ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།
པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ནི།(༡༩༣༨—-༡༩༨༩) མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོར་འཁྲུངས། སྔོན་གྱི་མཚན་ལ་བིས་མདོ་མགོན་པོ་ཚེ་བརྟན་ཟེར། ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཡབ་ཀྱི་མཚན་ལ་གུར་མགོན་ཚེ་བརྟན་དང་ཡུམ་གྱི་མཚན་ལ་བསོད་ནམས་སྒྲོལ་མ་ཟེར། ཁྱིམ་དུ་ད་དུང་ནུ་བོ་ཞིག་ཡོད། ༡༩༣༧ ལོའི་ཟླ༡༢པའི་ཚེས་༡
ཉིན་པཎ་ཆེན་སྐུ་ཕྲེང་དགུ་བ་མཚོ་སྔོན་ཡུལ་ཤུལ་དགོན་པར་དགོངས་པ་རྫོགས། པཎ་ཆེན་རིན་པོ་ཆེ་ཡང་སྲིད་འཚོལ་བའི་ཚོགས་ཆུང་གིས་ཡང་སྲིད་འཚོལ་འགོ་བརྩམས། མགོན་པོ་ཚེ་བརྟན་དང་བྱིས་པ་གཞན་པ་འགའི་ཁྲོད་གཟན་རྟགས་བསྒྲིལ་ཏེ། མགོན་པོ་ཚེ་བརྟན་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་འཛིན་བྱས། སྐུ་འབུམ་བྱམས་པ་གླིང་དུ་ཁྲི་གསོལ་གཟབ་རྒྱས་ཞུས། ༡༩༤༩ ལོའི་ཟླ་༦ པའི་ཚེས་༣ ཉིན་གོ་མིན་ཏང་སྲིད་གཞུང་གི་འཐུས་ཚབ་ལཱི་ཙོང་རིན་གྱིས་ཆོག་མཆན་གནང་། གསེར་བུམ་དཀྲུག་མ་དགོས་པར་པཎ་ཆེན་སྐུ་ཕྲེང་བཅུ་བར་ངོས་འཛིན་བྱས། ལོ་དེའི་ཟླ་༨ པའི་ནང་སྐུ་འབུམ་དགོན་གྱི་འཇམ་དབྱངས་ལྷ་ཁང་གི་ཆོས་རའི་མདུན་དུ་ཁྲི་གསོལ་གཟབ་རྒྱས་མཛད། ཆོས་མཚན་ལ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན། བསྡུས་ན་ཆོས་ཀྱི་རྒྱལ་མཚན།
༡༩༤༣ ལོའི་སྟོན་ཁར། དཀར་མཛེས་ཏྲེ་ཧོར་ཁང་སར་སྐྱབས་མགོན་གྱི་བུ་ཆེ་བ་ཁང་སར་བཀྲ་སྐྱིད་དང་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་མགོན་པོ་ཚེ་བརྟན(གཡོན།)། སྐུ་འབུམ་དགོན་པའི་ཚོགས་རའི་ནང་དུ་རྩེད་མོར་རོལ་བཞིན་པ། སྐབས་དེར་པཎ་ཆེན་སྐུ་ཕྲེང་བཅུ་བ་ད་དུང་ཁྲི་སར་བཀོད་མེད། ཁང་སར་ཡེ་རྡོ་རང་ཉིད་ཀྱིས་བླངས་པའི་སྐུ་པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ད་ཡོད་ཀྱི་སྐུ་པར་ཁྲོད་ཀྱི་ཆེས་སྔ་ཤོས་ཤིག་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་བ། དགུང་ལོ་༡༡ སྟེང་།
༡༩༤༩ ལོའི་ཟླ་༤ བར། གོ་མིན་ཏང་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེ་དང་མཁན་པོ་ཐའེ་བཱན་དུ་གདན་ཞུ་བྱས། མཁན་ཆེན་ཏྲེ་ཐུང་ཅི་འཇིགས་མེད་ཀྱིས་ཐག་གཅོད་གནང་དོན། ཐའེ་བཱན་དུ་མི་འགྲོ་བར་ནུབ་བྱང་དུ་བཞུགས་པ་དང་། དུས་བབ་དང་བསྟུན་ནས་བསྐྱོད་རྒྱུ་བྱས། ལོ་དེའི་ཟླ་༡༠ བའི་ཚེས་༡ ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་དྲིལ་བསྒྲགས་བྱས། མཚོ་སྔོན་འབྲོག་པའི་ས་ཁུལ་ཤང་རི་སྡེ་དགོན་དུ་བཞུགས་པའི་པཎ་ཆེན་ལ་རྟེན་བཟང་ཕུལ། དེ་རྗེས། པཎ་ཆེན་དང་མཁན་པོའི་ཚོགས་སྡེ་ཤང་རི་སྡེ་དགོན་ནས་སྐུ་འབུམ་དུ་ཕྱིར་ལོག པཎ་ཆེན་སྐུ་ཕྲེང་དགུ་བའི་ནང་ཆོས་སློབ་དཔོན་བླ་ཁོ་སྤྲུལ་སྐུ་དང་གསང་སྔགས་ཀྱི་སློབ་དཔོན་འཇམ་དབྱངས་སྤྲུལ་སྐུ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་བར་དཔེ་ཁྲིད་གནང་། ཉིན་རེའི་ཞོགས་ཉིན་དགོང་གསུམ་ལ། སློབ་ཐུན་རེའུ་མིག་ལྟར་བོད་ཡིག་སུམ་ཅུ་བ་དང་། ཡིག་གཟུགས་སྦྱངས་གནང་བ་དང་། ཆོས་འདོན་པ། ཆོས་ཚིག་བློར་འཛིན་བྱེད་དུ་བཅུག
པཎ་ཆེན་སྐུ་ཕྲེང་བཅུ་བ། དགུང་ལོ་ ༡༣ གྱི་སྟེང་།
༡༩༥༡ ལོའི་དཔྱིད་ཀར། ཀྲུང་གུང་གིས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་(བཀའ་ཤག་ས་གནས་སྲིད་གཞུང་།) དང་པཎ་ཆེན་སྐུ་ཕྲེང་བཅུ་བ་པེ་ཅིན་དུ་གདན་ཞུ་བྱས། ཟླ་༤ བའི་ཟླ་དཀྱིལ་ཙམ་དུ། པཎ་ཆེན་པེ་ཅིན་དུ་ཕེབས་སྐབས་ཞི་ཨན་དུ་ཞི་ཚའོ་ཞོན་དང་མཇལ་འཕྲད་བྱས། ཟླ་༤ བའི་ཚེས་༢༥ ཉིན། ༧གོང་ས་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་གཉིས་ལྷན་དུ་པེ་ཅིན་དུ་ཕེབས། དགོང་མོ་དེར། ཀྲིག་ཨིན་ལེ་ཡིས་སྣེ་ལེན་བྱས།
ལོ་ན་གཞོན་པའི་པཎ་ཆེན་རིན་པོ་ཆེ་དང་(གཡོན།) ༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས།