གི་རྩོམ་པ་པོ་གྲགས་ཅན་དང་རྒན་རབས་པ་ཚོ་གཞོན་སྐྱེས་ཚོར་ངོ་སྤྲོད་དང་སྦྲགས་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་སྐུལ་འདེད་གཏོང་ཆེད་དུ་དམིགས་པ་ཞིག་ཡིན།   སྤྱིར་ན་ངེད་ཚོས་མཐོ་ས་ཞིག་ལ་བཞག་པ་ཙམ་གྱིས་ཁོང་ཚོའི་མཚན་སྙན་འཕར་འགྲོ་བ་དེ་འདྲ་མིན་ཡང་། གཙོ་བོ་མི་ཚེ་འདིར་བོད་རང་གི་སྐད་ཡིག་ལ་བསྟིམས་དང་བསྟིམ་བཞིན་པའི་རང་རེའི་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོ་ཞིག་གིས་བོད་ཀྱི་ལས་དབང་དང་སྐད་ཡིག་གི་འཕེལ་རིམ་ལ་ཐུགས་ཁུར་ཆེར་བཞེས་གནང་བའི་ལྷག་བསམ་ལ་ངེད་དྲ་ཚིགས་ཀྱིས་རྗེས་སུ་ཡི་རངས་བྱས་པའི་མཚོན་དོན་ཡིན།


            གཞན་ཡང་༡༼ བྱིས་པའི་ཤེས་བྱ༽ དང་ ༢༼ མཚར་གཏམ་༽ ༣ ༼ གཞས་ཚིག ༽ བཅས་པའི་ལེ་ཚན་གསུམ་ནི་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ལ་ཤིན་ཏུ་དགོས་གལ་ཆེ་བར་མཐོང་སོང་།  ལྷག་པར་ཁ་འཐོར་ལ་འགྲོ་བཞིན་པའི་ཁ་སང་དེ་རང་གི་བོད་མི་རིགས་འདིའི་མ་འོངས་སོན་རྩ་སྟེ་བྱིས་པ་ལོ་ཆུང་ཚོར་ཆེད་དུ་དམིགས་པ་ཞིག་ཡིན། ལེ་ཚན་འདིའི་ནང་དུ་བྱིས་སྒྲུང་དང་གབ་ཚིག་སོགས་དུས་རབས་གསར་བའི་བརྡ་འཕྲིན་དང་བསྟུན་དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཆེན་པོའི་ནང་འཐིམ་བཞིན་པའི་བོད་རིགས་བྱིས་པ་ཚོར་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་དོ་སྣང་རེ་ཨེ་བྱུང་སྙམ་པའི་རེ་བ་ཁོ་ན་ལགས་ན།   ལོ་ཆུང་བྱིས་པ་དག་དང་ལྷག་པར་ཁོང་ཚོའི་ཕ་མ་དག་གིས་ལེ་ཚན་འདི་གཉིས་ལ་ལྟ་ཀློག་དང་དོ་སྣང་ཆེ་ཙམ་གྱིས་རང་གི་སྐད་ཡིག་ལ་བག་ཆགས་རེ་འཇོག་ཨེ་ཐུབ་ལྟ་བའི་རེ་བ་ཤིན་ཏུ་ཆེ། གཞན་མ་འོངས་པའི་བོད་ཀྱི་མི་རབས་གསར་བ་དག་གིས་སྐད་ཡིག་དང་རིག་གཞུང་ལ་དགའ་མོས་ཡོང་བའི་རམ་འདེགས་ཙམ་དུ་འགྱུར་ཐུབ་པར་སྨོན།  དེ་མིན་སྤྲོ་ཚོགས་དང་གླུ་གར་ལ་དུངས་པའི་བོད་པ་ཚོར་མཚོན་ན་གཞས་ཚིག་ནི་ནམ་ཡང་སེམས་ཀྱི་བརྟེན་ས་ཉག་ཅིག་ཡིན་པས།  ༼གཞས་ཚིག་༽ ལེ་ཚན་འདི་ཡང་གླུ་གཞས་གཏོང་བར་མོས་པའི་གཞས་པ་གཞས་མ་ཚོར་སོ་སོའི་ཁམས་དང་མཐུན་པའི་གཞས་ཚིག་དག་འཚོལ་བདེ་བོ་ཡོང་ཆེད་དགོས་གལ་ཆེ་བར་མཐོང་།   ལྷག་པར་བཙན་བྱོལ་སྤྱི་ཚོགས་ནང་གི་གཞས་ཚིག་རྩོམ་པ་པོ་རྣམས་ལ་ཡང་རང་ཉིད་ཀྱི་བརྩམས་གནང་པའི་གཞས་ཚིག་བཀོད་སའི་དམིགས་བསལ་གྱི་ས་མིག་ཞིག་སྐྲུན་ཆེད་ཡང་ཡིན།


       དྲ་ཚིགས་གསར་དུ་བཟོས་པ་དང་མཉམ་དུ་ང་ཚོས་མུ་མཐུད་ནས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ ༼འཕྲུལ་དེབ་༽ གང་མང་ཞིག་ཁྱེད་ཅག་ལ་ལེགས་སྐྱེས་སུ་ཕུལ་ཡོད།

        མཐར་ངེད་འོད་དཀར་དྲ་ཚིགས་ལྟ་ཀློག་བྱེད་པའི་གདོང་དམར་བའི་མི་བུ་དག་ལ་ང་ཚོས་ནམ་ཡང་དགའ་བསུ་དང་སྦྲགས་མུ་མཐུད་ངེད་དྲ་ཚིགས་ཀྱི་བོད་སྐད་ཡིག་ལ་བཟུང་པའི་དམིགས་འབེན་དང་ལས་དོན་སྒྲུབ་ཕྱོགས་ཐད་ལ་མ་འདང་ས་ཡོད་ན། ཐད་ཀར་སོ་སོའི་དགོངས་ཚུལ་མཆན་བཀོད་པའམ་ཡང་ན་ངེད་དྲ་ཚིགས་ཀྱི་གློག་འཕྲིན་ཁ་བྱང་སྟེང་ལ་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ།

ཕྱི་ལོ་ ༢༠༡༤ ། ༠༩། ༠༨  ཉིན་འོད་དཀར་དྲ་ཚིགས་ནས།

དཔྱད་མཆན་སྤེལ།

%d bloggers like this: