ཀླུ་འཛུམ་ཆུང་།

མཁའ་དབྱིངས་ཀྱི་བྱ་ཁྱུ་ལྷོ་རུ་འཕུར་དུས། ངས་རྒྱང་རིང་གི་ཨ་མའི་བརྩེ་བ་དྲོན་མོ་ལྷག་ཏུ་དྲན་བྱུང་། རི་ལུང་ཐང་གསུམ་ནས་ལྗོན་ཤིང་དང་མེ་ཏོག་གི་འདབ་མ་རླུང་གིས་འཁུར་དུས། ངས་བྱམས་སྐྱོང་དང་དཀའ་སྡུག་ཡོད་ཚད་ཨ་མར་བཅོལ་པ་བསྐྱར་དུ་དྲན་བྱུང་། ཨ་མ་ལགས། མྱུར་དུ་མཇལ་བར་སྨོན།

ཡིད་ཀྱི་ཁམས་ལ་སྐྱོ་བའི་སྨག་རུམ་འཐིབས་དུས། ངས་སྐྱོ་བའི་སེམས་གཏམ་རེ་རེ་ཨ་མར་བསྙད་ན་འདོད་ཅིང་། ལས་དབང་གི་གོམ་ཁ་རེ་རེ་དཀའ་སྡུག་གི་ངལ་བས་བསྡམས་དུས། ངས་དཀའ་བའི་ལོ་ཟླ་རེ་རེ་ཨ་མའི་སྙན་དུ་སྒྲོན་ན་བསམ།  ཨ་མ་ལགས། ལྷན་འཛོམས་ཀྱི་ཉི་མར་སྒུག་ཡོད།

བདེ་སྐྱིད་ཀྱི་གཞིས་ཀར་ལྷགས་རླུང་གི་གྲང་ངར་རྒོད་དུས།ངས་ཨ་མར་སྐད་ངག་མཐོན་པོས་ངུ་འབོད་ཐེངས་གཅིག་བྱས་ཤིང་།མུན་ནག་པའི་མཚན་མོ་རེ་ལ་ང་རང་ཁེར་རྐྱང་དུ་བཞུད་དུས།དངངས་སྐྲག་གི་གཡང་ས་དེ་ནས།བདག་གི་ཚོར་བའི་དྲན་པ་དབང་མེད་དུ་བརྒྱལ་པའང་ཐེངས་གཅིག་ག་ལ་ཡིན།དེ་ལྟ་ནའང་།ངས་མགོ་བོ་མཐོན་པོར་བཏེགས་ཏེ་རང་གཅིག་པུས་གོམ་པ་འཁྱར་འཁྱོར་རེ་སྤོས་ནས་ག་ལེར་འགྲོ་བཞིན་ཡོད།

ཡང་གཅིག་བཤད་ན། ཨ་མའི་བྱམས་བརྩེ་དང་ལྷག་བསམ་གྱི་དྲོད་ཁོལ་སྙིང་དུ་འཛུམ་དུས། ཨ་མས་ང་རང་། བུ་ཆུང་ལགས། ཁྱོད་རང་རྟག་ཏུ་བདག་གི་ལག་པས་འཁྲིད་ག་ལ་ཐུབ། ལན་རེར་ང་རང་མེད་སྐབས་ཁྱེད་ཀྱིས་ཀྱང་རང་གི་སྙིང་སྟོབས་དེ་སྤོབས་པར་བཏེགས་ནས། མཐའ་ཡས་པའི་ཤེས་རིག་གི་ཞིང་ཁམས་དེར་རེ་བའི་མིག་ཟུང་གིས་རྒྱང་ལྟ་བྱ་དགོས་ཟེར།

ད་དུང་ཨ་མ་ཁྱེད་དང་བྲལ་བའང་རང་དོན་རྐྱང་རྐྱང་དུ་གྱེས་པ་ག་ལ་ཡིན། ཁྱོད་ཀྱིས་ཡ་རབས་དང་ཀུན་སྤྱོད་ཀྱི་ཕྱོགས་ལ་ལེགས་པར་བརྩོན་དང་། ཁྱོད་རང་ཨ་མ་ཁ་འབྲལ་དོན་འདི་རེད་ཅེས་སྔར་མེད་པའི་བདེ་སྐྱིད་ཅིག་ཡིད་ལ་འཁོར་ངེས་གསུངས།

ཨ་མ་ལགས། བཀའ་དྲིན་ཆེ། བདག་གིས་ཁྱེད་ཀྱི་ཞལ་གསུང་ཡིད་ལ་བཅགས་ནས། དྲན་པའི་མིག་ཟུང་དུ་བཞུར་བའི་མཆི་མ་རེ་རེ་སྙིང་ལ་བརྣག་ཡོད། ཨ་མ་ལགས། གང་ལྟར་བུ་ཆུང་ངས་ཁྱེད་ཀྱི་ཞབས་རྗེས་དང་ལྷག་བསམ་ལ་བསྔགས་བརྗོད་དང་བསྟོད་ཚིག་གི་མཆོད་ཡོན་བཤམས་ན་འདོད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading