སྤུན་ཟླ་ལགས།

མཛོད་དགེ  དོན་འགྲུབ།

མི་རིགས་ཤིག་གི་བདེན་པ་དམར་ནག་ལྟོགས་གྲིར་སྐོན་པའི་སྤུན་ཟླ་ལགས།

ལྷག་བསམ་སྟོབས་ཀྱི་རུས་ཞེན་དཀར་པོ་དངོས་སུ་བཤམས་པའི་སྦྱོར་བ་འདི།

སྟག་མོ་ལུས་ཀྱི་སྦྱིན་པ་བཏང་བའི་ལོ་རྒྱུས་དེ་ཡི་ཡན་ཞིག་རེད།

གེ་སར་སྐྱེས་པའི་རྫུ་འཕྲུལ་ཐོག་པའི་ལྷ་མདའ་དེ་ཡི་ཐུ་ཞིག་རེད།

རླབས་ཆེན་སྐུ་ཡི་ངལ་དུབ་ཡོད་ཚད་ཞག་པོ་དུ་ལ་མྱོང་འདང་ཡིན།

དུད་སྤྲིན་མེད་པའི་དམག་འཁྲུག་འདི་ཀོ་དུས་ཚེས་ག་པར་རྒྱག་ཚོད་ཡིན།

ཐལ་ངག་ཞི་བོའི་བརྡ་གླུ་རིང་མོ་སུ་ཡི་བུ་གར་འབུད་རྩིས་ཡིན།

ཐུགས་དད་དྲག་པོའི་མར་མེ་སེར་པོ་ཕྱོགས་མཚམས་གང་ལ་སྦར་སེམས་ཡིན།

ཟས་ཀྱི་འཐེན་ཤུགས་ཡོངས་སུ་རྫོགས་ན་ལུས་པོ་འདི་ཡིས་མི་ལྕོགས་པས།

སྲ་ཞིང་འཐས་པའི་རྡོ་གཅལ་ཐང་ནས་སྐུ་གཟུགས་རྣམ་གསུམ་སྐྱོ་བོ་ཆགས།

ལུས་ཀྱི་རྩ་ཐག་ཁྲི་སྟོང་དག་གི་འགུལ་སྐྱོད་ཡོད་རྒུ་འགག་ལ་ཉེ།

ཞལ་ཟས་བཞེས་རོགས་བོད་ཀྱི་དྲང་བདེན་རྒྱལ་ཚོགས་ཐང་ནས་རྩོད་མཁན་ལགས།

གཡུ་རལ་སིག་པའི་གངས་སེང་དཀར་པོའི་གདུང་འཚོབ་ཁྱེད་ཅག་དཔའ་བ་ལ།

རྒྱ་སྟག་ཁྲ་བོའི་འགྱིང་སྟབས་ངོམ་པའི་ཁྱེད་ཚོའི་སྐུ་གཟུགས་བརྗིད་པ་ལ།

ཉིན་ཞག་ག་ཚོད་ཟས་སྣ་བཅད་པས་ཤ་གཞི་བག་ཏུ་སྐམ་པར་གྱུར།

གདོང་དམར་ཚང་གི་སེམས་དཔའ་ཁྱེད་ཚོ་ལྟོགས་གྲིའི་ཁ་ནས་འབབ་རོགས་ཀྱེ

མི་ཆེན་ཁོང་ཚོའི་ཤེས་རབ་སྤྱན་ཟུང་ལྟོགས་སྡུག་དྲག་པོས་ལྐོག་ཏུ་དེད།

དྲེད་པོ་ཁོང་ཚོའི་ཤ་ཟད་རུས་པ་རྩིབ་གུ་རབ་རབ་བྲང་ལ་འབྱར།

སྐྱེས་བུ་ཁོང་ཚོའི་སྐད་སྒྲ་གསོང་བོ་ལྟོགས་གྲི་ངར་མས་བརྣངས་བར་བྱས།

དཔའ་རྟུལ་ཁོང་ཚོའི་མགྲིན་ལྕེ་དམར་པོ་ལྟོགས་གྲི་དབལ་བོས་གཅོད་ལ་ཁད།

ཚོགས་དྲུག་སྣང་བ་ལ་རྒྱའི་བཀང་བའི་སྐུ་སྐྱེས་ཁྱེད་ཚོའི་མཚན་བཟང་ངོར།

ལབ་རྡོལ་བྱོ་བའི་རྩོམ་པོ་དང་བཅས་ཁ་འཁྲུག་མང་པོ་གཡེལ་རེར་བསྡད།  

ཆལ་ཆིལ་རླབས་ཀྱི་ཤག་སྒྲ་དང་བཅས་ཆུ་མོ་དེ་དག་ཧྲེང་ཧྲེང་བསྡད།

འོད་ཆེན་ཉི་མའི་བགྲོད་ཚུལ་དང་བཅས་རང་བྱུང་ཐ་དག་ཁ་རོག་བསྡད།

དབྱངས་ཀྱི་དཀྱིལ་དུ་ཙོག་པ་དང་བཅས་སྣ་གླུ་གྱ་གྱུ་དམ་སེ་བསྡད།

འཛམ་གླིང་གྲོས་ཚོགས་ཐེངས་མང་སྐོངས་ཀྱང་དེ་ན་སྐྱབས་ཤིག་མེད་ཚོད་གདའ་།

ནུབ་ཕྱོགས་གླིང་ནས་གཏུག་བཤེར་བརྒྱབ་ཀྱང་དེ་ཚོས་རོགས་འདེགས་མི་བཏུབ་འདྲ།

ཆིག་སྒྲིལ་བྲག་གི་རྡོ་བ་འདྲ་ཞིག་མི་རིགས་རང་གིས་མི་འོང་ཚེ།

རང་དབང་རྟ་ཕོའི་སྲབ་ཁ་དཀྱུ་རྒྱུ་སླ་བོ་ཞིག་གིས་འོང་ཡ་མེད།

མིའི་རིགས་ཆེན་པོས་གྲོས་ར་བསྡུས་ཀྱང་འོ་སྐོལ་རྣམས་ལ་མི་ཕན་འདྲ།

དཔལ་དང་འབྱོར་བའི་རྒྱ་མཚོ་འཕྱུར་ཀྱང་འུ་ཅག་གཏན་ནས་མི་ཉོ་འདྲ།

ལག་རྡང་ལྕགས་ཀྱི་ཨ་ལོང་བརྒྱབ་འདྲའི་ནང་བགྲོས་འབའ་ཞིག་མ་བཏུབ་ཚེ།

འཁྲུག་འཛིང་ཤོར་བའི་ས་ཆེན་རིལ་མོ་རྡོག་པས་གནོན་རྒྱུ་ཁག་པོ་རེད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s