ཡིག་ཆ་དཀར་པོས་ལམ་ལུཊ་གཉིས་ཞེས་པ་བཟོ་བཅོས།

འབྲོག་མྱི།

     རྒྱ་ནག་གི་དབུ་ཁྲིད་ཟུར་བ་ཀྲའོ་ཙི་ཡང་གི་ཆབ་སྲིད་དྲུང་ཡིག་སྐུ་ཞབས་པའོ་ཐོན་གྱིས་ཆེད་རྩོམ་སྤེལ་ནས་རྒྱ་གཞུང་གིས་བཀྲམས་པའི་ཁ་བྱང་ལ༼ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་དུ་བསྟར་ཚུལ༽ཞེས་པའི་ཡིག་ཆ་དཀར་པོར་དགག་རྒྱག་བྱས་ཡོད་པ་དང་། དེ་ཡང་ཁོང་གིས་རྩོམ་ཡིག་ནང་། རྒྱ་ནག་དེང་གཞུང་གིས་ཉེ་ཆར་ཡིག་ཆ་དཀར་པོ་ཟེར་བ་ཞིག་སྤེལ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ཧོང་ཀོང་དུ་ལག་བསྟར་བྱས་ཚུལ་བཀོད་འདུག ཡིག་ཆ་འབྲི་བ་བོས་ཡིག་ཆ་དེ་བརྒྱུད་མཚན་ཉིད་གསར་བ་ཞིག་གསར་གཏོད་བྱས་ཡོད་ལ། ཧོང་ཀོང་ལ་དབང་ཆ་ག་ཚོད་ཅིག་ཡོད་མེད་དེ་རྒྱ་ནག་དབུས་གཞུང་གིས་དབང་ཆ་ག་ཚོད་ཅིག་གནང་མིན་ལ་རག་ལས་པ་དང་། བཤད་ཚུལ་ལ་གཞིགས་ན་དེ་ལ་ཆེས་མཐོའི་རང་སྐྱོང་དང་། ཧོང་ཀོང་བས་ཧོང་ཀོང་སྐྱོང་བ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ལམ་ལུགས་དེ་ཧོང་ཀོང་དུ་ལག་བསྟར་བྱས་ཚུལ་བཅས་ལ་ཟེར།  

    གཅིག་བྱས་ན་ཡིག་ཆ་དཀར་པོ་འབྲི་མཁན་ཚོས་ཕྱི་ལོ་༡༩༨༤ལོར་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་༼རྒྱ་ནག་དང་དབྱིན་ཇིའི་ཧོང་ཀོང་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས༽ཞེས་པའི་གཏན་ལ་ཕབ་པའི་ལོ་རྒྱུས་ཡིག་ཆ་ཞིག་ཡོད་པ་ཤེས་མེད་ཀྱང་སྲིད། ལོ་རྒྱུས་ཀྱི་ཡིག་ཆ་དེའི་ནང་། ཕྱི་ལོ་༡༩༩༧ལོའི་ཟླ་༧ཚེས་༡ཉིན། ཧོང་ཀོང་དེ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་དང་སྒོས་སུ་ཧོང་ཀོང་བ་ཚོར་ཕྱི་འབྲེལ་དང་རྒྱལ་སྲུང་ལས་དོན་གཉིས་རྒྱ་ནག་དབུས་གཞུང་གི་དོ་དམ་བྱ་རྒྱུ་ལས་གཞན། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་ལ་ཆེས་མཐོའི་རང་སྐྱོང་གི་དབང་ཆ་ཡོད་ཞེས་གསལ་བསྒྲགས་དང་ཁས་ལེན་བྱས་ཡོད།

༼ཕྱི་འབྲེལ་དང་རྒྱལ་སྲུང་ལས་དོན་གཉིས་རྒྱ་ནག་དབུས་གཞུང་གི་དོ་དམ་བྱ་རྒྱུ་ལས་གཞན། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་ལ་ཆེས་མཐོའི་རང་སྐྱོང་གི་དབང་ཆ་ཡོད༽ཅེས་པ་འདི་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེའི་དང་ཐོག་གི་ནང་དོན་ཡིན་ལ་བདེན་དོན་ཡང་ཡིན། དེ་ཡིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ངོ་བོ་འཁྱོག་བརྗོད་དང་གང་འདོད་བཅོས་བསྒྱུར་མི་རུང་བ་གཏན་ཁེལ་ཡང་བྱས་ཡོད།

       འདམ་བསྐོ་ལ་མཚོན་ན་ཡང་། ཕྱི་འབྲེལ་དང་རྒྱལ་སྲུང་དཔོན་རིགས་མིན་པའི་འདམ་བསྐོ་དང་། བསྐོ་བཞག གནས་དབྱུང་སོགས་ཚང་མ་ཧོང་ཀོང་བས་ཧོང་ཀོང་སྐྱོང་ཞེས་པའི་ཁོངས་གཏོགས་ཡིན་པས། དོན་དག་དེའི་རིགས་ཧོང་ཀོང་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་རྒྱ་ནག་དབུས་གཞུང་ལ་གཞན་དབང་འཕྲོག་སྒྲུབ་ཀྱི་ཐོབ་ཐང་མེད། དྲང་མོ་དྲང་བཞག་གིས་རྩ་དོན་དེ་སྲུང་བརྩི་བྱས་ན་ད་གཟོད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ཧོང་ཀོང་དུ་ལག་བསྟར་བྱས་པར་གོ་ཆོག དེ་ལས་ལྡོག་པའི་ཁ་ཡག་ཚིག་འཇམ་དག་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་རྡོག་རོལ་དང་ཡང་ན་ཐབས་འགྱུར་རྡོག་རོལ་ཡིན་ཞེས་དང་། ཡང་ཁོང་གི་རྩོམ་ཡིག་ནང་། ཡིག་ཆ་དཀར་པོའི་གསར་གཏོད་གཞན་ཞིག་ནི། རྒྱལ་གཅེས་ཧོང་ཀོང་བས་ཧོང་ཀོང་སྐྱོང་བ་ཟེར་བ་དེ་རེད། དེ་ངོ་མ་བཟང་གི  རྒྱ་ནག་དབུས་གཞུང་གིས་སྣེ་ཁྲིད་ནས་རྒྱུན་འབྱམས་མིག་དཔེ་སྟོན་རྒྱུའི་སྨོན་འདུན་ཞུས་པ་ཡིན། རྒྱལ་ཁབ་གཙོ་འཛིན་དང་། དམག་དོན་གཙོ་འཛིན། དེ་མིན་དམར་ཤོག་ཚོགས་པའི་དབུ་ཁྲིད་འདམ་བསྐོའི་ཡིག་ཆ་ཚང་མའི་ནང་ངེས་པར་དུ་རྒྱལ་གཅེས་པའི་ཆ་རྐྱེན་ལ་འཇལ་ནས་བསྐོ་བཞག་དགོས་པ་གསལ་བཤད་གསལ་བོ་བྱེད་དགོས། དེ་ལྟར་བྱས་ན་རྒྱལ་ཁབ་གཙོ་འཛིན་གྱིས་མཐའ་མཚམས་ལ་འགྱུར་བ་བཏང་བའི་རྒྱལ་གཅེས་མིན་པའི་ཆིངས་ཡིག་ལ་མཚན་རྟགས་བཀོད་རྒྱུ་དང་། དམག་དོན་གཙོ་འཛིན་གྱིས་ལག་ན་ཁབ་ཙམ་ཡང་མེད་པའི་མང་ཚོགས་ལ་མེ་མདའ་བརྒྱབ་ཆོག་པའི་རྒྱལ་གཅེས་མིན་པའི་བཀའ་རྒྱ་གཏོང་རྒྱུར་སྔོན་འགོག་གི་ནུས་པ་ཐོན་སྲིད་ཅེས་ཟུར་ཟ་བྱས་འདུག

      གང་ལྟར། གོང་ཞུས་སྐུ་ཞབས་པའོ་ཐོན་ལགས་ཀྱི་རྩོམ་ཡིག་དེ་ལས་རྒྱ་ནག་གཞུང་གིས་ཡིག་ཆ་དཀར་པོ་ཟེར་བ་སྤེལ་ནས་ཧོང་ཀོང་གི་ཆབ་སྲིད་གནས་བབ་ལ་རིམ་གྱིས་འགྱུར་བ་གཏོང་གིན་པ་གསལ་བོ་ཤེས་ཐུབ། ཧོང་ཀོང་དེ་དབྱིན་ཇིས་རྒྱ་ནག་ལ་ཕྱིར་རྩིས་སྤྲད་ནས་ལོ་༡༧གྱི་རྗེས་སུ་ཧོང་ཀོང་གི་འདུ་ཤེས་འཛིན་སྟངས་ལ་བློ་ཡུལ་ལས་འདས་པའི་འགྱུར་བ་ཆེན་པོ་ཐེབས་ནས། ཕལ་ཆེར་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་དང་ངོ་བོ་གཡེར་མེད་དུ་གྱུར་དང་འགྱུར་གྱིན་པའི་སྐབས་འདིར། ཧོང་ཀོང་མི་མང་གིས་དངངས་སྐྲག་ཞིག་དང་མཉམ་དུ་གཞི་ནས་སྔོན་ཆད་དབྱིན་ཇིའི་བདག་སྐྱོང་སྐབས་ཀྱི་རང་དབང་དམངས་གཙོའི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོ་བ་དེའི་རིན་ཐང་ཤེས་ཡོད། རྒྱ་ནག་གི་ཧོང་ཀོང་གི་གནད་དོན་ཐད་གཏན་འབེབས་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དང་། བོད་དང་ཡུ་གུར། སོག་པོ་སོགས་མི་རིགས་ཀྱི་གནད་དོན་ལ་གཞིགས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཟེར་བ་གཉིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་གཡོག་མགོ་སྐོར་དང་མི་རིགས་དེ་དག་ལ་དབང་བསྒྱུར་བྱེད་ཐབས་ཤིག་ལས་དོན་དང་གནས་བ་ཞིག་མིན་པ་ད་ལྟ་ཀུན་པོས་གསལ་བོ་ཤེས་ཡོད།

        རྒྱ་ནག་པའི་རིག་གཞུང་དང་དམར་ཤོག་གི་འགྲོ་ལུགས་འདུག་སྟངས་ལ་རྒྱུས་མངའ་ཅུང་ཞིག་ཡོད་པའི་མི་ཞིག་ལ་མཚོན་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ནི་གཡོ་སྒྱུའི་སྲིད་ཇུས་ཞིག་ལས་ཅི་ཡང་མེད་པ་ཤེས་ཐུབ། ཡིན་ན་ཡང་། བོད་ཀྱི་གནད་དོན་དེ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྒྲོམ་གཞིའི་འོག་ཐག་གཅོད་བྱེད་དགོས་ཞེས་ལམ་སྟོན་གནང་མཁན་ཡང་ང་ཚོའི་ཁྲོད་མང་པོ་ཡོད་པས། ཧོང་ཀོང་གི་དེ་རིང་གི་གནས་སྟངས་ལ་བསམ་བློ་གཏོང་རིན་ཡོད་པར་སྙམ་ལ། ལྷག་པར་དུ་གྲོང་ཁྱེར་གཅིག་གིས་གྲུབ་པའི་ཧོང་ཀོང་དང་བོད་ཁམས་གཉིས་བསྡུར་ཐབས་མེད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s