གཞས་ཚིག འབའ་དུང་སྲས།

གངས་དང་ཁ་བའི་ཁྲོད་ན།།

བྱམས་པ་གླེང་ཡ་སྒུག་རོགས།།

གཡང་གི་འབྲི་མོ་དཀར་ཆུང་།།

རང་ཡུལ་ཕ་མ་འདྲ་རེད།།

ཕ་ཡུལ་རྒྱང་ཐག་རིང་ཡང་།།

ཕུ་ནུའི་བརྩེ་བ་དྲན་ཡོང་།།

ལྷ་ཤིང་བཞོ་ཟེའུ་ཁ་ལ།།

འཛུམ་ཀྱི་འཇའ་རིས་འཁྲིགས་སོང་།།

 

 

སྤང་དང་ན་ལུང་ཁུག་ན།།

བུ་མོའི་རྩེ་ཡ་དགོད་གྲོགས།།

གཡང་གི་འབྲི་མོ་དཀར་ཆུང་།།

སྤང་རིའི་མེ་ཏོག་འདྲ་རེད།།

མེ་ཏོག་རྒྱང་ན་ཡོད་ཀྱང་།།

དྲི་ཞིམ་སེམས་ལ་འཐུལ་ཡོང་།།

ལྷ་ཤིང་བཞོ་ཟེའུ་སྟེང་ལ།།

ཞིམ་མངར་འོ་སྤྲི་ཆད་སོང་།།

 

 

སྐར་ཆེན་སྐར་ཆུང་མཐའ་ན།།

སྨིན་དྲུག་འགྲོ་ཡ་འདུག་རོགས།།

གཡང་གི་འབྲི་མོ་དཀར་ཆུང་།།

གནམ་མཐའི་སྤྲིན་པ་འདྲ་རེད།།

སྤྲིན་དཀར་རྒྱང་དུ་བསྐྱོད་ཀྱང་།།

ཆར་བས་ཡིད་སེམས་བརླན་ཡོང་།།

ལྷ་ཤིང་བཞོ་ཟེའུ་ནང་ལ།།

གཡང་གི་མཚོ་མོ་འཁྱིལ་སོང་།།

གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག

དཔྱད་མཆན་སྤེལ།

%d bloggers like this: